《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ།དུས་ཡུན་འབྲིང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྱི་གནད་དོན་གལ་ཆེན་ལ་ཡང་དག་པའི་ངོས་འཛིན་དང་ཁོང་དུ་ཆུད་པར་བྱ་དགོས་ཞེས་པ་སྤེལ།
2021.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

 དེ་རིང་ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་བཟོ་བའི་ཐད་ཀྱི་ཚང་མའི་བསམ་འཆར་དང་གྲོས་གཞིར་ཉན་རྒྱུ་ཡིན། དེ་རིང་གི་བཞུགས་མོལ་ཚོགས་འདུར་ཞུགས་མཁན་གྲས་སུ་དཔལ་འབྱོར་རིག་པའི་མཁས་ཅན་ཡོད་ལ་སྤྱི་ཚོགས་རིག་པའི་མཁས་ཅན་ཡང་ཡོད།   ད་སོ་མ་ཆེད་མཁས་པ་དང་རིགས་གཅིག་མཁས་ཅན་དག་གིས་གཏམ་བཤད་ལེགས་པོ་བྱས་སོང་། ཚང་མས་རང་རང་གི་ཆེད་ལས་ཁྱབ་ཁོངས་ནས་འགོ་བརྩམས་ཏེ།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”དུས་སྐབས་ཀྱི་འཕེལ་རྒྱས་ཁོར་ཡུག་དང་། བསམ་ཕྱོགས། ལས་འགན། བྱེད་ཐབས་བཅས་ལ་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་བཏོན་པ་དང་།  ཉན་རྗེས་བློ་སྐྱེད་ཆེན་པོ་བྱུང་། ཚོགས་འདུར་ཞུགས་པའི་རིགས་གཅིག་མཁས་ཅན་གཞན་དག་གིས་ཡིག་ཐོག་ནས་གཏམ་བཤད་ཕུལ་བས། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་དང་བསྡུ་ལེན་བྱེད་རོགས། གཤམ་ནས་ངས་དུས་ཡུན་འབྲིང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་ཡང་དག་པའི་ངོས་འཛིན་དང་ཁོང་དུ་ཆུད་པ་བྱ་རྒྱུའི་སྐོར་ལ་བསམ་འཆར་འགའ་འདོན་རྒྱུ་ཡིན།

དུས་ཡུན་འབྲིང་རིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱ་རྒྱུ་ནི་རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་གྱི་བྱ་ཐབས་གལ་ཆེན་ཞིག་རེད། 1953ལོ་ནས་བཟུང་རང་རྒྱལ་གྱིས་ལོ་ལྔའི་འཆར་འགོད་ཀྱི་འཆར་འགོད་བཅུ་གསུམ་བཟོ་འགོད་དང་ལག་བསྟར་བྱས། དེའི་ནང་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་འཆར་འགོད་བརྒྱད་བཟོ་འགོད་དང་ལག་བསྟར་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། ཕྱོགས་བསྡུས་རྒྱལ་ཤུགས་མཐོར་འདེགས། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བཅས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་བ་དང་། འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཀྱི་བྱས་རྗེས་ངོ་མཚར་ཅན་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཀྱི་བྱས་རྗེས་ངོ་མཚར་ཅན་གསར་སྐྲུན་བྱས་ཡོད། དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་འཆར་འགོད་ཀྱིས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་ལ། སྲིད་གཞུང་གི་ནུས་པའང་སྔར་ལས་ལེགས་པར་འདོན་སྤེལ་བྱེད་ཐུབ་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ནི་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་།  བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པ་གཏོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔའི་འཆར་འགོད་དང་པོ་ཡིན་ལ། རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། གྲ་སྒྲིག་ཡོད་ན་བྱ་བ་ཅི་ཡང་འགྲུབ། གྲ་སྒྲིག་མེད་ན་ཅི་ཡང་འགྲུབ་མི་ཐུབ་པ་ལྟར། ང་ཚོས་རྒྱང་རིང་ལ་དམིགས་པ་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ།  སྒོ་ཕྱེ་ནས་ཇུས་འདྲི་དང་། བློ་བསྡུས་དགེ་འཚོལ། གནས་ཚུལ་གསར་པར་ཞིབ་འཇུག   འཆར་འགོད་གསར་པ་བཟོ་བ་བཅས་བྱ་དགོས།

