ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཡོངས་ཚུལ་ལྡན་ཁྱིམ་ཚང་གི་འཐུས་མི་ལ་མཇལ་འཕྲད་མཛད་སྐབས་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག
ཀྲུང་ཧྭ་མི་རིགས་ཀྱིས་ཐོག་མ་ཉིད་ནས་ཁྱིམ་ཚང་ལ་མཐོང་ཆེན་བྱེད་ཀྱི་ཡོད། དེ་ཡང་“གནམ་འོག་གི་གཞི་མ་ཁྱིམ་ཚང་ཡིན”ཞེས་ཟེར་བ་ལྟར་རེད། རྒན་བཀུར་བྱིས་སྐྱོང་དང་། ཆུང་མ་མཛངས་ན་ཁྱོ་ག་བློ་བདེ། བྱམས་པའི་མ་ལ་བཀུར་བའི་བུ་དང་། མཛའ་བའི་གཅེན་པོར་གུས་པའི་གཅུང་། སོ་ནམ་ལས་ཀྱི་ཁྱིམ་ཐབ་སྐྱོང་ཞིང་། རིག་པའི་གནས་ཀྱིས་སྤྱོད་བཟང་སྤེལ་བ། བརྩོན་བསྲིས་ཁྱིམ་གཞི་སྐྱོང་། ཡོན་ཏན་ལྡན་ལ་གུས་ལུགས་ཤེས། སྒྲིག་ལམ་སྲུང་ཞིང་བཅའ་ཁྲིམས་བརྩི། འཆམ་པའི་ཁྱིམ་གྱིས་དོན་ཀུན་འགྲུབ་ཅེས་པ་སོགས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་གི་སྲོལ་རྒྱུན་བཟང་པོ་འདི་བཞིན་ཀྲུང་གོ་བའི་སེམས་ལ་འཇགས་ཡོད་པ་དང་། ཀྲུང་གོ་བའི་ཟུངས་ཁྲག་གི་ནང་དུ་འདྲེས་ཡོད་ཅིང་། དེ་དག་ནི་ཀྲུང་ཧྭ་མི་རིགས་ཉིད་ཉམས་པ་མེད་པར་འཚོ་ཞིང་གནས་ཏེ་རིགས་རྒྱུད་ཀྱི་མེ་སོན་གཅིག་ལ་གཅིག་རྒྱུད་ཀྱིས་འཕེལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན།
རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་མུ་མཐུད་ཟབ་སྤེལ་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ། རང་རྒྱལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་མཐོ་རུ་འགྲོ་བ་བཅས་དང་སྦྲགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཚང་གི་གྲུབ་ཚུལ་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གསར་པ་བྱུང་ཞིང་འབྱུང་མུས་ཡིན། ཡིན་ནའང་། དུས་རབས་ལ་འགྱུར་བ་གང་འདྲ་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གང་འདྲ་བྱུང་ཡང་སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན། ཁྱིམ་ཚང་གི་འཚོ་བའི་རྟེན་གཞི་ནི་ཚབ་ཏུ་མེད་པ་ཞིག་ཡིན་པ་དང་། ཁྱིམ་ཚང་གི་སྤྱི་ཚོགས་ནུས་པ་ནི་ཚབ་ཏུ་མེད་པ་ཞིག་ཡིན་ཞིང་། ཁྱིམ་ཚང་གི་ཡ་རབས་ཚུལ་ལྡན་གྱི་ཕན་ནུས་ནི་ཚབ་ཏུ་མེད་པ་ཞིག་ཡིན། འདས་མ་འོངས་ད་ལྟ་ཀུན་ཏུ་མི་མང་ཆེ་བས་ཁྱིམ་ཚང་དུ་འཚོ་བ་སྐྱེལ་གྱི་ཡོད། ང་ཚོས་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་། མི་རིགས་ཡར་རྒྱས། སྤྱི་ཚོགས་ཞི་མཐུན་བཅས་ཡོང་བའི་གནས་གཞི་གལ་ཆེན་ཞིག་ཆགས་པ་དང་། མི་རྣམས་ཀྱིས་ཕུགས་བསམ་ཀྱི་མགོ་འཛུགས་ས་ཆགས་པར་ཧུར་ཐག་བྱེད་དགོས། འདིར་ངས་ཚང་མར་རེ་བ་འགའ་འདོན་རྒྱུ་ཡིན།
དང་པོ། ཚང་མས་ཁྱིམ་ཚང་ལ་མཐོང་ཆེན་བྱེད་པའི་རེ་བ་ཡོད། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་ཕྲ་ཕུང་ཡིན། ཁྱིམ་ཚང་ཞི་མཐུན་བྱུང་ན་སྤྱི་ཚོགས་བདེ་འཇགས་ཡོང་བ་དང་། ཁྱིམ་ཚང་བདེ་སྐྱིད་བྱུང་ན་སྤྱི་ཚོགས་ཞོད་འཇགས་ཡོང་ཞིང་། ཁྱིམ་ཚང་ཚུལ་ལྡན་བྱུང་ན་སྤྱི་ཚོགས་ཚུལ་ལྡན་ཡོང་གི་རེད། ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་ཁྱིམ་ཚང་གི་མདུན་ལམ་དང་ལས་དབང་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དམ་པོར་འབྲེལ་ནས་ཡོང་པ་ང་ཚོས་ཤེས་ཀྱི་ཡོད། ཁྱིམ་ཚང་ཁྲི་སྟོང་མང་པོ་ཡག་པོ་བྱུང་ན། རྒྱལ་ཁབ་གཞི་ནས་ཡག་པོ་ཡོང་བ་དང་། མི་རིགས་གཞི་ནས་ཡག་པོ་ཡོང་བ་ང་ཚོས་ཤེས་དགོས། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་བསྐྱར་དར་ཡོང་བ། མི་དམངས་བདེ་སྐྱིད་ལྡན་པ་ཟེར་བ་ནི་དོན་སྤྱི་ཙམ་མ་ཡིན་པར། མཐར་ཐུག་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བའི་ཐོག་ནས་མཚོན་དགོས་ལ། མི་དམངས་དུང་ཕྱུར་མང་པོས་འཚོ་བ་རྒྱུན་ཆད་མེད་པར་ལེགས་འགྱུར་ཡོང་བའི་ཐོག་ནས་མཚོན་དགོས། དེ་དང་ཕྱོགས་མཚུངས་སུ། རྒྱལ་ཁབ་ཡག་པོ་བྱུང་བ་དང་མི་རིགས་ཡག་པོ་བྱུང་ན། གཞི་ནས་ཁྱིམ་ཚང་ཡག་པོ་ཡོང་བ་དེ་ཡང་ང་ཚོས་ཤེས་དགོས། དེང་སྐབས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་གསར་པའི་ཤུལ་ལམ་དུ་དཀའ་ངལ་ཁྱད་བསལ་གྱིས་མདུན་དུ་སྐྱོད་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་གསར་པའི་ཤུལ་ལམ་དུ་དཀའ་ངལ་ཁྱད་བསལ་གྱིས་མདུན་དུ་སྐྱོད་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་བྱུང་ན། གཞི་ནས་ཁྱིམ་ཚང་གི་ཕུགས་འདུན་འགྲུབ་ཐུབ་པ་རེད། ཀྲུང་གོ་བས་ཐོག་མ་ཉིད་ནས་བློ་དཀར་སེམས་དཀར་གྱིས་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབ་རྒྱུར་དང་དོད་བྱེད་པ་སྟེ། གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་ཨ་མས་བུ་ལ་ལྗར་པན་འགོག་པའི་སློབ་གསོ་གཏོང་ཞིང་ཆུང་མས་ཁྱོ་ག་གཡུལ་སར་སྐྱེལ་བ་དང་། སྤྱི་ཚོགས་རིངལུགས་འཛུགས་སྐྲུན་གྱི་དུས་སྐབས་སུ་ཁྱིམ་ཆེན་སྔོན་དང་། ཁྱིམ་ཆུང་རྗེས་ལ་འཇོག་པ་དང་། ཁྱིམ་ཆེན་གྱི་ཆེད་དུ་ཁྱིམ་ཆུང་བློས་གཏོང་བ་སོགས་ཚང་མའི་སྟེང་ནས་ཁྱིམ་ཁ་ཡར་འདྲེན་གྱི་དོན་གཉེར་མཚོན་ཡོད་ལ། རྒྱལ་ཁབ་ལ་འཆང་བའི་བླ་མེད་དུང་སེམས་ཀྱང་མཚོན་ཡོད།
རྒྱ་ཆེའི་ཁྱིམ་ཚང་རྣམས་ཀྱིས་རང་ཁྱིམ་དང་རྒྱལ་ཁབ་གཉིས་ཀར་དགའ་ཞེན་བྱ་རྒྱུ་གཅིག་གྱུར་བྱེད་པ་དང་། ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་མི་རིགས་ཀྱི་ཕུགས་འདུན་མངོན་འགྱུར་བྱ་རྒྱུའི་ནང་འཇོག་པ་དང་། བསམ་བློ་གཏོང་ས་གཅིག་དང་ཤེད་ཤུགས་འདོན་ས་གཅིག་བྱེད་ཅིང་། ང་རང་ཚོ་ཁྱིམ་ཚང་དུང་ཕྱུར་བཞི་ལྷག་དང་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་གི་བློ་རིག་དང་སྤྲོ་སེམས་གཅིག་ཏུ་བསྡུས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པ་བྱེད་དགོས།
གཉིས་པ། ཚང་མས་ཁྱིམ་ཚང་གི་སློབ་གསོར་མཐོང་ཆེན་བྱེད་པའི་རེ་བ་ཡོད། ཁྱིམ་ཚང་ནི་མི་ཚེའི་སློབ་ཁང་དང་པོ་ཡིན་པ་དང་། ཕ་མ་ནི་བུ་ཕྲུག་གི་དགེ་རྒན་དང་པོ་ཡིན། བུ་ཕྲུག་རྣམས་ཀྱིས་ཆུང་སྐད་ཆ་སྦྱོང་དུས་ནས་ཁྱིམ་ཚང་གི་སློབ་གསོ་དང་ལེན་བྱེད་ཀྱི་ཡོད་པས། ཁྱིམ་ཚང་སློབ་གསོ་གང་འདྲ་ཞིག་ཡིན་ན་བུ་ཕྲུག་དེ་འདྲ་ཞིག་འབྱུང་གི་རེད། ཁྱིམ་ཚང་གི་སློབ་གསོ་ཕྱོགས་མང་པོར་ཁྱབ་ཡོད་མོད། འོན་ཀྱང་གལ་ཆེ་ཤོས་ནི་ཀུན་སྤྱོད་ཀྱི་སློབ་གསོ་སྟེ། མི་ཅི་འདྲ་ཞིག་བྱ་རྒྱུའི་སློབ་གསོ་དེ་རེད།
