《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་དགོས་ཞེས་པ་སྤེལ།
2021.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

 དེ་རིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་ལྔ་བ་སྤེལ་ཞིང་།  ནང་དོན་ནི་རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི《གྲོས་གཞིའི》ནང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་བླང་བྱ་གསལ་བོར་བཏོན་ཡོད། ཐེངས་འདིའི་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་གྱི་གནས་བབ་དང་ལས་འགན་ལ་ངོས་འཛིན་གསལ་པོ་དང་། གྲུབ་འབྲས་ཕྱོགས་བསྡོམས། མི་འདང་ས་འཚོལ་ཞིབ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་བ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་འགན་ལེན་ནུས་ལྡན་བྱ་རྒྱུ་དེ་རེད།

གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན་ལ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ་ནི་གསར་གཏོད་སྲུང་སྐྱོབ་བྱེད་པ་དེ་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་སྔར་ལས་ལྷག་པར་སྐུལ་འདེད་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་འབྲེལ་བ་ཡོད་པས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ནན་མོ་བྱས་ཚེ། གཞི་ནས་དེང་རབས་ཀྱི་ཐོན་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་སྲིད་གཞུང་གི་ནུས་པ་དེ་བས་འདོན་སྤེལ་ལེགས་པོ་བྱེད་ཐུབ།  ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ནན་མོ་བྱས་ནས་ཁེ་དབང་ལ་བཙན་གནོད་དང་རྫུན་བཟོ་བྱས་པའི་ཚོང་རའི་གྲུབ་ཆ་གཙོ་བོ་དང་ཁྲིམས་འགལ་མི་སྣར་ཁྲིམས་ལྟར་རྡུང་རྡེག་དྲག་པོ་བཏང་ཚེ། གཞི་ནས་མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོར་འདེགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་དེ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དང་འབྲེལ་བ་ཡོད་པས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ནན་མོ་དང་། འཛད་སྤྱོད་ཚོང་ར་གཙང་བཟོ། རྒྱ་ཆེའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅས་བྱས་ན། ད་གཟོད་མི་དམངས་མང་ཚོགས་ལ་ཉོ་དུས་བློ་བདེ་བ་དང་། ཟ་དུས་བློ་བདེ་བ། སྤྱོད་དུས་བློ་བདེ་བ་བཅས་བྱ་ཐུབ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་དེ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ནན་མོ་བྱས་ཚེ། གཞི་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་ཐུབ་པ་དང་ཆུ་ཚད་དེ་བས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་འཛུགས་ཐུབ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ནན་མོ་བྱས་ན། ད་གཟོད་རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་གཏོད་བྱེད་པའི་འགག་རྩའི་ལྟེ་བའི་ལག་རྩལ་ལ་སྲུང་སྐྱོབ་ནུས་ལྡན་དང་། ཉེན་ཁ་ཚབས་ཆེན་འགོག་སྲུང་དང་སེལ་བར་བྱེད་ཐུབ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཕན་འབྲས་ཆེ་བའི་ཤེས་བྱའི་ཐོན་དབང་གི་ཕྱོགས་བསྡུས་དོ་དམ་སྒྲིག་སྲོལ་བཙུགས་ཏེ། ཤེས་བྱའི་ཐོན་དབང་གསར་སྐྲུན་དང་། བེད་སྤྱོད། སྲུང་སྐྱོབ། དོ་དམ། ཞབས་ཞུ་བཅས་ཀྱི་སྦྲེལ་ཐག་ཆ་ཚང་བསྐྲུན་པ་དང་།   