དང་པོ།  རྩོད་སྒྲུབ་ཀྱི་བསམ་གཞིགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པར་ལྟ་སྟངས་འཛིན་དགོས།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་ལ། ངས་དེང་དུས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་ཅེས་ཐེངས་མང་བཤད་མྱོང་།    མིག་སྔར།  པྲོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོར་འགྱུར་ལྡོག་མགྱོགས་པོ་གཏོང་བ་དང་། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ཇེ་མང་དུ་འགྲོ་བ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་མིན་པ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་དེ་དཔལ་འབྱོར་གྱི་རྒྱུ་རྐྱེན་མིན་པའི་དབང་གིས་ཕོག་ཐུག་ཐེབས་པ།  རྒྱལ་སྤྱིའི་དཔལ་འབྱོར་དང་། ཚན་རྩལ། རིག་གནས། བདེ་འཇགས། ཆབ་སྲིད་སོགས་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་བྱུང་ནས་འཛམ་གླིང་འདི་ཉིད་ཟང་ཟིང་གི་དུས་སུ་སླེབས་ཡོད།  སླད་ཕྱིན་གྱི་དུས་སྐབས་ཤིག་ལ། ང་ཚོས་འགྱུར་ལྡོག་ཆེ་བའི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་སྔར་ལས་མང་པོར་གདོང་གཏོད་དགོས་ན། ངེས་པར་དུ་ཉེན་ཁ་དང་འགྲན་སློང་གསར་པ་རབ་དང་རིམ་པར་ཁ་གཏད་འཇལ་རྒྱུའི་གྲ་སྒྲིག་ལེགས་པོ་བྱ་དགོས།

རྒྱལ་ནང་གི་འཕེལ་རྒྱས་ཁོར་ཡུག་ལའང་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད། རང་རྒྱལ་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་ཡོད་པ་དང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་བར་གྱི་འགལ་བར་གྱུར་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་1ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་60%ལས་བརྒལ་བ། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་དུང་ཕྱུར་4ལས་བརྒལ་བ། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་ཟམ་མི་ཆད་པར་ཇེ་མཐོར་སོང་ཡོད།  རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་ཆེ་བ་དང་། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཕྱིན་པ། དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བ། དངོས་པོའི་རྨང་གཞི་ལེགས་པ། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ། ཁྲོམ་རའི་བར་སྟོང་ཡངས་པ། འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེ་བ། སྤྱི་ཚོགས་ཆེ་ཕྱོགས་བརྟན་འཇགས་ཡིན་པས། མུ་མཐུད་དུ་འཕེལ་རྒྱས་གཏོང་བར་ཕྱོགས་མང་པོའི་ཐད་ཀྱི་དགེ་མཚན་དང་ཆ་རྐྱེན་ལྡན་ཡོད། དུས་མཚུངས་སུ། རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། གསར་གཏོད་ནུས་ཤུགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམ་པ། ཞིང་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མིན་པ། གྲོང་ཁྱེར་དང་ཞིང་སྡེའི་ས་ཁོངས་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་བར་ཁྱད་ཅུང་ཆེ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ལ་རྒྱང་ཐག་རིང་བ་དང་། དམངས་ཚིས་འགན་སྲུང་གི་ཞན་ཆ་གནས་པ། སྤྱི་ཚོགས་བཅོས་སྐྱོང་ལ་ད་དུང་ཞན་ཆ་ཡོད་པ་བཅས་རེད།

མདོར་ན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཞུགས་རྗེས། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་ལས་གོ་སྐབས་གསར་པ་རབ་དང་རིམ་པ་འཁྱེར་ཡོང་ཡོད་ལ། འགྲན་སློང་གསར་པ་རབ་དང་རིམ་པའང་འཁྱེར་ཡོང་ཡོད། དེ་ནི་ཉེན་ཁ་མཉམ་གནས་དང་།  ཉེན་ཁའི་ཁྲོད་དུ་གོ་སྐབས་ལྡན་པ།  ཉེན་ཁ་གོ་སྐབས་སུ་བསྒྱུར་ཆོག་པ་བཅས་རེད། ང་ཚོས་རྩོད་སྒྲུབ་ཀྱི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཆེན་པོར་ངོས་འཛིན་དང་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་གི་འཕོ་འགྱུར་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འཕེལ་རྒྱས་དང་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ་བྱས་ནས། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་ཐུབ་པ་དང་། ཚན་རིག་དང་མཐུན་པར་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་གཏོང་བ།  ཐོ་གཡོར་རླུང་གཤགས་ཕོད་པ། ཉེན་ཁ་གོ་སྐབས་སུ་སྒྱུར་མཁས་པོ་བཅས་བྱས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ།  དེ་བས་གཞུང་དྲང་།  དེ་བས་རྒྱུན་མཐུད་ཐུབ་པ། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་དགོས།