དེ་ནི་གནའ་མིས“བུ་ལ་གཅེས་ན་ཚུལ་སྤྱོད་བསླབ”ཅེས་དང་། “བྱམས་ཀྱང་སྐྱོང་ལུགས་ཉེས་གྱུར་ན། བུ་ལ་གནོད་འཚེ་བཏང་བ་ཉིད།”ཅེས་ཟེར་བ་ནང་བཞིན་རེད། གཞོན་ནུ་ལོ་ཆུང་རྣམས་ནི་ཁྱིམ་ཚང་གི་མ་འོངས་པའི་རེ་བ་ཡིན་ལ། དེ་བས་ཀྱང་རྒྱལ་ཁབ་ཀྱི་མ་འོངས་པ་དང་རེ་བ་ཡིན། གནའ་མིས་ཀྱང་བུ་ཕྲུག་བསྐྱངས་ལ་མ་བསླབས་ན་ཕ་མའི་ནོར་འཁྲུལ་ཡིན་པ་ཤེས་ཡོད་ན། ཁྱིམ་བདག་ཚོས་རྗེས་རབས་པར་སློབ་གསོ་གཏོང་བའི་འགན་འཁུར་དགོས། ཁྱིམ་བདག་སྤྱི་དང་ཁྱད་པར་དུ་ཕ་མས་བུ་ཕྲུག་ལ་བག་ཆགས་ཧ་ཅང་ཆེན་པོ་འཇོག་ཐུབ་ཀྱི་ཡོད་ཅིང་། རྟག་པར་མི་ཞིག་གི་མི་ཚེ་གང་པོར་བག་ཆགས་འཇོག་ཐུབ་པ་རེད། ཀྲུང་གོའི་གནའ་རབས་ནས་བརྒྱུད་ཡོང་བའི་མིང་ཙིའི་ཨ་མས་ཁྱིམ་གནས་ཐེངས་གསུམ་ལ་སྤོས་པ་ཞེས་པ་དང་། ཡུའེ་ཧྥེའི་ཨ་མས་བུའི་རྒྱབ་ལ་ཡི་གེ་གཙགས་པ་ཞེས་པ། ཨ་མས་འདམ་རྩས་བུ་ལ་ཡི་གེ་སློབ་པ་ཞེས་པ་སོགས་ནི་དེ་འདྲའི་གཏམ་རྒྱུད་རེད། ངས་ཆུང་དུས་ཨ་མས་ཉོས་པའི་རི་མོའི་དེབ་ཆུང་《ཡུའེ་ཧྥེའི་གཏམ་རྒྱུད》ཅེས་པར་ལྟོས་མྱོང་ཡོད། དེར་མི་འབྲེལ་དེབ་ཆུང་བཅུ་ཁ་ཞིག་ཡོད་པ་ལས་གཅིག་དེ“ཡུའེ་ཧྥིའི་ཨ་མས་བུའི་རྒྱབ་ལ་ཡི་གེ་གཙགས་པ”ཞེས་པ་ཡིན་པ་དང་། བློ་དཀར་སེམས་དཀར་གྱིས་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབས་པའི་མཛད་བཟང་དེ་མིའི་སེམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཕ་མ་དང་ཁྱིམ་བདག་རྣམས་ཀྱིས་ཀུན་སྤྱོད་འདུ་ཤེས་བཟང་པོ་ཆུང་དུས་ནས་བུ་ཕྲུག་ལ་བསླབས་ཏེ། ཁོ་ཚོ་ལ་ལ་རྒྱ་དང་སྙིང་སྟོབས་ཡོད་པའི་མི་ཞིག་བྱེད་པར་ཁྲིད་སྟོན་དང་། ཁོ་ཚོར་བསམ་པ་བཟང་པོ་ཆགས་པར་རོགས་རམ། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཅས་བྱས་ཏེ། ནར་སོན་རྗེས་རྒྱལ་ཁབ་དང་མི་དམངས་ལ་ཕན་ཐོགས་ཡོད་པའི་སྐྱེ་བོ་ཞིག་ཆགས་པ་བྱེད་དགོས།
