ཐེངས་དེའི་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི། ཉམས་མྱོང་ཕྱོགས་སྡོམ་དང་། གནས་བབ་ལ་དབྱེ་ཞིབ། ལས་འགན་གསལ་བོ་བཅས་བྱས་ཏེ། མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་བཀོད་སྒྲིག་བྱས་བ་དང་། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱེད་པར་སྐུལ་སློང་བྱས་ཏེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་བྱ་རྒྱུ་དེ་ཡིན།
ང་ཚོའི་ཏང་གིས་སྔར་ནས་བཟུང་བཅའ་ཁྲིམས་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་ཀྱི་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ང་ཚོའི་ཏང་གིས་《ཀྲུང་ཧྭ་སུའུ་ཝེ་ཨེ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྩ་གནད》དང་དེ་བཞིན་བཅའ་ཁྲིམས་དང་བཀའ་ཁྲིམས་འབོར་ཆེན་གཏན་འབེབས་བྱས་པ་དང་།“མ་ཞི་ཝུའུ་ཡི་འདྲི་གཅོད་བྱེད་སྟངས་”གསར་གཏོད་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དུས་སྐབས་སུ། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ“ལྔ་བཞིའི་རྩ་ཁྲིམས”དང་། རྒྱལ་ཁབ་སྒྲིག་གཞིའི་རྩ་འཛུགས་བཅའ་ཁྲིམས། འདེམས་བསྐོའི་བཅའ་ཁྲིམས། གཉེན་སྒྲིག་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གལ་ཆེན་རབ་དང་རིམ་པ་གཏན་འབེབས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྒྲོམ་གཞི་མ་ལག་བཙུགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་གཏན་འཁེལ་བྱས་པ་རེད། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དུས་སྐབས་གསར་པར་སླེབས་སྐབས། ང་ཚོའི་ཏང་གིས“བརྩི་སྲུང་བྱེད་སའི་ཁྲིམས་ ཡོད་པ་དང་། ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་པ། ཁྲིམས་འཛིན་ནན་མོ་བྱེད་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་པ”བཅས་ཀྱི་བྱེད་ཕྱོགས་བཏོན་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་གནང་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩའི་ཇུས་གཞི་ཡིན་པ་དང་། ཁྲིམས་ལྟར་སྲིད་དོན་སྐྱོང་བ་ནི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་ཀྱི་གཞི་རྩའི་བྱེད་ཐབས་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་བ་ནན་གྱིས་བསྟན་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་པ་གསལ་བོར་བསྟན་པར་མ་ཟད། དེ་ཉིད“ ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་བཅུག་ནས་སྐུལ་འདེད་ནུས་ལྡན་བྱས་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཆེད་དུ་ཞིབ་འཇུག་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཆོད་དོན་བཀོད་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་རྗེས། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སླར་ཡང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ང་ཚོས“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཡིན”ཞེས་པ་རྩ་ཁྲིམས་ནང་བཀོད་པ་དང་། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་བསྟར་འགན་ལེན། ཁྲིམས་འཛིན་ལ་རྒྱབ་སྐྱོར། སྣེ་ཁྲིད་དེ་ཁྲིམས་སྲུང་བ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་བས། ཏང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་སྔར་བས་ཞུམ་མེད་སྟོབས་ལྡན་དུ་གྱུར་ཡོད། ང་ཚོས་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་བཏང་བ་དང་། བཅའ་ཁྲིམས་ཚད་ལྡན་དང་། ཁྲིམས་སྐྱོང་ལག་བསྟར། ཁྲིམས་སྐྱོང་ལྟ་སྐུལ། ཁྲིམས་སྐྱོང་འགན་ལེན། ཏང་ནང་གི་ཁྲིམས་སྲོལ་མ་ལག་བཅས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་ཡོད། ང་ཚོས་ཁྱབ་ཁོངས་གལ་ཆེན་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་དང་། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་འཛུགས་པ། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བ། དམངས་ཡོངས་ཀྱི་བཅའ་ཁྲིམས་ ཁྱབ་གདལ་ལ་ཤུགས་སྣོན་དང་ཁྲིམས་ལྟར་དམག་སྐྱོང་ལ་ཤུགས་སྣོན། ཁྲིམས་སྐྱོང་ཆེད་ལས་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། མ་ཉེས་ཁ་གཡོག་གི་གྱོད་གཞི་ཁག་གཅིག་ཁྲིམས་ལྟར་ཡོ་བསྲང་བཅས་བྱས་པས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