གཉིས་པ། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་བདེ་བླག་ཡོང་བ་གཙོ་བོར་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། ད་ལོའི་ཚུན་ལ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་སྤེལ་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས་ཞེས་ངས་ཐེངས་མང་བཤད་མྱོང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དེ་ནི་རང་རྒྱལ་གྱི་འཕེལ་རྒྱས་དུས་མཚམས་དང་། ཁོར་ཡུག  ཆ་རྐྱེན་བཅས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་བཏོན་པ་ཞིག་དང་རང་རྒྱལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་བསྐྱར་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད།  ཉེ་བའི་ལོ་འགར།  ཕྱིའི་ཁོར་ཡུག་དང་རང་རྒྱལ་གྱི་འཕེལ་རྒྱས་ལ་ཡོད་པའི་རྒྱུ་རྐྱེན་གཙོ་བོའི་རང་སྤུས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། ཚོང་ར་དང་ཐོན་ཁུངས་གཉིས་ཀ་ཕྱི་ཕྱོགས་སུ་གནས་པའི་རྒྱལ་སྤྱིའི་འཁོར་སྐྱོད་ཆེན་པོའི་འགུལ་ནུས་མངོན་གསལ་སྒོས་ཇེ་ཞན་དུ་ཕྱིན་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་ནང་མཁོའི་སྦས་ཤུགས་རྒྱུན་ཆད་མེད་པར་མངོན་བཞིན་ཡོད་པ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་གསོན་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། ཕྱི་རོལ་ཡུལ་གྱི་ཐོག་ནས་གཅིག་རྒུད་གཅིག་དར་གྱི་རྣམ་པ་གནས་ཡོད། ཕྱི་རོལ་ཡུལ་གྱི་སྣང་ཚུལ་འདིར་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་གྲོས་བསྡུར་ཧ་ཅང་མང་པོ་བྱས་ཡོད་པས།  མུ་མཐུད་དུ་ཞིབ་འཇུག་གཏིང་ཟབ་བྱ་ཆོག་པ་མ་ཟད།  ལྟ་བ་ཡང་དག་ཀྱང་བཏོན་ཆོག

2008ལོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་བྱུང་བ་ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་དེ་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པའི་ཕྱོགས་སུ་འཕོ་འགྱུར་འབྱུང་བཞིན་ཡོད་པ་དང་། རྒྱུན་ལྡན་གྱི་ལས་གཞིའི་གཏོང་མང་ཡོང་ཉུང་གི་བར་ཁྱད་དང་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་བསྡོམས་འབོར་བར་གྱི་བསྡུར་ཚད་དེ་2007ལོའི་བརྒྱ་ཆའི9.9ནས་ད་ལྟའི་བརྒྱ་ཆའི1བར་མར་ཆག་པ་དང་། རྒྱལ་ནང་གི་དགོས་མཁོ་དེས་དཔལ་འབྱོར་འཕར་སྣོན་འབྱུང་བར་ལེགས་སྐྱེས་འབུལ་ཚད་དེ་ལོ7ནང་བརྒྱ་ཆའི100ལས་བརྒལ་ཡོད། མ་འོངས་པའི་དུས་སྐབས་ཤིག་གི་ནང་། རྒྱལ་ནང་གི་ཁྲོམ་རས་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་ལ་གཙོ་ཁྲིད་བྱེད་པའི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པོ་ཡིན་པ་དང་། དཔལ་འབྱོར་འཕར་སྣོན་འབྱུང་བའི་ནང་མཁོའི་སྦས་ཤུགས་རྒྱུན་ཆད་མེད་པར་འདོན་ངེས་རེད། ང་ཚོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་འཐབ་ཇུས་ཀྱི་ཁ་ཕྱོགས་འདི་རྒྱུན་འཁྱོངས་དང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་རྩ་འདི་དམ་འཛིན་བྱས་ཏེ། ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་རྒྱལ་ནང་གི་ཁྲོམ་རར་སྔར་ལས་མང་པོ་བརྟེན་དུ་འཇུག་པ་དང་། མཁོ་སྤྲོད་མ་ལག་གིས་རྒྱལ་ནང་གི་དགོས་མཁོ་དང་འཚམ་པར་བྱེད་པའི་རང་བཞིན་ཆེ་རུ་གཏོང་བ། དགོས་མཁོ་ཡིས་མཁོ་སྤྲོད་ལ་སྣེ་ཁྲིད་དང་། མཁོ་སྤྲོད་ཀྱིས་དགོས་མཁོ་གསར་གཏོད་བྱེད་པའི་ཆུ་ཚད་སྔར་ལས་མཐོ་བའི་འགུལ་རྣམ་དོ་མཉམ་ཡོང་བར་བྱ་དགོས།

འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནི་བཀག་སྡོམ་གྱི་རྒྱལ་ནང་འཁོར་རྒྱུག་ཞིག་གཏན་ནས་མིན་པར་སྒོ་འབྱེད་ཀྱི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཡིན་པ་རེད། འཛམ་གླིང་གི་དཔལ་འབྱོར་ཁྲོད་རང་རྒྱལ་གྱི་གོ་གནས་བསྟུད་མར་འཕར་བ་དང་། འཛམ་གླིང་གི་དཔལ་འབྱོར་དང་འབྲེལ་བ་སྔར་ལས་དམ་ཟབ་ཏུ་འགྲོ་བ། རྒྱལ་ཁབ་གཞན་དག་ལ་ཁྲོམ་རའི་གོ་སྐབས་མཁོ་འདོན་བྱེད་ཚད་སྔར་ལས་ཆེ་རུ་འགྲོ་བ་ཡིན་པས། རྒྱལ་སྤྱིའི་ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་འགུགས་ཐབས་བྱེད་པའི་ནུས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད།

གསུམ་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་འཕེལ་བར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་དགོས་ན། ངེས་པར་དུ་གསར་གཏོད་ཀྱིས་སྐུལ་འདེད་བྱེད་པའི་མི་མངོན་པའི་འཕར་ཚད་མངོན་འགྱུར་བྱ་དགོས། ང་ཚོས་རང་བརྟེན་གསར་གཏོད་ནུས་ཤུགས་སྔར་ལས་ཆེ་རུ་བཏང་ནས་མགྱོགས་མྱུར་ངང་འགག་རྩའི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་བྱ་དགོས། འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་ལ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་ཆགས་པར་བྱེད་པའི་འགག་རྩའང་ཡིན་པ་རེད།

ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་ཐུབ་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་གྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་དགོས། རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་ར་དང་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་ལ་བརྟེན་ནས། ལག་རྩལ་གསར་པ་མགྱོགས་མྱུར་ངང་བེད་སྤྱོད་དང་རིམ་སྤོར་ལ་ཕན་པའི་དམིགས་བསལ་གྱི་དགེ་མཚན་གསར་སྐྲུན་བྱེད་པ་དང་། ཚན་རྩལ་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་སྦྲེལ་ཐག་གི་ཆུ་ཚད་ཇེ་མཐོར་གཏོང་བ། ཐོན་ལས་སྦྲེལ་ཐག་གི་བདེ་འཇགས་སྲུང་སྐྱོབ་བཅས་བྱེད་དགོས། ལག་རྩལ་གསར་གཏོད་ཁྲོད་ཀྱི་ཁེ་ལས་ཀྱི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱས་ཏེ། ཁེ་ལས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་འདུས་གྲུབ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་སྟོབས་ཤུགས་གསར་པ་ཞིག་ཏུ་འགྱུར་བར་བྱས་ནས། ཚན་རྩལ་དང་། སློབ་གསོ། ཐོན་ལས། དངུལ་རྩ་བཅས་མཉམ་འདྲེས་དམ་ཟབ་བྱེད་པའི་གསར་སྐྲུན་མ་ལག་ཅིག་གཏོད་དགོས། རྨང་གཞིའི་ཞིབ་འཇུག་ནི་གསར་གཏོད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པས། ང་ཚོས་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་།  ཡུན་རིང་རྒྱུན་འཁྱོངས་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བྱས་ཏེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།  རྒྱལ་སྤྱིའི་ཐོག་གི་ཤེས་ལྡན་མི་སྣ་དང་ཚན་རིག་ཞིབ་འཇུག་ཚོགས་པ་རྩེ་གྲ་ཤུགས་ཆེན་པོས་གསོ་སྐྱོང་དང་ནང་འདྲེན་བྱེད་པ་དང་། ཚན་རིག་ཞིབ་འཇུག་སྡེ་ཚན་བཅོས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་ཞིབ་འཇུག་མི་སྣའི་བརྩོན་སེམས་སྐུལ་སློང་གང་ཐུབ་བཅས་བྱས་ནས་ཚན་རྩལ་གྱི་ཐོན་སྐྱེད་ལས་ཆོད་ཆེ་རུ་གཏོང་དགོས། སྒོ་འབྱེད་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།