རྒྱ་ཆེའི་ཁྱིམ་ཚང་རྣམས་ཀྱིས་ཁ་ཏ་བསླབ་བྱ་དང་། མིག་ལྟོས་ཡར་འདྲེན་བྱེད་པར་མཐོང་ཆེན་དང་། ཤེས་བྱ་ཡོན་ཏན་དང་ཀུན་སྤྱོད་བཟང་པོ་སློབ་པར་མཐོང་ཆེན། རང་དཔེ་གཞན་སྟོན་དང་། མིག་འདྲིས་རྣར་འཇགས་བྱས་ཏེ། བུ་ཕྲུག་རྣམས་ལ་རོགས་རམ་བྱས་ཏེ་མི་ཚེའི་སྒྲོག་གུ་དང་པོ་དེ་ཡག་པོར་སྒྲོག་ཏུ་འཇུག་དགོས་པ་དང་། མི་ཚེའི་སྐས་རྐང་དང་པོ་དེར་བདེ་བླག་ཏུ་སྤོ་རུ་འཇུག་དགོས། ཁྱིམ་ཚང་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ་དང་། ཁྱིམ་མི་སྤྱི་དང་ཁྱད་པར་དུ་མི་རབས་རྗེས་མར་ཏང་དང་། མེས་རྒྱལ། མི་དམངས། ཀྲུང་ཧྭ་མི་རིགས་བཅས་ལ་དགའ་ཞེན་བྱེད་པར་སྣེ་ཁྲིད་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་པོ་ཧུར་བརྩོན་ཆེན་པོས་རྒྱུད་སྤྲོད་བྱེད་པ་དང་། རྒན་བཀུར་བྱིས་སྐྱོང་དང་། ཕོ་མོ་འདྲ་མཉམ། ཁྱོ་ཤུག་ཞི་མཐུན། བརྩོན་བསྲིས་ཁྱིམ་སྐྱོང་། ཁྱིམ་མཚེས་མཐུན་སྒྲིལ་བཅས་ཀྱི་འདུ་ཤེས་བརྒྱུད་སྤྲོད་བྱེད་པ། བློ་དཀར་བ་དང་། འགན་འཁྲི་འཁུར་བ། མཛའ་ཞིང་བརྩེ་བ། སློབ་སྦྱོང་ལ་དགའ་བ། སྤྱི་ཕན་ལ་གཞོལ་བ་བཅས་ཀྱི་འདུ་ཤེས་དར་སྤེལ་བྱས་པའི་ཐོག་ནས། མི་རྣམས་ཀྱིས་ཁྱིམ་ཚང་ལ་བདེ་སྐྱིད་སྐྲུན་པ་དང་། མི་གཞན་ལ་དྲོད་ཁོལ་སྦྱིན་པ་དང་། སྤྱི་ཚོགས་ལ་བྱས་རྗེས་འཇོག་པའི་གོ་རིམ་ནང་དུ་བསམ་པའི་གོ་རྟོགས་མཐོ་རུ་གཏོང་བ་དང་། ཡ་རབས་སྤྱོད་ལམ་སྐྱེད་སྲིང་བྱེད་པར་སྐུལ་འདེད་གཏོང་དགོས།
གསུམ་པ། ཚང་མས་ཁྱིམ་སྲོལ་ལ་མཐོང་ཆེན་བྱེད་པའི་རེ་བ་ཡོད། ཁྱིམ་སྲོལ་ནི་སྤྱི་ཚོགས་དར་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁྱིམ་ཚང་ནི་མི་རྣམས་ཀྱིས་ལུས་ཀྱི་བསྡད་ས་ཙམ་གྱིས་མི་ཚད་པར་སེམས་ཀྱི་རྟེན་གཞིའང་ཡིན། ཁྱིམ་སྲོལ་ཡག་ན་ཁྱིམ་ཚང་གི་འཁྱེར་འཁོས་དར་ཞིང་ཞི་མཐུན་བདེ་སྐྱིད་ཡོང་བ་དང་། ཁྱིམ་སྲོལ་ཞན་ན་བུ་རབས་ཚ་རྒྱུད་ལ་བར་ཆད་འབྱུང་ཞིང་སྤྱི་ཚོགས་ལའང་གནོད་པ་བཟོ་བ་ནི། ཅི་སྐད་དུ“དགེ་བའི་ལས་ནི་གསོག་པ་ཡིན། ། ཁྱིམ་ལ་རྟག་ཏུ་བཀྲ་ཤིས་འགྱུར་། ། མི་དགེའི་ལས་ནི་གསོག་པ་དེའི། ། ཁྱིམ་ལ་ཆག་སྒོ་རྒྱུན་མི་ཆད། ། ”ཅེས་པ་བཞིན་རེད། ཀྲུའུ་ཀོ་ལེང་གིས་བུ་ལ་གདམས་པའི་བསླབ་བྱ་དང་། ཡན་ཚང་གི་ཁྱིམ་སྤྱོད་བསླབ་བྱ། ཀྲུའུ་ཙིའི་ཁྱིམ་སྤྱོད་བསླབ་བྱ་བཅས་ཚང་མ་ལས་ཁྱིམ་སྲོལ་