མཉམ་ལས་ཁང་དེ་ཞིང་སྡེ་དར་སྤེལ་གྱི་སྟོབས་ཤུགས་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།
2021.05.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

སྡེ་བ་དྲུག་ཅུ་རེ་གཉིས་ཡོད་པའི་ནང་། སྡེ་བ་རེ་ལ་མཉམ་ལས་ཁང་རེ་ཡོད། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ལོ་ངོ་མང་པོའི་རིང་ལ་གསོ་སྐྱོང་དང་རོགས་སྐྱོར་བྱས་པ་བརྒྱུད། མཉམ་ལས་ཁང་གིས་དབུལ་སྐྱོར་མཁྲེགས་གཏོར་གྱི་ལོ་རྒྱུས་འགན་འཁྲི་ཡོངས་འགྲུབ་བྱས་རྗེས། ད་ལྟ་དེ་ནི་ཞིང་སྡེ་དར་སྤེལ་གྱི་སྟོབས་ཤུགས་གཙོ་བོར་འགྱུར་བཞིན་ཡོད་པས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་དང་གསོན་ཤུགས་བསྣན་ཡོད།

སྐར་མདའ་སྡེ་བའི་དམངས་ཡོངས་ཕྱུག་པོར་འགྱུར་རྒྱུ་དེ་ནི་རྨི་ལམ་ལྟ་བུ་ཞིག་མིན།

ཡུས་ཧྲུའུ་གྲོང་ཁྱེར་བཀྲ་ཤིས་ཁོག་སྲང་ལམ་དོན་གཅོད་ཁང་གི་ཀྲུའུ་རིན་གསང་བདག་རྣམ་འབྲུག་གི་བཤད་པ་ལྟར་ན། སྡེ་མིས་ལས་ཀ་ལས་ཐུབ་པ་དང་ལས་ཀ་ལས་འདོད་མཁན་ལ་སྡེ་བས་ནང་འོས་འཚམ་གྱི་བྱ་བའི་ལས་རྐང་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར།

ཉེ་བའི་ལོ་གསུམ་གྱི་རིང་ལ། བཀྲ་ཤིས་ཁོག་སྲང་ལམ་དོན་གཅོད་ཁང་སྐར་མདའ་སྡེ་བས་སྐར་མདའ་དམངས་ཕན་ཆེད་ལས་ཕྱོགས་བསྡུས་མཉམ་ལས་ཁང་གི་ཚོང་རྫས་ཉོ་ཚོང་འཁོར་རྒྱུགས་སྟེགས་བུ་ལ་བརྟེན་ནས། ལོ་ཚོད་མི་འདྲ་བའི་སྡེ་མིར་གསོ་སྦྱོང་བྱེད་པར་རྩ་འཛུགས་བྱས་ཏེ། ཚོང་རའི་མདུན་ལྗོངས་བཟང་པོའི་ཉིན་རྒྱུན་གྱི་འཚོ་བའི་ཞབས་ཞུའི་བཀོལ་ཆས་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པ་དང་། ཐུན་མོང་ཚོང་རའི་དཔལ་འབྱོར་གྱི་བྱ་བ་སོ་སོར་ཞབས་འདེགས་ཞུས།

གསང་བདག་རྣམ་འབྲུག་གིས་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་ན། སྔོན་ལ་འདུ་ཤེས་བསྒྱུར་དགོས་པ་དང་། ལག་རྩལ་ཁོང་དུ་ཆུད་དགོས། ང་ཚོས་གསོ་སྦྱོང་ལ་ཞུགས་པའི་སྡེ་མི་ཡོངས་ལ་ཉིན་རེར་སྒོར་མོ་བཞི་བཅུའི་ཁ་གསབ་བྱིན་པས། སྡེ་མིའི་ཧུར་བརྩོན་རང་བཞིན་ཤིན་ཏུ་མཐོ། ཕྱུག་འགྱུར་བྱེད་འདོད་ན་ནང་སྐྱེ་སྒུལ་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་ཞེས་བཤད།