བཞི་པ།  བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་སྐུལ་སློང་བྱ་དགོས།  བཅོས་སྒྱུར་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བའི་འགག་རྩ་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་རྩ་བའི་སྒུལ་ཤུགས་ཀྱང་ཡིན། རང་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཡོད།  སྤྱི་ཚོགས་ནི་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པས།  སྤྱི་ཚོགས་ཀྱི་འབྲེལ་བ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྙོམ་སྒྲིག་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་ཡང་ཟམ་མི་ཆད་པར་འཐུས་ཚང་དུ་གྱུར་ཚེ། ད་གཟོད་རྒྱུན་ཆད་མེད་པར་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བའི་བླང་བྱ་དང་བསྟུན་ཐུབ།

རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་དང་ཆབས་ཅིག  བཅོས་སྒྱུར་ལ་ཡང་ལས་འགན་གསར་པ་འཕྲད་ཡོད་པས་ངེས་པར་དུ་བློ་སྟོབས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་མང་བ་སྤྱད་དེ་གཏིང་ཟབ་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགོག་རྐྱེན་མེད་པར་བཟོས་ནས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ང་ཚོས་གསར་གཏོད་ཡང་དག་དང་གསར་འབྱེད་གསར་གཏོད་བྱས་ཏེ་སྤོབས་པ་ཆེན་པོས་རང་ཉིད་ཀྱི་མ་འོངས་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཏེ། ཡུན་རིང་བརྟན་བརླིང་དང་སྔོན་དཔག་ཐུབ་པའི་ལམ་ལུགས་ཀྱི་ཁོར་ཡུག་བསྐྲུན་དགོས། རྒྱུ་ནོར་བདག་དབང་དང་ཤེས་བྱའི་ཐོན་དབང་ སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན། འགྲན་རྩོད་དྲང་གཞག་ལམ་ལུགས་འཐུས་ཚང་དུ་གཏོང་བ།  ཁྲོམ་རའི་གྲུབ་ཆ་གཙོ་བོ་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སློང་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་ཕན་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡོད་ཚད་འདོན་སྤེལ་གང་ལེགས་བྱ་དགོས།

ལྔ་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་བསྐྲུན་དགོས། མིག་སྔར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་མདུན་ལྗོངས་ལ་སེམས་ཁྲལ་མང་པོ་བྱེད་བཞིན་ཡོད། ང་ཚོས་བལྟས་ན། རྒྱལ་སྤྱིའི་དཔལ་འབྱོར་འབྲེལ་མཐུད་དང་འགྲོ་འོང་ནི་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཡིན་ཞིང་།  རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གལ་ཆེན་ཞིག་ནི་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་དེ་རེད། ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་ནི་གཞི་རྩའི་རྒྱལ་ཇུས་ཡིན་པས། ང་ཚོས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་ཆགས་པར་བྱ་དགོས། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་བཅོས་སྒྱུར་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་ནས་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱ་དགོས།

མིག་སྔར་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་སྐབས་དོ་སྣང་བྱ་དགོས་པ་གཉིས་ཡོད་པ་སྟེ། གཅིག་ནི་ང་ཚོ་དང་མཉམ་ལས་བྱེད་འདོད་ཡོད་པའི་ཨ་རིའི་ཁུལ་དང་ས་གནས། ཁེ་ལས་བཅས་ཚུད་པའི་རྒྱལ་ཁབ་དང་། ས་གནས། ཁེ་ལས་བཅས་ཡིན་ཕྱིན། ང་ཚོས་མཉམ་ལས་ལེགས་པོ་བྱས་ཏེ། ཕྱོགས་ཡོངས་དང་རིམ་པ་མང་བ། སྣེ་མང་ཅན་བཅས་ཀྱི་སྒོ་འབྱེད་མཉམ་ལས་ཀྱི་རྣམ་པ་ཆགས་པར་བྱ་དགོས། གཉིས་ནི་སྒོ་འབྱེད་ཇི་ཙམ་བྱས་ན་དེ་ཙམ་གྱིས་བདེ་འཇགས་ལ་མཐོང་ཆེན་བྱེད་དགོས་པ་དང་། དེ་ཙམ་གྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་རང་ངོས་ཀྱི་འགྲན་རྩོད་ནུས་པ་དང་། སྒོ་འབྱེད་ལྟ་སྐུལ་དོ་དམ་ནུས་པ། ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་པ་བཅས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ།  རྡོ་རྗེ་ཕ་ལམ་ལྟ་བུའི་སྲ་མཁྲེགས་ཀྱི་ནུས་པ་ལྡན་པར་བྱ་དགོས།