དབང་ཆའི་དབྱེ་མཚམས་ཁ་གསལ་དང་། ལས་བགོས་ལུགས་མཐུན། འགན་དབང་གཅིག་མཐུན། འཁོར་སྐྱོད་ལས་ཆོད་ཆེ་བ་བཅས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས་པ་དང་། གཟབ་ནན་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལག་བསྟར་དང་། ཤེས་བྱའི་ཐོན་དབང་ལ་ཞིབ་བཤེར་བྱེད་པའི་སྤུས་ཚད་དང་ཞིབ་བཤེར་བྱེད་པའི་ལས་ཆོད་ཆེ་རུ་གཏོང་བ། ཁྲིམས་མཐུན་གྱི་ཁེ་དབང་དང་ཁྱད་པར་དུ་ཤེས་བྱའི་ཐོན་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་མཐའ་གཅིག་ཏུ་གཅོད་པ། ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་ལམ་ལུགས་ནང་འདྲེན། དབང་གནོད་ཀྱི་རིན་དོད་དང་ཁྲིམས་འགལ་གྱི་མ་གནས་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། ཁྲིམས་འགལ་དབང་ཆར་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་ཟིལ་གྱིས་གནོན་པ་སོགས་བྱ་དགོས་ཞེས་ངས་ཐེངས་མང་པོར་ནན་གྱིས་བསྟན་མྱོང་།

རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལས་དོན་དེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ཡུན་རིང་མ་འགོར་བར་འགོ་བརྩམས་པ་རེད། 1950ལོར། རང་རྒྱལ་གྱིས《གསར་གཏོད་བདག་དབང་དང་ཆེད་ཁེའི་བདག་དབང་འགན་སྲུང་བྱེད་པའི་གནས་སྐབས་སྲོལ་ཡིག》དང་།《ཚོང་རྟགས་ཐོ་འགོད་ཀྱི་གནས་སྐབས་སྲོལ་ཡིག》སོགས་ཁྲིམས་སྲོལ་འགྲེམ་སྤེལ་བྱས་ཏེ། ཆེད་ཁེ་དང་ཚོང་རྟགས་ལམ་ལུགས་ལག་བསྟར་བྱེད་པའི་ཐད་དུ་འཚོལ་ཞིབ་རགས་ཙམ་བྱས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་གི་ལས་དོན་རིམ་བཞིན་ཚད་ལྡན་ཅན་གྱི་བགྲོད་ལམ་དུ་སྐྱོད་འགོ་ཚུགས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་ཐོག་བཞག་ནས《རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་གི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱེད་པའི་བྱ་སྤྱོད་འཆར་གཞི(2014ལོ་ནས་2020ལོ་བར་)》དང་།《གནས་བབ་གསར་པའི་འོག་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ》།  《“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བེད་སྤྱོད་འཆར་འགོད》སོགས་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་འགྲེམ་སྤེལ་བྱས་ཡོད།   ཐེངས་འདིའི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་ཁྲོད།  ང་ཚོས་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྒྲིག་འཛུགས་བྱས་པ་དང་། རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་ཅུས་ཡང་བསྐྱར་སྒྲིག་འཛུགས་བྱས་ཏེ། ཆེད་ཁེ་དང་། ཚོང་རྟགས། ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས་སོགས་ཤེས་བྱའི་ཐོན་དབང་རིགས་གཅིག་སྡུད་དང་གཅིག་གྱུར་གྱིས་དོ་དམ་བྱས་པ་རེད། ང་ཚོས་པེ་ཅིན་དང་། ཧྲང་ཧའེ། ཀོང་ཀྲོའུ་བཅས་སུ་ཤེས་བྱའི་ཐོན་དབང་གི་ཁྲིམས་ཁང་བཙུགས་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཤེས་བྱའི་ཐོན་དབང་གི་ཁྲིམས་ར་བཙུགས་ནས་སྒོ་བྱང་བཀལ། རྒྱལ་ཡོངས་ཁྱབ་ཁོངས་ཀྱི་ཆེད་ཁེ་སོགས་ལག་རྩལ་རིགས་ཀྱི་ཤེས་བྱའི་ཐོན་དབང་གོང་གཏུག་གྱོད་གཞི་འདྲི་ཞིབ་བྱས་ཏེ། ཤེས་བྱའི་ཐོན་དབང་ཆེད་ལས་ཅན་གྱི་འདྲི་གཅོད་མ་ལག་བཙུགས་ཡོད།

སྤྱི་ཡོངས་ནས་བལྟས་ན། རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་གི་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ཤེས་བྱའི་ཐོན་དབང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཅིག་བཏོད་པས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཤེས་བྱའི་ཐོན་དབང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་དང་སྲུང་སྐྱོབ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཡོངས་ཀྱིས་ཤེས་བྱའི་ཐོན་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གསར་གཏོད་ལ་སྐུལ་མ་གཏོང་བ་དང་། སྤུས་རྟགས་གཏོད་པ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

དུས་མཚུངས་སུ། ང་ཚོས་མི་འདང་སའང་གསལ་པོར་མཐོང་དགོས་ཏེ། མཚོན་ཚུལ་གཙོ་བོ་ནི། སྤྱི་ཚོགས་ཡོངས་ཀྱིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཚད་སྔར་ལས་མཐོ་རུ་གཏོང་དགོས་པ་དང་། ལག་རྩལ་གསར་པ་དང་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག  ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཁྲིམས་སྐྱོང་ཅན་དུ་འགྱུར་ཚད་སྔར་བཞིན་རྗེས་ལུས་ཡིན་པ་དང་། ཤེས་བྱའི་ཐོན་དབང་གི་སྤྱི་ཡོངས་ཀྱི་སྤུས་ཚད་དང་ཕན་འབྲས་དེ་ཙམ་མི་མཐོ་བ། སྤུས་ཚད་མཐོ་ཞིང་རིན་ཐང་མཐོ་བའི་ཤེས་བྱའི་ཐོན་དབང་ཅུང་ཉུང་བ། སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་སུ་སྔར་བཞིན་དབང་ཆར་བཙན་གནོད་ཐེབས་སླ་བ་དང་། དབང་ཆར་བཙན་གནོད་བྱེད་སླ་བ། དབང་ཆར་སྲུང་སྐྱོབ་བྱེད་དཀའ་བའི་སྣང་ཚུལ་གནས་བ། ཤེས་བྱའི་ཐོན་དབང་ལ་བཙན་གནོད་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྣམ་པ་གསར་པ་དང་། རྙོག་འཛིང་ཆེ་བ། ལག་རྩལ་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ། ཁེ་ལས་ལ་ལས་ལམ་ལུགས་ཀྱི་མི་འདང་ས་བེད་སྤྱད་དེ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་གང་བྱུང་དུ་སྤྱོད་པ།  ཁྲོམ་རའི་གྲུབ་ཆ་གཙོ་བོས་ཕྱི་རྒྱལ་གྱི་ཤེས་བྱའི་ཐོན་དབང་གི་རྩོད་གཞིར་ཁ་གཏད་གཅོག་པའི་ནུས་པ་ཆེས་ཆེར་མི་འདང་བ་དང་རང་རྒྱལ་གྱི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་གནད་ཐོག་ཏུ་མི་འཁེལ་བ་སོགས་རེད།

མིག་སྔར་རང་རྒྱལ་འདི་ཉིད་ཤེས་བྱའི་ཐོན་དབང་ནང་འདྲེན་བྱེད་པའི་རྒྱལ་ཁབ་ཆེན་པོ་ནས་ཤེས་བྱའི་ཐོན་དབང་གསར་གཏོད་བྱེད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་། ཤེས་བྱའི་ཐོན་དབང་ལས་དོན་དེ་གྲངས་འབོར་དོན་གཉེར་བྱེད་པ་ནས་སྤུས་ཚད་མཐོ་རུ་གཏོང་བའི་བར་འགྱུར་ལྡོག་འབྱུང་བཞིན་ཡོད། ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་མཐོ་ཚད་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པའི་བླང་བྱ་གཞིར་བཟུང་སྟེ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པར་སྐུལ་འདེད། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་སྐུལ་སློང་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

དང་པོ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་གྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་ཁྱད་ཆོས་གསར་པར་བརྡར་གཅོད་ལེགས་པོ་བྱས་ནས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ལ་ཇུས་འགོད་ཡག་པོ་བྱེད་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་ནི་གསར་གཏོད་ལ་སྐུལ་མ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་སྐུལ་འདེད་གཏོང་བ། མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རེད། ཤེས་བྱའི་ཐོན་དབང་གི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གཏན་འབེབས་དམ་འཛིན་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བེད་སྤྱོད་འཆར་འགོད་ཞིབ་འཇུག་གཏན་འབེབས་བྱས་ཏེ།  དམིགས་ཚད་དང་། ལས་འགན། བྱེད་ཐབས། ལག་བསྟར་བཅས་ཀྱི་འཆར་གཞི་གསལ་བོར་བཟོ་དགོས། རང་ཉིད་གཙོ་བོར་འཛིན་པ་དང་། མི་དམངས་ཀྱི་ཁེ་ཕན་རྩེར་འཛིན་པ། དྲང་གཞག་ལུགས་མཐུན་གྱིས་སྲུང་སྐྱོབ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་ནན་མོ་བྱ་དགོས་ལ། མི་སྒེར་དང་ཁེ་ལས་ཀྱི་དབང་ཆ་ཚད་བརྒལ་གྱིས་རྒྱ་བསྐྱེད་པར་སྔོན་འགོག་བྱས་ཏེ། སྤྱི་པའི་ཁེ་ཕན་དང་གསར་གཏོད་ལ་སྐུལ་མ་གཏོང་བ་གཉིས་ཀར་ཕན་འབྲས་ཐོབ་པར་འགན་ལེན་ཏན་ཏིག་བྱ་དགོས། འགག་རྩའི་ཁྱབ་ཁོངས་སུ་རང་བདག་གི་ཤེས་བྱའི་ཐོན་དབང་གསར་སྐྲུན་དང་གསོག་འཇོག་བྱེད་པར་ཤུགས་སྣོན་རྒྱག་པ་དང་།  བཅོས་སྒྱུར་ཀྱི་བྱེད་ཐབས་གལ་ཆེན་དང་། སྲིད་ཇུས་གལ་ཆེན།  བཟོ་སྐྲུན་གཙོ་བོ་བཅས་ཁག་ཅིག་བཀོད་སྒྲིག་བྱ་དགོས།

གཉིས་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།  འཐུས་སྒོ་ཚང་བའི་ཤེས་བྱའི་ཐོན་དབང་གི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་དང་།   ཕན་ནུས་ཆེ་བའི་ཁྲིམས་བསྟར་ཁྲིམས་འཛིན་མ་ལག་ནི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བའི་འགན་སྲུང་གལ་ཆེན་རེད། དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ་དང་ཆབས་ཅིག འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས་ཆེད་ཁེའི་བཅའ་ཁྲིམས་དང་། ཚོང་རྟགས་བཅའ་ཁྲིམས། རྩོམ་གྱི་བདག་དབང་བཅའ་ཁྲིམས། སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། ཚན་རིག་ལག་རྩལ་ཡར་ཐོན་གྱི་བཅའ་ཁྲིམས་སོགས་བཟོ་བཅོས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་བཅའ་ཁྲིམས་བར་གྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས།  ས་བབ་ཀྱི་མཚོན་རྟགས་དང་ཚོང་ལས་ཀྱི་གསང་བ་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས། དམངས་དོན་ཁྲིམས་འཛིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་ཤེས་བྱའི་ཐོན་དབང་གི་གྱོད་གཞིའི་ཆོས་ཉིད་དང་མཐུན་པའི་གཏུག་བཤེར་ཚད་གཞི་ཞིབ་འཇུག་བྱས་ནས་གཏན་འབེབས་བྱེད་དགོས། ཤེས་བྱའི་ཐོན་དབང་གི་འདྲི་གཅོད་སྤུས་ཚད་དང་ལས་ཕྱོད་ཆེ་རུ་བཏང་ནས་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས། ཤེས་བྱའི་ཐོན་དབང་གི་སྲིད་འཛིན་ཁྲིམས་བསྟར་ཚད་གཞི་དང་ཁྲིམས་འཛིན་ཁྲིམས་གཅོད་ཚད་གཞི་