སྐར་མདའ་སྡེ་བས་སྔ་གཞུག་ཏུ་སྡེ་མི་དགུ་བརྒྱ་ལྷག་གསོ་སྦྱོང་ལ་ཞུགས་པར་རྩ་འཛུགས་བྱས། ལོ་ཉི་ཤུ་ནས་སུམ་ཅུའི་བར་གྱི་སྡེ་མི་རྣམས་ཡུལ་སྐོར་སྣེ་ཤན་པ་དང་། མི་རིགས་གླུ་གར་འཁྲབ་སྟོན་གསོ་སྦྱོང་སོགས་ལ་ཞུགས་ནས་གནས་སྐོར་ཉམས་ཞིབ་དང་། སྐྱེ་ཁམས་ཡུལ་སྐོར། སྟོན་མོ། མགྲོན་ཁང་གི་སྣེ་ལེན་སོགས་ཀྱི་ཞབས་ཞུ་སྒྲུབ་ཆོག་པ་དང་། ཡུལ་སྐོར་བ་མང་པོའི་དུས་སུ་སྒོར་མོ་སྟོང་གསུམ་ནས་སྟོང་ལྔའི་བར་གྱི་ཡོང་སྒོ་ཡོད་པ་རེད། ལོ་སུམ་ཅུ་ནས་ལྔ་བཅུ་བར་གྱི་སྡེ་མི་རྣམས་འཚེམ་བཟོ་དང་། ཇ་མ། རྡོ་བརྐོ་སོགས་ཀྱི་གསོ་སྦྱོང་ལ་ཞུགས་ཆོག་པ་དང་། དེའི་ནང་མི་རིགས་གྱོན་ཆས་བཟོ་བའི་སྡེ་མིས་བཟོས་པའི་གྱོན་ཆས་རྣམས་ཐད་ཀར་དུ་མཉམ་ལས་ཁང་དུ་བཞག་ནས་ཕྱིར་ཚོང་བྱེད་བཞིན་ཡོད་ལ། གྱོན་ཆས་རེ་རེའི་ལས་སྣོན་རིན་གོང་སྒོར་མོ་ཞེ་ལྔ་ནས་སྒོར་མོ་དྲུག་ཅུ་རེ་ལྔ་བར་ཡིན་ཞིང་། ཟླ་རེའི་ཡོང་སྒོ་སྒོར་མོ་སྟོང་གཉིས་ཡས་མས་ཡིན་པ་རེད། ལོ་ལྔ་བཅུ་ཡན་གྱི་སྡེ་མིས་འབྲོག་ཁུལ་གྱི་ཐོན་རྫས་བཟོས་ནས་མཉམ་ལས་ཁང་དུ་གཅིག་གྱུར་གྱིས་ཕྱིར་ཚོང་བྱེད་བཞིན་ཡོད་པ་དང་། ཟླ་རེའི་ཟླ་ཕོགས་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱ་ཡས་མས་ཡིན་པ་རེད།

སྡོམ་རྩིས་བྱས་པ་ལྟར་ན། སྐར་མདའ་སྡེ་བས་ལག་རྩལ་གསོ་སྦྱོང་བྱས་རྗེས་ཐག་ཉེ་ས་ནས་ལས་ཞུགས་བྱས་པའི་སྡེ་མི་ཡིས་ཕལ་ཆེར་སྡེ་བ་ཡོངས་ཀྱི་མིའི་བརྒྱ་ཆའི་དོན་ལྔ་ཡན་ཟིན་པ་དང་། དེ་ཡིས་མང་ཚོགས་ཡོངས་ལ་ལས་རྐང་ཡོད་པ་དང་། མི་ཚང་མར་ཡོང་སྒོ་ཡོད་པ་མངོན་འགྱུར་བྱུང་།

པད་ཁའི་སྲོལ་རྒྱུན་ལག་རྩལ་ལ་ཚོན་མདངས་རྣམ་པར་བཀྲ།

པད་ཁ་ཡིས་དགའ་སྤྲོའི་ངང་ནས་བཤད་རྒྱུར། སྒོར་མོ་འབུམ་གཉིས་དང་ཁྲི་གསུམ་གྱི་ཆུར་ཁུ་ཨན་ཏ་ངོ་སྦྱོར་གྱི་མངགས་ཐོ་ཞིག་འབྱོར་བས། ཐོག་མར་ལས་སྐྲུན་བྱེད་བཞིན་པའི་འབྲོག་པ་ང་ལྟ་བུ་ཞིག་ལ་མཚོན་ནས་བཤད་ན་མངགས་ཐོ་ཆེན་པོ་ཞིག་ཡིན་པ་རེད་ཟེར།

