མཉམ་ལས་ཁང་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱུང་།
2021.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

འོ་མ་གསར་བ་རྫོང་མཁར་དུ་སྐྱེལ་བཞིན་པར་ལྟ་བཞིན་བླ་མ་སྐྱབས་ཀྱིས་ལུས་སྟེང་གི་ས་རྡུལ་དཀྲུགས་བཞིན་ད་གཟོད་ལྷོད་ལ་འབབ་ཐུབ་པ་བྱུང་། ཕྱིར་ཁྱིམ་དུ་ལོག་ནས་འོ་ཇ་ཁམ་གང་འཐུང་རྗེས། ང་ཚོ་གསར་འགོད་པར་ཁོ་དང་མཉམ་ལས་ཁང་བར་གྱི་གཏམ་རྒྱུད་ཞིག་བརྗོད་བྱུང་།

བླ་མ་སྐྱབས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་འབྲོང་མཐིལ་ཡུལ་ཚོ་མི་རིགས་སྡེ་བས་ཡིན་ལ། ཞིང་ཕྱུགས་གཉིས་ཀ་གཉེར་བཞིན་པའི་སྡེ་བ་ཞིག་རེད། བླ་མ་སྐྱབས་ཀྱིས་བཤད་རྒྱུར། གནམ་ལ་རེ་ནས་ཁ་རྒྱབ་མི་ཁེབས་པ་དང་། སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ལ་བརྟེན་ན་ནོར་ལུག་ཡང་རིན་གོང་བཟང་པོ་ཞིག་ལ་བཙོང་མི་ཐུབ་པས། འཚོ་བ་བཟང་པོ་ཞིག་རོལ་མི་ཐུབ། ལོ་རེར་ས་ཆ་འདི་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་ཀྱང་། ཡོང་སྒོ་ལོ་རེར་བཟང་ལ་ལོ་རེར་མི་བཟང་ཟེར།

འགྱུར་ལྡོག་མེད་པའི་འཚོ་བ་དེ་འདྲ་བླ་མ་སྐྱབས་ཀྱིས་རོལ་འདོད་མེད་པ་དང་། ཆུང་དུས་ནས་དབྱར་རྩྭ་བརྐོ་བ་དང་། ཕྱུགས་འཚོ་བའི་ཁོ་རང་གིས་ད་དུང་མི་ཚེ་འདིར་དམིགས་ཡུལ་གཞན་ཞིག་ལ་བརྩོན་འདོད་པ་རེད། ལོ་ངོ་བཅོ་བརྒྱད་ཀྱི་སྔོན་ལ། བླ་མ་སྐྱབས་ཀྱིས་ཕན་འབྲས་མཐོ་བའི་གསོ་སྤེལ་ལ་སློབ་སྦྱོང་བྱས་ཏེ། དུས་ཚིགས་ལྡོག་པའི་སྐབས་སུ་ནོར་ལུག་གསོ་སྤེལ་བྱས་ནས་ཡོང་སྒོ་བཙལ། ཡིན་ནའང་། མི་སྒེར་གྱིས་ཁ་འཐོར་ངང་ནས་གསོ་སྤེལ་བྱས་པས་གཞི་ཁྱོན་ཞིག་ཏུ་གྲུབ་ཐུབ་མེད་པ་དང་། མུ་མཐུད་དུ་འཕེལ་རྒྱས་འགྲོ་བའི་བྱ་བ་ཧ་ཅང་དཀའ་ཚེགས་ཆེ་ཞིང་། ཁེ་བཟང་རགས་པའི་བླ་མ་སྐྱབས་རང་དགར་འདུག་འདོད་མེད་པ་རེད།