དྲུག་པ།  མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། འཕེལ་རྒྱས་བྱུང་བའི་རྗེས་ཀྱི་གནད་དོན་དེ་འཕེལ་རྒྱས་མི་བྱུང་བ་ལས་ཉུང་མི་རུང་བ་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད། རང་རྒྱལ་གྱི་སྤྱི་ཚོགས་གྲུབ་ཚུལ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་ཅིང་། དྲ་སྦྲེལ་གྱིས་མིའི་རིགས་ཀྱི་འབྲེལ་འདྲིས་བྱེད་སྟངས་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད་པས།  སྤྱི་ཚོགས་ཀྱི་འདུ་ཤེས་དང་། སྤྱི་ཚོགས་ཀྱི་བསམ་བློ། སྤྱི་ཚོགས་ཀྱི་བྱ་སྤྱོད་བཅས་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”དུས་སྐབས་སུ་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་། སྤྱི་ཚོགས་ཀྱི་འབྲེལ་བ། སྤྱི་ཚོགས་ཀྱི་བྱ་སྤྱོད་བྱེད་སྟངས། སྤྱི་ཚོགས་ཀྱི་སེམས་ཁམས་སོགས་ཀྱི་འགྱུར་ལྡོག་ཟབ་མོ་དང་ཇི་ལྟར་འཚམ་པར་བྱེད་པ་དང་།  དེ་བས་མང་བ་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་དང་། ཁྱོན་ཡོངས་ལ་ཁྱབ་པ་དང་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་ཉེན་ཚབ་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་དང་རིམས་ནད་ཚོད་འཛིན་མ་ལག་ལ་ཤུགས་སྣོན་རྒྱག་པ། མི་གྲངས་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་འགལ་བ་སེལ་བ། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱེད་པ་བཅས་ཚང་མར་ཞིབ་འཇུག་ནན་ཏན་བྱ་དགོས་པ་མ་ཟད་ལས་ཀའི་བཀོད་སྒྲིག་ཀྱང་བྱ་དགོས།

དེང་རབས་ཅན་གྱི་སྤྱི་ཚོགས་ཤིག་ལ་ཆ་མཚོན་ན། སྐྱེ་སྟོབས་ཀྱིས་ཁེངས་ལ་སྒྲིག་ལམ་བཟང་པོ་ཞིག་ཀྱང་ཡོད་དགོས་པ་དང་། གསོན་ཤུགས་དང་སྒྲིག་ལམ་གཅིག་གྱུར་དམ་ཚགས་ཡོང་བ་བྱ་དགོས། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྲིད་གཞུང་གི་བཅོས་སྐྱོང་དེ་སྤྱི་ཚོགས་ཀྱི་སྙོམས་སྒྲིག་དང་སྡོད་དམངས་རང་སྐྱོང་དང་མཉམ་འགུལ་བཟང་པོ་ཡོང་བ་བྱས་ནས་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་རང་འགན་འཁུར་བ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་སྒྲིག་གཞི་ཞིག་བསྐྲུན་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་སྤྱི་ཚོགས་ཀྱི་གྲུབ་ཆ་ཚང་མ་བདེ་ཐང་སྐྱོན་བྲལ་ཡོང་བ་དང་། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ། འཆམ་མཐུན་བརྟན་བརླིང་གཞི་རིམ་དུ་གཏོད་པ་བཅས་བྱེད་དགོས།  སྤྱི་ཚོགས་ཀྱི་ འདྲ་མཉམ་དྲང་བདེན་སྲུང་སྐྱོབ་བྱེད་པར་སྔར་བས་མཐོང་ཆེན་བྱས་ཏེ། མི་ཁྱོན་ཡོངས་ནས་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།

གོང་དུ་ངས་གནད་དོན་འགའ་ཤས་གཙོ་གནད་དུ་བཟུང་ནས་བཤད་པ་ཡིན་ལ། དེ་བཞིན་དུས་ཡུན་འབྲིང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་གཞན་དག་ལ་ཚང་མས་བསམ་གཞིགས་གཏིང་ཟབ་བྱས་ནས་ཞིབ་འཇུག་གི་གྲུབ་འབྲས་སྔར་ལས་ཆེ་བ་འཐོབ་པར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