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་དང་ཁྲིམས་འཛིན་འབྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཉེས་དོན་བཅའ་ཁྲིམས་དང་ཁྲིམས་འཛིན་འགྲེལ་བཤད་འཐུས་ཚང་དུ་བཏང་ནས་ཉེས་དོན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། སྲིད་འཛིན་ཁྲིམས་འཛིན་ཤུགས་ཚད་ཆེ་རུ་བཏང་ནས་མང་ཚོགས་ལ་བསམ་འཆར་ཆེ་བ་དང་། སྤྱི་ཚོགས་གླེང་ཕྱོགས་ཀྱིས་དོ་ཁུར་བྱེད་པ། ཁེ་དབང་ལ་གནོད་པ་དང་རྫུན་མ་མང་ཐོན་གྱི་གཙོ་གནད་ཁྱབ་ཁོངས་དང་ས་ཁོངས་ལ་རྡུང་རྡེག་དྲག་པོ་བཏང་སྟེ། དག་ཐེར་ལེགས་སྒྲིག་མཐའ་འཁྱོངས་དང་ཟིལ་གནོན་ཐུབ་པ་བྱ་དགོས།

གསུམ་པ། ཤེས་བྱའི་ཐོན་དབང་གི་སྦྲེལ་ཐག་ཧྲིལ་པོར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་རྒྱུ་ནི་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་ཞིང་། ཁེབས་རྒྱ་ཆེ་བ་དང་།  ཁྱབ་ཁོངས་མང་པོར་འབྲེལ་ཡོད་པས། བཅའ་ཁྲིམས་དང་། སྲིད་འཛིན། དཔལ་འབྱོར། ལག་རྩལ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། ཞིབ་བཤེར་དབང་སྤྲོད་དང་། སྲིད་འཛིན་ཁྲིམས་འཛིན། ཁྲིམས་འཛིན་སྲུང་སྐྱོབ། འདུམ་གཅོད་འདུམ་འགྲིག  ལས་རིགས་རང་གཅུན། སྤྱི་དམངས་ཀྱི་ཡིད་རྟོན་སོགས་ཐད་ནས་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། སྲུང་སྐྱོབ་ཆེན་པོའི་བྱ་བའི་གནས་བབ་གྲུབ་པར་བྱེད་དགོས། ཤེས་བྱའི་ཐོན་དབང་གསར་གཏོད་དང་། བེད་སྤྱོད། སྲུང་སྐྱོབ། དོ་དམ། ཞབས་ཞུ་བཅས་ཁྱོན་ཡོངས་ཀྱི་སྦྲེལ་ཐག་བསྐྲུན་པ་དང་།  ཤེས་བྱའི་ཐོན་དབང་གི་ཕྱོགས་བསྡུས་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་། སྒེར་སྡེམ་ལ་ངོ་རྒོལ། འགྲན་རྩོད་དྲང་གཞག་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་ལས་དོན་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་ལེགས་པར་བསྒྲུབ་དགོས་པ་དང་། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་རང་བདག་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་དང་། ཕན་ནུས་ཆེན་པོས་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་ལ་སྟབས་བདེ་དང་དམངས་ལ་ཕན་པའི་ཤེས་བྱའི་ཐོན་དབང་གི་སྤྱི་པའི་ཞབས་ཞུའི་མ་ལག་ཅིག་ཆགས་པར་བྱས་ནས་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་གི་གཞི་གྲངས་ཆེ་མོའི་ལྟེ་གནས་དང་སྤྱི་པའི་ཞབས་ཞུའི་སྟེགས་བུ་བསྐྲུན་ནས་ཤེས་བྱའི་ཐོན་དབང་གི་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ཏེ། གསར་གཏོད་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་ཁེ་དེ་བས་ལེགས་པོ་ཐོབ་པར་བྱེད་དགོས། ཤེས་བྱའི་ཐོན་དབང་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། མི་ཐབས་རིག་ནུས་དང་གཞི་གྲངས་ཆེ་མོ་སོགས་ཀྱི་ཆ་འཕྲིན་ལག་རྩལ་དེ་ཤེས་བྱའི་ཐོན་དབང་ཞིབ་བཤེར་དང་སྲུང་སྐྱོབ་ཁྱབ་ཁོངས་སུ་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་ནས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་རང་གཅུན་བྱེད་པའི་རྐྱེན་སྲོལ་འཛུགས་པར་བསྔགས་སྐུལ་དང་། ཁ་དན་ཚིག་གནས་ཀྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཤེས་བྱའི་ཐོན་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།