སྐབས་དེར་འབྲོག་ཁུལ་བཅོས་སྒྱུར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། འབྲོག་ཁུལ་གྱི་ལས་གཉེར་དོ་དམ་ལམ་ལུགས་གསར་སྐྲུན་རྒྱ་སྐྱེད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཉམ་ལས་ཁང་ནི་མེ་སྟག་ཆུང་ཆུང་ཞིག་དང་འདྲ་བ་དེ་ཡིས་འབྲོག་ཁུལ་གྱི་རྩྭ་ཐང་གི་ཐོན་སྐྱེད་རྣམ་པར་མུ་མཐུད་དུ་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བྱས། ལོ་འདི་འདྲའི་མང་པོ་ཞིག་ལ་ནོར་ལུག་དང་འབྲེལ་འདྲིས་བྱས་པ་བརྒྱུད་བླ་མ་སྐྱབས་ཀྱིས་མཉམ་ལས་ཁང་གིས་ཕན་འབྲས་ཇི་འདྲ་ཞིག་འཁྱེར་ཡོང་ངེས་པ་སེམས་ན་གསལ་བོ་ཡིན།

མཉམ་ལས་ཁང་གཉེར་རམ་མི་གཉེར། བླ་མ་སྐྱབས་ཀྱི་སེམས་ལ་དགའ་སྤྲོས་ཁེངས་པ་དང་། མི་གཞན་པ་ཁོ་ཚང་ལ་ཡོང་ནས་མཉམ་ལས་བྱེད་འདོད་པའི་སྐབས་སུ། ཁོའི་མེ་ལྟར་འབར་བའི་སེམས་ཐོག་ལ་ཆུ་འཁྱག་གང་བླུགས་བྱུང་། ནོར་ལུག་ནི་རང་བྱུང་གི་རྩྭ་བཟའ་བར་བརྟེན་དགོས་པ་དང་། ནོར་ལུག་ར་ནང་དུ་བཅུག་ན་དེ་མི་བཟང་ཞེས་བླ་མ་སྐྱབས་ཀྱིས་མཉམ་ལས་ཁང་འཛུགས་པའི་བསམ་ཚུལ་སྐོར་གླེང་སྐབས། སྡེ་བའི་ནང་གི་མི་མང་པོས་ལག་པ་ཡར་བཀྱགས་ནས་དེ་ལྟར་བྱས་ནས་མི་བཟང་བར་བཤད།

མ་གཞི་བླ་མ་སྐྱབས་ཀྱིས་སྡེ་བའི་ནང་གི་མི་ཚང་མ་སྐུལ་སློང་བྱེད་འདོད་ཀྱང་། ཡིན་ཡང་མཐའ་མར་མི་བདུན་མ་གཏོགས་བླ་མ་སྐྱབས་དང་མཉམ་དུ་མཉམ་ལས་ཁང་ཕྱེ་རྒྱུར་འཐད་པ་མ་བྱུང་། 2014ལོའི་ཟླ2པར། ཧྭ་ཐེན་ཁྲི་ཕྱུགས་ཟོག་གསོ་སྤེལ་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་། དེ་ནི་ཞིན་ཧེ་རྫོང་གི་སྐོར་ཁག་དང་པོའི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ཞིག་རེད།

སྐབས་དེའི་ལོ་དེ་དག་རིང་ལ་མི་སྔར་ལས་མང་པོས་གསོ་སྤེལ་མཉམ་ལས་ཁང་ཕྱེས་པ་དང་། ངས་ཀྱང་མཉམ་ལས་ཁང་ཞིག་སྒྲུབ་ན་འགྲིག་མིན་སེམས་ནས་ཐག་གཅོད་བྱེད་མ་ཐུབ་ཞེས་བླ་མ་སྐྱབས་ཀྱིས་ཕྱིར་དྲན་བྱས་ནས་དེ་ལྟར་བཤད། གསོ་སྤེལ་མཉམ་ལས་ཁང་ནི་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་ཇི་བཞིན་འབྲོག་ཁུལ་དུ་རྐང་ཚུགས་ཐུབ་པ་བྱུང་བ་དང་། བླ་མ་སྐྱབས་ཁོ་རང་ཉིད་ལའང་རང་ཉིད་ཀྱི་ཐབས་ལམ་ཡོད་པ་དང་། འོ་མ་གསར་བ་ཐོན་སྐྱེད་བྱེད་པར་བརྟེན་ནས་མཉམ་ལས་ཁང་གི་ཡོང་སྒོ་འཕར་སྣོན་བྱུང་དུ་བཅུག