2015ལོའི་ཟླ11ཚེས23ཉིན། ངས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བརྒྱད་པར་གཙོ་སྐྱོང་གནང་སྐབས་ཆེད་དུ་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ཞིབ་འཇུག་ཐད་གཏམ་བཤད་གནང་བ་ཡིན་ལ།   ཉེ་ཆར《བདེན་འཚོལ》དུས་དེབ་ཐོག་གསུང་བཤད་དེ་སྤེལ་ཡོད། ཨེན་ཀེ་སིས་འབྱོར་མེད་གྲལ་རིམ་སྲིད་ཏང་གི་“རིགས་པའི་གཞུང་ལུགས་ཡོངས་ཚད་ཆབ་སྲིད་དཔལ་འབྱོར་རིག་པར་ཞིབ་འཇུག་བྱས་པ་ལས་བྱུང་བ་རེད་”ཅེས་གསུངས་ཡོད། ལེ་ཉིན་གྱིས་ཆབ་སྲིད་དཔལ་འབྱོར་རིག་པ་དེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི“ཆེས་གཏིང་ཟབ་པ་དང་། ཆེས་ཆ་ཚང་བ། ཆེས་ཞིབ་ཕྲ་ལྡན་པ་བཅས་ཀྱི་བདེན་དཔང་དང་བེད་སྤྱོད་བྱེད་པར་”བརྩི་བཞིན་ཡོད། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་བརྟག་ཐབས་སྨྲ་བར་བརྟེན་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།

རིགས་པའི་གཞུང་ལུགས་ནི་ལག་ལེན་ལས་བྱུང་བ་ཡིན་ཞིང་། ལག་ལེན་ལ་མཛུབ་སྟོན་བྱེད་པར་ཡང་སྤྱོད་ཀྱི་ཡོད། བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ། ང་ཚོས་དུས་ཐོག་ཏུ་གསོན་ཉམས་ལྡན་པའི་ལག་ལེན་གསར་པར་ཕྱོགས་བསྡོམས་དང་། རྒྱུན་ཆད་མེད་པར་རིགས་གཞུང་གསར་སྐྲུན་ལ་སྐུལ་སྤེལ་བཏང་སྟེ།  འཕེལ་རྒྱས་ཀྱི་འདུ་ཤེས་དང་དབང་བའི་ལམ་ལུགས། བགོ་བཤའི་སྒྲིག་གཞི། སྲིད་གཞུང་གི་འགན་ནུས།  ཁྲོམ་རའི་རྐྱེན་སྲོལ། སྤྱི་ཁོག་སྙོམས་སྒྲིག ཐོན་ལས་གྲུབ་ཚུལ། ཁེ་ལས་བཅོས་སྐྱོང་གྲུབ་ཚུལ།  དམངས་ཚིས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་སོགས་གནད་དོན་གལ་ཆེན་ཐད་ཆོད་གཏམ་གལ་ཆེན་མང་པོ་བཏོན་ཡོད། དཔེར་ན། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་སྐོར་གྱི་རིགས་པའི་གཞུང་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྐོར་གྱི་རིགས་པའི་གཞུང་ལུགས། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་སྐོར་གྱི་གཞུང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱ་རྒྱུའི་སྐོར་གྱི་རིགས་པའི་གཞུང་ལུགས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་སྐོར་གྱི་རིགས་པའི་གཞུང་ལུགས། བཟོ་ལས་ཅན། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་དུ་འཕེལ་རྒྱས་གཏོང་བ་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྐོར་གྱི་རིགས་པའི་གཞུང་ལུགས། ཞིང་པས་འགན་གཙང་ལེན་བྱས་པའི་ས་ཞིང་ལ་བདག་དབང་དང་། འགན་གཙང་ལེན་དབང་ཆ། བདག་གཉེར་དབང་ཆ་བཅས་ཀྱི་ངོ་བོ་ལྡན་པའི་སྐོར་གྱི་རིགས་པའི་གཞུང་ལུགས། རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་ལེགས་པོ་བྱ་རྒྱུའི་སྐོར་གྱི་རིགས་པའི་གཞུང་ལུགས་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་ཅིང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་གཏོང་སྟངས་གསར་པ་གང་མགྱོགས་ངང་ཆགས་པར་བྱ་རྒྱུའི་སྐོར་གྱི་རིགས་པའི་གཞུང་ལུགས། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྐུལ་སྤེལ་བཏང་ནས་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་རིམ་བཞིན་མངོན་འགྱུར་བྱ་རྒྱུའི་སྐོར་གྱི་རིགས་པའི་གཞུང་ལུགས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུའི་སྐོར་གྱི་རིགས་པའི་གཞུང་ལུགས་སོགས་རེད།  རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དེ་དག་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་ལ་ཁྲིད་སྟོན་ནུས་ལྡན་བྱས་པ་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ཁྱབ་ཁོངས་གསར་པ་ཡང་བཏོད་པ་རེད།

དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ནི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་སྒུལ་ཤུགས་ཡིན། མར་ཁེ་སི་དང་། ཨེན་ཀེ་སི། ལེ་ཉིན་སོགས་ཚང་མས་དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་བསམ་གཞིགས་དང་ལན་བཏབ་ནས་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གནང་བ་རེད། ད་ལྟ་རྦ་རླབས་དྲག་ཏུ་འཕྱུར་བའི་འཛམ་གླིང་དཔལ་འབྱོར་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་དུ་རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་ཆེན་པོ་འདིར་ཁ་ལོ་བསྒྱུར་ཐུབ་མིན་ནི་ང་ཚོའི་ཏང་གི་ཉམས་སད་ཆེན་པོ་ཞིག་རེད། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ཀྱི་མདུན་དང་། དཔལ་འབྱོར་གྱི་སྣང་ཚུལ་འདྲ་མིན་སྣ་ཚོགས་ཀྱི་མདུན་དུ། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གཞི་རྩའི་རྩ་བའི་རིག་པ་དང་བརྟག་ཐབས་སྨྲ་བར་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་ནི་ང་ཚོས་ཚན་རིག་དང་མཐུན་པའི་དཔལ་འབྱོར་དབྱེ་ཞིབ་བྱེད་ཐབས་ཁོང་དུ་ཆུད་པ་དང་། དཔལ་འབྱོར་ལས་འགུལ་གྱི་བརྒྱུད་རིམ་ཤེས་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཁ་ལོ་སྒྱུར་ནུས་ཇེ་ཆེར་གཏོང་བ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་ཡང་དག་པས་ལན་འདེབས་པ་བཅས་ལ་ཕན་ཐོགས་ཡོད། དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ཕུན་སུམ་ཚོགས་པོ་ནི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ལ་ཞིབ་འཇུག་བྱེད་པའི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པ་ཡིན་ཞིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་སུ་རིགས་པའི་གཞུང་ལུགས་ཀྱི་བྱ་བ་སྒྲུབ་མཁན་ཧ་ཅང་མང་པོ་ཡོད། འདིར་ངས་ལྷན་རྒྱས་ལ་རེ་བ་འགའ་འདོན་རྒྱུ་ཡིན། གཅིག་ནི་རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཟུང་སྟེ། ཀྲུང་གོའི་ལག་ལེན་དངོས་ཀྱི་ཁྲོད་ནས་ཐོན་པ་དང་ཀྲུང་གོའི་ལག་ལེན་དངོས་ཀྱི་ཁྲོད་ཞུགས་པ།  དཔྱད་རྩོམ་མེས་རྒྱལ་གྱི་ས་གཞི་ཆེན་པོའི་སྟེང་བྲིས་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གསར་གཏོད་བྱ་རྒྱུ་དེ་ཀྲུང་གོའི་དོན་དངོས་དང་མཐུན་ཞིང་ཀྲུང་གོའི་ཁྱད་ཆོས་ལྡན་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་དང་སྤྱི་ཚོགས་རིག་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས། གཉིས་ནི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གནས་ཚུལ་དངོས་རྟོག་ཞིབ་དང་། བྱ་ཐབས་དངོས་འདོན་པ། གནས་ཚུལ་དངོས་མཚོན་གང་ཐུབ་བཅས་བྱས་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གསར་གཏོད་བྱེད་པར་གཞི་འཛིན་ས་དང་ཁུངས་ལུང་ཡོད་པ་དང་། ཚུལ་མཐུན་ལུགས་མཐུན་ཡོང་བར་བྱ་དགོས། གསུམ་ནི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་བྱེད་པ་དང་།  སྣང་ཚུལ་བརྒྱུད་ནས་ངོ་བོར་ལྟ་བ་དང་། དུས་ཐུང་གི་འཕར་ཆག་ཁྲོད་ནས་ཡུན་རིང་གི་འཕེལ་ཕྱོགས་འཚོལ་ཞིབ་བྱས་ཏེ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གསར་གཏོད་ཁྲོད་སྔོན་ཐོན་རང་བཞིན་དང་ཚན་རིག་རང་བཞིན་གང་ལེགས་སྒོས་མཚོན་པར་བྱ་དགོས།  བཞི་ནི་རྒྱལ་སྤྱིའི་མཐོང་རྒྱ་བཙུགས་ཏེ་ཀྲུང་གོ་དང་འཛམ་གླིང་གི་འབྲེལ་གཏུག་བརྗེ་རེས་ཁྲོད་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་ཞིབ་འཇུག་བྱ་གཞིར་དཔྱད་བསྡུར་བྱས་ནས་མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་ཚོགས་པ་གཏོད་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་འབུལ་དགོས།

                                                                                                                         ཡིག་སྒྱུར་བ། སྒྲོལ་མ་སྐྱིད།