ཞིག་སྤེལ་ཡོད་པ་རེད། བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ་སོགས་གསར་བརྗེའི་རྒན་རབས་པ་རྣམས་ཀྱིས་ཁྱིམ་སྲོལ་ལ་ཧ་ཅང་མཐོང་ཆེན་གནང་ཡོད། ངས་གསར་བརྗེའི་སྔོན་གཤེགས་དཔའ་བོ་མང་པོས་རང་སོའི་བུ་ཕྲུག་ལ་གནང་བའི་ཞལ་ཆེམས་མཇལ་མྱོང་བ་དང་། དེ་དག་ལ་བཀོད་པའི་བཅོལ་གདམས་སྒམ་པོ་དང་རེ་གཞག་ནན་པོས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།
རྒྱ་ཆེའི་ཁྱིམ་ཚང་རྣམས་ཀྱིས་ཁྱིམ་སྲོལ་བཟང་པོ་དར་སྤེལ་བཏང་ནས། ཁྱིམ་ཚང་ཁྲི་སྟོང་མང་པོས་ཁྱིམ་སྲོལ་བཟང་པོས་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་བཟང་པོ་གདུང་འདེགས་བྱེད་དགོས། ཁྱད་པར་དུ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྱིམ་སྲོལ་བཟང་པོ་ཡག་པོར་འཛིན་དགོས། 《གུས་སྲོལ .བསླབ་ཆེན》ཞེས་པའི་གཞུང་དུ། “རྒྱལ་ཁབ་སྐྱོང་ན་ཐོག་མར་རང་ཁྱིམ་ལེགས་པར་སྐྱོང་ནུས་དགོས་ཏེ། ཁྱིམ་ཚང་ཡག་པོ་སྐྱོང་བར་མི་ནུས་པ་ཞིག་གིས་གཞན་དག་སྐྱོང་ག་ལ་ནུས།”ཞེས་འཁོད། འགོ་ཁྲིད་ལས་བྱེད་པས་ཁྱིམ་སྲོལ་ནི་རང་ཉིད་ཀྱི་ཁྱིམ་ཚང་དང་འབྲེལ་བ་ཡོད་པ་མ་ཟད། ཏང་སྲོལ་དང་སྲིད་སྲོལ་ལ་ཡང་འབྲེལ་བ་ཡོད། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་། ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་དར་སྤེལ་བཏང་སྟེ། ཅའོ་ཡུས་ལུའུ་དང་། ཀུའུ་ཝན་ཁྲང་། དབྱང་ཧྲན་ཀྲོའུ་སོགས་པའི་བློ་མཐུན་རྣམས་ལ་སློབ་སྦྱོང་བྱེད་དགོས་ཤིང་། ཁྱིམ་སྲོལ་འཛུགས་སྐྲུན་བྱེད་པའི་དཔེ་བཟང་བཏོན་པ་དང་། ལུས་སེམས་སྦྱང་རྒྱུ་དང་ཁྱིམ་ཐབས་བསྐྱང་རྒྱུ་དེ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་བླ་ན་མེད་པའི་ཀུན་སྤྱོད་བཟང་པོ་དང་། ལྷད་ཀྱིས་མ་ཞུགས་པའི་འཚོ་བའི་དགའ་ཕྱོགས་འཛིན་སྐྱོང་བྱེད་དགོས་ཤིང་། ཁྱིམ་དང་བུ་ཕྲུག་ལ་བླང་བྱ་ནན་པོ་འདོན་པ་དང་། གཉེན་ཉེའི་འགག་སྒོ་བདེ་བརྒལ་བྱས་ཏེ། ཁོ་ཚོར་ཁྲིམས་སྲུང་སྒྲིག་བརྩི་དང་དཀའ་སྤྱད་བབ་ཆགས། རང་ཁ་རང་གསོ་བཅས་བྱེད་པའི་འདུ་ཤེས་བཟང་པོ་བཅས་འཛིན་པ་དང་། ཁེ་མཐོང་བདེན་བསྐྱུར་དང་། རྒྱུ་ཟ་ཁྲིམས་འགལ་བྱེད་རིགས་ཚང་མ་རྒྱུ་འབྲས་མེད་པའི་ལས་ཡིན་ལུགས་ཤེས་སུ་བཅུག་སྟེ་སྤྱི་ཚོགས་ཡོངས་ལ་མིག་དཔེ་སྟོན་དགོས།
དེ་རིང་གཟེངས་བསྟོད་ཐོབ་པའི་ཁྱིམ་ཚང་རྣམས་ཀྱིས་མཚན་སྙན་ལ་གཅེས་སྤྲས་དང་། ཡང་འབད་བསྐྱར་འབད་བྱེད་པ་དང་། རྒྱལ་ཡོངསཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོས་ལས་སྒོ་རྩོམ་པར་སྐུལ་ཁྲིད་བྱས་ཏེ། ཐུན་མོང་ཐོག་ཁྱིམ་ཚང་ཞི་མཐུན་དང་ནང་མི་མཛའ་མཐུན། མི་རབས་རྗེས་མ་བདེ་ཐང་ངང་འཚར་ལོངས་ཡོང་བ། རྒན་རབས་པ་རྒས་ན་གསོ་རྟེན་ཡོད་པ་བཅས་ཡོང་ཆེད་འབད་བརྩོན་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་མཐོར་འདེགས་གཏོང་ཆེད་འབད་བརྩོན་བྱེད་དགོས།
རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་དཔྱིས་ཕྱིན་པ་བྱས་ཏེ་འགོ་ཁྲིད་ཀྱི་འགན་ཁུར་དེ་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ལས་ཀའི་འཆར་གཞིའི་ནང་འཇོག་དགོས། བཟོ་ཚོགས་དང་། གུང་གཞོན་ཚོགས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པས་སོ་སོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱེད་དགོས། ཕྱོགས་སོ་སོ་ཚང་མས་སྤྲོ་སེམས་འཁོལ་བའི་ངང་ནས་འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སེམས་ཁུར་དང་རོགས་རམ་བྱས་ནས་ཁོ་ཚོའི་དཀའ་ངལ་སེལ་རོགས་བྱེད་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྡེ་ཁག་གིས་གཅིག་འདོམས་དང་། མཐུན་སྦྱོར། ཁྲིད་སྟོན། ལྟ་སྐུལ་བཅས་ཀྱི་ནུས་པ་བཏོན་ཏེ་སྤྱི་ཚོགས་ཀྱི་ལས་རིགས་ཁག་དེའི་ནང་རྒྱ་ཁྱབ་དུ་ཞུགས་པར་སྐུལ་སློང་བྱེད་དགོས་པ་དང་། རྒྱལ་ཁབ་དང་ཁྱིམ་ཚང་ལ་དགའ་ཞེན་ཆེ་བ་དང་། ནང་མི་ཕན་ཚུན་བྱམས་ཤིང་མཛའ་བ། ཁ་ཡར་ལྟ་དང་དགེ་བ་ལྷུར་ལེན། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་དཔལ་ཡོན་གྱི་དར་སྲོལ་གསར་བ་ཆགས་པར་སྐུལ་འདེད་གཏོང་དགོས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།