འབྲོག་ཁུལ་གྱི་མི་སྔར་ལས་མང་པོས་བྱིས་པ་མཁར་གྲོང་གི་སློབ་གྲྭར་སྐྱེལ་བཞིན་ཡོད་ཅིང་། འབྲོག་ཁུལ་གྱི་མི་རྣམས་འོ་མ་འཐུང་རྒྱུར་དགའ་བའི་གོམས་སྲོལ་ཡོད་པ་དང་། ཡིན་ནའང་། རྫོང་མཁར་དུ་འོ་མ་གསར་བ་འཐུང་མི་ཐུབ་པ་རེད། གོ་སྐབས་དེ་ལ་བརྟེན་ནས་བླ་མ་སྐྱབས་ཀྱིས་འབྲི་མོ་སྐོར་ཞིག་གསོས་ནས་ཆེད་དུ་འོ་མ་ཐོན་སྐྱེད་བྱས་པ་དང་། འོ་མ་ཚོང་རར་བསྐྱལ་ཡང་ཉོ་མཁན་མེད་པར་གྱུར། དེར་མཐུད་ནས་བླ་མ་སྐྱབས་ཀྱིས་མཉམ་ལས་ཁང་གི་འོ་མ་ཉོ་མཁན་མེད་པའི་གནད་དོན་ཤེས་རྟོགས་བྱུང་། འབྲོག་ཁུལ་གྱི་མི་རྣམས་འབྲི་མོའི་འོ་མ་འཐུང་རྒྱུར་ལོབས་ཡོད་པ་ལས།བ་མོའི་འོ་མ་འཐུང་པར་དེ་འདྲའི་སྤྲོ་བ་མེད་པ་རེད། བ་མོའི་འོ་མ་བཙོང་ན་ཡོང་སྒོ་དེ་འདྲ་བཟང་རྒྱུ་མེད་པ་དང་། འབྲི་མོའི་འོ་མའི་ཐོན་ཚད་ཉུང་བས། ཇི་ལྟར་བྱས་ན་ལེགས་སམ། ཉིན་རྒྱུན་གནད་དོན་དེ་ཇི་ལྟར་ཐག་གཅོད་བྱེད་པར་འདང་བརྒྱབ་ནས་བླ་མ་སྐྱབས་ཀྱིས་ཟས་ཡང་ཟ་མི་འདོད་པར་གྱུར།

ཉིན་ཞིག་ལ། ནངས་སྔ་མོ་ནས་མལ་ལས་ལངས་བའི་བླ་མ་སྐྱབས་མཉམ་ལས་ཁང་ནང་དུ་ཡོང་ནས་འོ་མ་བཞོ་བའི་ལས་བཟོ་བར་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། མཛོ་མོ་ཞིག་ལ་ཁོས་མཉམ་འཇོག་བྱས་བྱུང་། མཛོ་མོའི་འོ་མའི་ཐོན་ཚད་དེ་སྤྱིར་བཏང་གི་འབྲི་མོ་ལས་ལྡབ་གསུམ་ཙམ་གྱིས་མང་བ་དང་། དོན་འདིས་བླ་མ་སྐྱབས་དགའ་སྤྲོ་ཆེན་པོ་སྐྱེས་རུ་བཅུག ཁོས་མཛོ་མོ་གསོ་སྤེལ་བྱེད་རྒྱུའི་ཐག་བཅད། ཡིན་ནའང་། མཛོ་མོ་གསོ་སྤེལ་བྱེད་ན་དཀའ་ཁག་ངེས་ཅན་ཞིག་ཡོད་པ་དང་། བླ་མ་སྐྱབས་ཞིན་ཧེ་རྫོང་ཕྱུགས་ལས་སྨན་པའི་ས་ཚིགས་སུ་སོང་ནས་ཉམས་མྱོང་བླངས་པ་དང་། མཛོ་མོའི་འོ་མ་ནི་འབྲི་མོའི་འོ་མ་དང་ཕལ་ཆེར་འདྲ་བས། གཟན་ཆས་བྱིན་པ་བཟང་ན། འོ་མའི་ཐོན་ཚད་ཀྱང་ཉིན་རེར་སྤྱི་རྒྱ་བདུན་ཡས་མས་ཡིན་པ་རེད། ཕྱུགས་ལས་སྨན་པས་བླ་མ་སྐྱབས་ལ་མཛོ་མོའི་ཁྱད་ཆོས་འགྲེལ་བཤད་བྱས་པར་མ་ཟད། བླ་མ་སྐྱབས་ལ་མཛོ་མོ་གསོ་སྤེལ་བྱེད་པའི་སྐབས་སུ་ཁོ་ཚོས་ལག་རྩལ་སྟེང་ནས་རོགས་རམ་བྱེད་རྒྱུའི་ཁས་ལེན་བྱས།