པད་ཁ་ནི་ཡུས་ཧྲུའུ་གྲོང་ཁྱེར་རིན་པོ་གྲོང་རྡལ་གཡང་ཐར་སྡེ་བའི་ཡིན་པ་དང་། ཆུང་དུས་ནས་ཨ་ཡེ་ལ་བརྟེན་ནས་ནར་སོན་པ་ཡིན། ཆུང་ངུའི་དུས་སུ། དུས་རྒྱུན་ཨ་ཡེས་བསྐོལ་བའི་ཨན་ཏ་ཟོས་མྱོང་བ་དང་། རི་ལུང་ཀུན་ཏུ་ལྕི་བ་འཐུ་བ་དེ་ནི་པད་ཁ་ཡི་ཆེས་མཛེས་པའི་ཕྱིར་དྲན་ཤིག་ཡིན་པ་རེད། ནར་སོན་རྗེས། པད་ཁ་ཡི་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་རྒྱུགས་འཕྲོད་པ་དང་། སྨན་གྱི་ཤེས་བྱ་མང་པོར་སློབ་སྦྱོང་བྱས་པ་དང་། ད་དུང་ཆུར་ཁུ་ཨན་ཏ་ཡི་ཆེད་ལས་ཤེས་བྱར་དེ་བས་རྒྱུས་ལོན་གཏིང་ཟབ་བྱུང་། ཡུས་ཧྲུའུ་རུ་འབྱོར་རྗེས། པད་ཁ་ཡི་ཁྱིམ་དུ་ཆུར་ཁུ་ཨན་ཏའི་ཀ་ར་དང་། ལས་ཤེས་འདག་རྫས། ངོ་སྦྱོར་སོགས་ལས་སྣོན་བྱས།

ཆུར་ཁུ་ཨན་ཏ་ནི་ཅི་ཞིག་ཡིན་ནམ། འབྲོག་པ་ལས་གཞན་པའི་མི་རྣམས་ཀྱིས་ཤེས་མཁན་ཤིན་ཏུ་ཉུང་། དོན་ངོ་མར་དེ་ནི་ཟས་སུ་སྤྱོད་ཆོག་པར་མ་ཟད། ད་དུང་སྐྱི་ལྤགས་ལ་མཛེས་བཟོ་བྱེད་ཀྱང་ཆོག་པ་ཞིག་ཡིན། འབྲོག་པ་རྣམས་ཀྱིས་འོ་མའི་ནང་གི་མར་བླངས་རྗེས་དར་བ་སླ་ང་ནང་དུ་བླུགས་ནས་བསྐོལ་རྗེས་རས་ཁུག་ནང་དུ་བླུགས་ནས་ཆུ་བཙགས་ནས་ཐོན་པ་དེ་ལ་ཆུར་བ་ཟེར་བ་དང་། ཆུར་བ་བསྙལ་རྗེས་སྲ་གཟུགས་སུ་གྱུར་བ་དེ་ལ་ཨན་ཏ་ཟེར། དེ་ནི་བོད་སྐད་ཡིན་ཞིང་། འབྲོག་ཁུལ་བྱིས་པ་ཚོའི་སྲོལ་རྒྱུན་ཟས་རིགས་ཤིག་ཀྱང་ཡིན་པ་རེད།

པད་ཁ་ཡིས་བཤད་རྒྱུར། ཁྱིམ་ནས་ལས་ཀ་དེ་དག་ལས་ཏེ་ཡོང་སྒོ་ཅུང་ཙམ་ཡོད་རྗེས། པད་ཁ་དང་ཕུགས་འདུན་གཅིག་པའི་གྲོགས་པོ་འགས་འབྲོག་མོའི་བཟོ་ཚོང་ཀུང་ཟི་ཞིག་བཙུགས་པ་དང་། ཐོན་སྐྱེད་དང་ལས་སྣོན་གཞི་ཁྱོན་རྒྱ་སྐྱེད། ཁོ་མོ་དང་མཉམ་ལས་བྱེད་མཁན་རྣམས་རག་ཤུག་གོང་མ་ཡུལ་ཚོ་དང་མཐའ་འཁོར་གྱི་ཡུལ་ཚོ་དང་གྲོང་རྡལ་རུ་སོང་ནས་འབྲོག་ཁྱིམ་སུམ་བརྒྱ་ལྷག་དང་ཉོ་བསྡུའི་གན་རྒྱ་བཞག་པ་དང་། དུས་ཚིགས་རང་བཞིན་ལྡན་པའི་སྒོ་ནས་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་བུད་མེད་རྣམས་ལས་བཟོ་བ་བྱེད་དུ་བཅུག འདིས་ཁྱིམ་ཚང་མང་པོའི་ཡོང་སྒོ་འཕར་སྣོན་བཏང་སྟེ། ཁོ་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་སོང་།  དེ་ལས་དགའ་འོས་པ་ཞིག་ནི་ཨ་ཡེའི་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་བྱེད་ཐུབ་པ་བྱུང་བ་དང་། ད་ལྟ་ང་རང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པར་ངོས་འཛིན་བྱས་ཡོད་ཟེར།