བཞི་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་གྱི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་ཤེས་བྱའི་ཐོན་དབང་ཁྱབ་ཁོངས་སུ་བཅོས་སྒྱུར་རབ་དང་རིམ་པ་བཀོད་སྒྲིག་དང་སྐུལ་འདེད་བཏང་ཡོད་པས། མུ་མཐུད་དུ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང་གཅིག་སྡུད་དང་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། ཁྱད་པར་ཅན་གྱི་ཐོན་ལས་དང་ས་ཁོངས་ཀྱི་ཤེས་བྱའི་ཐོན་དབང་སྐོར་གྱི་སྲིད་ཇུས་ལ་ཞིབ་འཇུག་དང་ལག་ལེན་བྱས་ནས།  ཤེས་བྱའི་ཐོན་དབང་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཞི་གྲངས་ཆེན་པོ་དང་། མིས་བཟོས་རིག་སྟོབས། གཞི་རྒྱུའི་ལག་རྩལ་སོགས་ཁྱབ་ཁོངས་གསར་པ་དང་ལས་རྣམ་གསར་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་ཤེས་བྱ་སོགས་ཁྱབ་ཁོངས་སྲུང་སྐྱོབ་བྱེད་ཐབས་དུས་ཐོག་ཏུ་ཞིབ་འཇུག་དང་གཏན་འབེབས་བྱ་དགོས། ཤེས་བྱའི་ཐོན་དབང་གི་འདྲི་གཅོད་ཁྱབ་ཁོངས་བཅོས་སྒྱུར་གསར་གཏོད་གཏིང་ཟབ་དང་། ཤེས་བྱའི་ཐོན་དབང་གི་གཏུག་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལག་རྩལ་རིགས་ཀྱི་ཤེས་བྱའི་ཐོན་དབང་འདྲི་གཅོད་འཐུས་ཚང་དུ་གཏོང་བ། ཤེས་བྱའི་ཐོན་དབང་གི་དབང་གནོད་ལ་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་ལམ་ལུགས་དོན་འཁྱོལ་དམ་འཛིན་བཅས་བྱེད་དགོས། ཤེས་བྱའི་ཐོན་དབང་གི་དཔྱད་དཔོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་གི་གཏོགས་ཁོངས་ལམ་ལུགས་ཇེ་ལེགས་སུ་གཏོང་བ། ཤེས་བྱའི་ཐོན་དབང་གང་བྱུང་དུ་སྤྱོད་པ་བཀག་འགོག་བྱེད་པའི་འབྲེལ་ཡོད་ལམ་ལུགས་ཞིབ་འཇུག་བྱས་ནས་གཏན་འབེབས་བྱ་དགོས།

ལྔ་པ། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། ཤེས་བྱའི་ཐོན་དབང་ནི་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཀྱི་རྒྱུ་རྐྱེན་གཙོ་བོ་ཡིན་ལ། རྒྱལ་སྤྱིའི་རྩོད་གཞིའི་གནད་འགག་ཀྱང་ཡིན། ང་ཚོས་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱ་དགོས་པ་ལས། ལུགས་མཐུན་གྱི་ཁེ་དབང་གཏན་ནས་འདོར་མི་རུང་བ་དང་། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་གཏན་ནས་བློས་གཏོང་མི་རུང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་པ་དང་། སྒོ་འབྱེད་ཁོང་ཡངས་དང་དོ་སྙོམས་ཀུན་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཤེས་བྱའི་ཐོན་དབང་རྩ་འཛུགས་སྒྲོམ་གཞིའི་འོག་གི་གོ་ལ་ཧྲིལ་པོའི་ཤེས་བྱའི་ཐོན་དབང་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱེད་པ་དང་། ཤེས་བྱའི་ཐོན་དབང་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་ཉོ་ཚོང་དང་རྒྱལ་སྤྱིའི་དངུལ་གཏོང་སོགས་རྒྱལ་སྤྱིའི་སྒྲིག་སྲོལ་དང་ཚད་གཞི་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ཤེས་བྱའི་ཐོན་དབང་བཅོས་སྐྱོང་སྒྲིག་གཞི་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཤེས་བྱའི་ཐོན་དབང་ལ་ཤུགས་རྐྱེན་ཐེབས་པའི་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཐབས་ལམ་དང་བྱེད་ཐབས་རྒྱ་བསྐྱེད་ནས། ཀྲུང་གོའི་ཤེས་བྱའི་ཐོན་དབང་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་ཤེས་དཔལ་གྱི་རྒྱལ་ཁབ་ཆེན་པོ་དང་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པར་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་ཤེས་བྱའི་ཐོན་དབང་གི་མཉམ་ལས་མཉམ་དུ་གཏིང་ཟབ་ཏུ་བཏང་ནས་ཤེས་བྱ་མཉམ་སྤྱོད་དར་སྤེལ་གཏོང་དགོས།

དྲུག་པ།  ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་དགོས། ཤེས་བྱའི་ཐོན་དབང་ཕྱི་ཕྱོགས་ལ་བཤུག་སྤྲོད་བྱེད་པར་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱ་དགོས་ཞེས་ངས་བཤད་མྱོང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་རང་བརྟེན་ཞིབ་འཇུག་གསར་སྤེལ་དང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཤེས་བྱའི་ཐོན་དབང་ཕྱི་ཕྱོགས་ལ་བཤུག་སྤྲོད་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས། ཤེས་བྱའི་ཐོན་དབང་གི་སྒེར་སྡེམ་ལ་ངོ་རྒོལ་དང་དྲང་གཞག་འགྲན་རྩོད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་དང་བྱ་ཐབས་བཅས་འཐུས་ཚང་དུ་བཏང་ནས། ལུགས་མཐུན་ནུས་ལྡན་གྱི་ཚོད་འཛིན་བྱ་ཐབས་ཤིག་ཆགས་པར་བྱེད་དགོས། རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་གི་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་ས་ཁོངས་ཕྱི་རོལ་དུ་སྤྱོད་པར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ལས་བརྒལ་བའི་ཁྲིམས་འཛིན་མཉམ་ལས་བཀོད་སྒྲིག་འཐུས་ཚང་དུ་གཏོང་དགོས། ཕན་འབྲས་མཐོ་བའི་རྒྱལ་སྤྱིའི་ཤེས་བྱའི་ཐོན་དབང་གི་ཉེན་ཟོན་ཉེན་བརྡ་དང་འཕྲལ་སྡོམ་རྐྱེན་སྲོལ་ཆགས་པར་བྱས་ནས། ཤེས་བྱའི་ཐོན་དབང་གི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ཏེ་རང་རྒྱལ་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ཤེས་བྱའི་ཐོན་དབང་གི་ཁེ་དབང་སྲུང་སྐྱོབ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཤེས་བྱའི་ཐོན་དབང་ལས་དོན་གྱི་འབྲེལ་ཡོད་མཐུན་སྦྱོར་རྐྱེན་སྲོལ་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་བྱའི་ཐོན་དབང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ། བྱ་བའི་སྡོམ་ཤུགས་ཆགས་པར་བྱེད་པ། རྫུན་བཟོར་བརྟེན་ནས་དབང་ཆར་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་བ། ས་གནས་སྲུང་སྐྱོབ་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཤེས་བྱའི་ཐོན་དབང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སློབ་སྦྱོང་ལ་ཤུགས་སྣོན་བྱེད་པ། ལས་སྒོ་ཁོང་དུ་ཆུད་པར་བྱེད་པ།  གནས་བབ་གསར་པའི་འོག་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་ལས་དོན་ལེགས་པར་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཤེས་དགོས་པ་མ་ཟད། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལ་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱང་བྱེད་ཤེས་པ་བྱས་ནས། རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།