བླ་མ་སྐྱབས་ཀྱི་མཉམ་ལས་ཁང་དུ་མཛོ་མོ་བརྒྱ་དང་ལྔ་བཅུ་ལྷག་གསོ་སྤེལ་བྱས་ཡོད། བླ་མ་སྐྱབས་ཀྱིས་གསར་འགོད་པ་ཕྱུགས་གསོ་སའི་དྲོད་ཁང་ནང་ཁྲིད་པ་དང་། ཕྱུགས་ཁང་ནང་གི་མཛོ་མོ་རེ་རེའི་ལུས་ཀྱི་བ་སྤུ་ནག་ཡུག་ཡུག་བྱེད་ཅིང་། རྣམ་རིག་བཀྲ་བའི་མིག་གཉིས་རིག་རིག་བྱེད་ལ། མི་ཐག་ཇེ་ཉེར་བཅར་བའི་སྐབས་སུ་མགོ་བོ་གཡུག་གཡུག་བྱས་ནས་དོགས་ཟོན་གྱིས་མི་རྣམས་ལ་ལྟ་བར་བྱེད། བླ་མ་སྐྱབས་ཀྱིས་ངས་གསོས་པའི་མཛོ་མོ་འདི་དག་ཤ་ཤེད་བཟང་པོ་ཡོད་ཟེར།

མཛོ་མོ་དེ་དག་ལ་བརྟེན་ནས་མཉམ་ལས་ཁང་གིས་ལོ་གཅིག་ལ་འོ་མ་ཏུན་བདུན་ཅུ་ནས་བརྒྱ་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་། ན་ནིང་ལོ་གཅིག་གི་ཡོང་སྒོ་རྐྱང་རྐྱང་སྒོར་མོ་འབུམ་གཉིས་ལ་སླེབས། ལོ་འདི་དག་གི་རིང་ལ། བླ་མ་སྐྱབས་ཀྱིས་ཚང་མའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཐོག་མའི་སེམས་འདུན་དེ་ལ་འགྱུར་བ་བྱུང་མེད་པ་དང་། མཉམ་ལས་ཁང་ནང་དུ་གནས་སྐབས་སུ་བྱ་བ་སྒྲུབ་ཀྱིན་པའི་ལས་བཟོ་བ་ཕུད་པའི་ལས་བཟོ་བ་བཅུ་གཅིག་གི་ནང་དུ་དབུལ་ཕོངས་ཁྱིམ་ཚང་གི་མི་ལྔ་ཡོད་པ་རེད།

གཞན་ལ་གླས་པའི་རྩྭ་སའི་ཡོང་སྒོ་སྒོར་མོ་ཁྲི་གཅིག་ལྷག་དང་། དབྱར་རྩྭ་བརྐོས་པ་ལས་སྒོར་མོ་ཁྲི་གཅིག ཟླ་རེར་སྒོར་མོ་སྟོང་གསུམ་གྱི་ཟླ་ཕོགས་ཡོད་པས། ད་ལྟ་བཟའ་ཚང་གང་བོའི་ལོ་གཅིག་གི་ཡོང་སྒོ་དེ་སྔོན་གྱི་ལོ་གསུམ་གྱི་ཡོང་སྒོ་བསྣན་པ་ལས་ཀྱང་མང་བ་རེད་ཞེས་མཉམ་ལས་ཁང་ནང་དུ་ལོ་གསུམ་གྱི་རིང་བྱ་བ་སྒྲུབ་མྱོང་བའི་དབུལ་ཕོངས་ཁྱིམ་ཚང་ཁོན་ཐར་གྱིས་རྩིས་ཤིག་བརྒྱབ་རྗེས། རང་ཚང་ཡང་འབྱོར་འབྲིང་གི་འཚོ་བའི་ཆུ་ཚད་ལ་སླེབས་ཐུབ་པར་གནད་དོན་ཅི་ཡང་མི་འདུག་ཞེས་བཤད།