རིན་ཆེན་གྱིས་མི་གཅིག་ཕྱུག་པོར་གྱུར་ན་དེ་ལ་ཕྱུག་པོ་མི་ཟེར་ཞེས་བཤད།

རིན་ཆེན་གྱིས་ང་ནི་ནོར་གནག་གི་རྗེས་ནས་ནར་སོན་པའི་ཁམས་པ་ཞིག་ཡིན་པ་དང་། ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་ངའི་ཆེས་ཆེ་བའི་ཕུགས་འདུན་ཡིན་ཟེར།

རིན་ཆེན་ནི་དཔལ་ཐང་རྩྭ་ཐང་ནས་འཚར་ལོངས་བྱུང་བ་དང་། འགྲོ་ཤེས་དུས། རིན་ཆེན་ཨ་ཅེ་ཡི་རྗེས་དེད་དེ་ཕྱུགས་འཚོ་རུ་འགྲོ་བ་དང་། འོ་མ་བཞོ་རུ་འགྲོ་བཞིན་ཡོད། ནར་སོན་རྗེས། རིན་ཆེན་ཡུས་ཧྲུའུ་རྫོང་མཁར་དུ་སོང་ནས་གྱོན་ཆས་ཀྱི་ཚོང་གཉེར་བས་བྲེལ་བ་ཤིན་ཏུ་ཆེ། ཁོས་བཤད་རྒྱུར། ཁོ་རང་ཟླ་རེ་རེར་དཔལ་ཐང་རྩྭ་ཐང་དུ་སོང་ནས་ཉིན་གཉིས་ལ་འདུག་སྲིད། ཡུལ་མི་ཚོས་དབུལ་ཕོངས་ཀྱི་འཚོ་བ་རོལ་བཞིན་ཡོད་པ་དང་། སྔོན་ཆད་ནག་ཡུག་ཡུག་བྱེད་པའི་ནོར་གནག་གི་རྩིད་པར་མདངས་མེད་པར་གྱུར་བ་མཐོང་བ་ན། སེམས་སྡུག་བྱུང་ཞེས་བཤད།

2014ལོར། རིན་ཆེན་གྱིས་རིན་ཆེན་ནོར་མཆོག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཞེས་པ་ཞིག་བཙུགས་ཏེ། འབྲོག་པ་ཚོས་རང་ཁྱིམ་གྱི་ནོར་གནག་དང་རྩྭ་ས་མ་རྐང་དུ་བཞག དེའི་འཕྲོར་ཁོས་ཆུ་དམར་ལེབ་རྫོང་ནས་འབྲོང་རྒྱུད་ནང་འདྲེན་བྱས་ནས་ཕྱུགས་རྒྱུད་ལེགས་བཅོས་བྱས་པར་མ་ཟད། སྲིད་གཞུང་གི་རོགས་སྐྱོར་འོག་ཏུ། བཟོ་གྲྭ་བཙུགས་ནས་འཁོར་ཁང་དང་། ཚོད་ལྟ་ཁང་། འཁྱག་ཁང་སོགས་ལས་པར་མ་ཟད། ཚོང་རའི་རིན་གོང་ལས་མཐོ་བའི་སྒོ་ནས་འབྲོག་པའི་འོ་མ་ཉོ་བསྡུ་བྱས་པ་དང་། འབྲི་མོའི་འོ་མའི་བྲོ་བ་ལྡན་པའི་འོ་ཟས་ལས་སྣོན་བྱས་པས། ཐོན་ལས་ཅན་གྱི་ལས་གཉེར་གྱི་བགྲོད་ལམ་ཞིག་དུ་བསྐྱོད།

ད་ལྟ། མ་རྐང་དུ་བཞག་པའི་འབྲོག་པ་འབུམ་གཉིས་ལྷག་ལ་སླེབས་པ་དང་། འབྲི་མོ་བཞི་བརྒྱ་ལྷག་ཡོད་ལ། རྩྭ་ས་མུའུ་འབུམ་གཅིག་ལྷག་ཡོད། དེ་ལས་གཞན། འབྲོག་པའི་ཁྱིམ་ཚང་གི་ན་གཞོན་དང་དར་མ་ངལ་རྩོལ་པ་ད་དུང་མཉམ་ལས་ཁང་དུ་ལས་ཀར་ཞུགས་ཡོད། རིན་ཆེན་གྱིས་མཉམ་ལས་ཁང་དུ་ད་ལྟ་ལས་བཟོ་བ་བཞི་བཅུ་ཡོད་པ་དང་། མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་བཞི་ལས་བརྒལ་བ་དང་། ཁྱིམ་ཚང་རེ་རེར་བྱ་དགའི་སྒོར་མོ་ཁྲི་གཉིས་ལྷག་བྱིན་ཞེས་བཤད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།