ཁོན་ཐར་བཟའ་ཟླ་གཉིས་ཀྱིས་དེ་སྔོན་སྒོར་མོ་ཁྲི་ལྔ་བཏང་ནས་རྫོང་མཁར་དུ་ར་སྐོར་ཆུང་ཆུང་ཅན་གྱི་ཁང་བ་ཞིག་ཉོས་པ་དང་། བྱིས་པ་གཉིས་ཀྱིས་རྫོང་མཁར་དུ་སློབ་འབྲིང་འདོན་བཞིན་ཡོད་པ་དང་། མཉམ་ལས་ཁང་དུ་འབྲས་དང་། ཕྱེ། སྣུམ་སོགས་འཚོ་བའི་མཁོ་ཆས་དུས་རྒྱུན་མཁོ་འདོན་བྱེད་དགོས་པས། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་ཡིན་པ་རེད། མཉམ་ལས་ཁང་གི་ཡོང་སྒོ་ཇེ་བཟང་དུ་གཏོང་ཆེད། བླ་མ་སྐྱབས་ཀྱིས་གཟན་ཆས་བྱིན་ནས་གསོ་ཁ་ནས་བུད་པའི་ནོར་བརྒྱ་ལྷག་ཕྱིར་འཚོང་བྱེད་བཞིན་ཡོད་ལ། ཁོས་ས་དེའི་རོང་འབྲོག་མང་ཚོགས་ཀྱི་ནོར་ལུག་ཕྱིར་འཚོང་བྱེད་པར་ཡང་རོགས་རམ་བྱེད་བཞིན་ཡོད།

མཉམ་ལས་ཁང་ནི་ཡུལ་ཚོ་དང་སྡེ་བ་དར་སྤེལ་བྱེད་པར་སྐུལ་འདེད་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་ཡར་སྐུལ་བྱེད་པའི་ཤུགས་ཚད་ཇེ་མགྱོགས་སུ་གཏོང་བར་ནུས་ལྡན་འདེགས་སྐྱོར་འདོན་སྤྲོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ཧྭ་ཐེན་ཁྲི་ཕྱུགས་ལས་གསོ་སྤེལ་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་ཐོག་མར་འཛུགས་སྐབས། མི་མང་པོས་མཐོང་ཆེན་བྱས། བླ་མ་སྐྱབས་ཀྱིས་བཤད་རྒྱུར། ཏང་དང་སྲིད་གཞུང་གིས་ང་ཚོར་མ་དངུལ་གྱི་རོགས་སྐྱོར་མང་པོ་འདོན་སྤྲོད་བྱས་པ་དང་། ད་དུང་རྨང་གཞིའི་སྒྲིག་ཆས་ཀྱི་འཆར་འགོད་འཛུགས་སྐྲུན་དང་ནོར་ལུག་གསོ་སྤེལ་གྱི་ལག་རྩལ་རིན་མེད་པར་འདོན་སྤྲོད་བྱས་ཟེར། མིག་སྔའི་བར་དུ། ཞིན་ཧེ་རྫོང་གིས་བསྡོམས་པས་མ་དངུལ་སྒོར་མོ་ས་ཡ་གཉིས་མཉམ་ལས་ཁང་དུ་བཏང་། གོ་རིམ་རྗེས་མར། མཉམ་ལས་ཁང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་ཆེད། བླ་མ་སྐྱབས་ཀྱིས་མཉམ་ལས་ཁང་གཞན་པ་བཅུ་དང་མཉམ་འབྲེལ་བྱས་ཏེ་མཉམ་འབྲེལ་ཁང་བཙུགས་པ་དང་། འོ་མ་གསར་བ་ལས་སྣོན་བྱེད་པའི་ཐོན་ལས་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད་པས། རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཐད་ལ་བླ་མ་སྐྱབས་ཡིད་ཆེས་ཀྱིས་ཁེངས་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།