དེང་སྐབས་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་ནང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་དགོས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་དམ་འཛིན་བྱེད་པ། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཤུགས་འདོན་སར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་སྟེང་བསྐྱོད་པ་དང་། ཁྲིམས་སྐྱོང་འགྲོ་ལམ་སྟེང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས། གཤམ་གྱི་བྱ་བ་དག་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱ་དགོས།
དང་པོ། ཏང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། ང་ཚོའི་ཏང་ནི་འཛམ་གླིང་ཐོག་གི་སྲིད་འཛིན་ཏང་ཆེ་ཤོས་ཤིག་ཡིན་ཞིང་། འཛམ་གླིང་ཐོག་མི་གྲངས་མང་ཤོས་ཀྱི་རྒྱལ་ཁབ་ལ་འགོ་ཁྲིད་བྱེད་ཀྱིན་ཡོད་པས། ཇི་ལྟར་དབང་ཆ་ཡག་པོ་འཛིན་པ་དང་སྲིད་དོན་ཡག་པོ་སྐྱོང་བ། ཇི་ལྟར་མི་དམངས་དུང་ཕྱུར14རྩ་འཛུགས་དང་སྐུལ་སློང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་ཚད་མཐོན་པོ་གནང་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ལོ་རྒྱུས་ནི་བསླབ་དེབ་ལེགས་པོ་ཞིག་ཡིན་ལ་རིག་པ་གསལ་བྱེད་ཀྱི་བྱེད་ཐབས་ཀྱང་ཡིན། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཡོད་ལ་ནོར་འཛོལ་བྱུང་བའི་བསླབ་བྱའང་ཡོད། ལྷག་པར་དུ་ལོ་བཅུའི་ནང་ཟིང་གི་སྐབས་སུ། ཁྲིམས་ལུགས་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། ཏང་དང་མི་དམངས་ཀྱིས་རིན་དོད་ཆེན་པོ་བཏང་ཡོད། “རིག་གནས་གསར་བརྗེ་ཆེན་པོ”མཇུག་རྫོགས་རྗེས། བློ་མཐུན་ཏིན་ཞའོ་ཕེན་གྱིས་གནད་དོན་འདི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པའི་མཐོ་ཚད་དུ་བཞག་ནས། “ངེས་པར་དུ་ཁྲིམས་ལུགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ངེས་པར་དུ་དམངས་གཙོ་ལམ་ལུགས་ཅན་དང་བཅའ་ཁྲིམས་ཅན་དུ་བསྒྱུར་དགོས”ཞེས་ནན་བཤད་གནང་བ་རེད། དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཐོག་ནས་ང་ཚོར་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་ཇི་ཙམ་རྙོག་འཛིང་ཆེ་ན་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་དེ་ཙམ་གྱིས་ལྕི་བ་དང་། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱ་ཐབས་ལ་བརྟེན་ནས་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་བ་དང་། སྲིད་འཛིན་བྱེད་སྟངས་ལེགས་བཅོས་བྱེད་པ། སྲིད་འཛིན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་བྱེད་དགོས་པ་གསལ་བཤད་བྱས་ཡོད།
ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་གི་འགོ་ཁྲིད་ཉམས་ཞན་དུ་གཏོང་བ་གཏན་ནས་མིན་པར། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱ་དགོས་པ་དེ་ཏང་ཡོངས་ཀྱི་བློ་མཐུན་ཚང་མས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར་བྱ་དགོས། ཏང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལས་དོན་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ནུས་ཡོད་སྒོས་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས་རྒྱལ་སྐྱོང་སྲིད་གཉེར་བྱེད་པར་འགན་ལེན་བྱེད་དགོས་ལ་ཏང་ནང་གི་ཁྲིམས་སྲོལ་གཞིར་བཟུང་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་དང་ཏང་ནན་མོས་སྐྱོང་བར་ཡང་འགན་ལེན་བྱ་དགོས།
2015ལོར། ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་བྱ་བའི་སྙན་ཞུར་ཉན་པ་ཡིན་ལ། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་འཇུག་གྲོས་སྡུར་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་སོགས་ཀྱི་སྟེང་ནས། ཏང་ཆེའམ་ཁྲིམས་ཆེ་ཞེས་པ་ནི་ཆབ་སྲིད་ཀྱི་གཡོ་སྒྱུ་ཞིག་དང་བརྗོད་གཞི་བཅོས་མ་ཞིག་ཡིན་ལ། གནད་དོན་འདིར་ང་ཚོས་ཚིག་དོན་གསལ་བོའི་སྒོ་ནས་ལན་གསལ་བོར་འདེབས་དགོས། ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་ཁ་གཏད་དུ་ལངས་པ་ཞིག་གཏན་ནས་མིན་པར་གཅིག་གྱུར་ཡིན་པ་རེད། རང་རྒྱལ་གྱི་བཅའ་ཁྲིམས་ཐོག་ནས་ཏང་དང་མི་དམངས་ཀྱི་འདོད་བློ་གང་ལེགས་སྒོས་མཚོན་པ་དང་། ང་ཚོའི་ཏང་གིས་ཁྲིམས་ལྟར་ལས་དོན་སྒྲུབ་པའི་འབྲེལ་བ་འདི་ནི་ཕན་ཚུན་གཅིག་གྱུར་གྱི་འབྲེལ་བ་ཡིན་པས། ཏང་གི་འགོ་ཁྲིད་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་བླ་སྲོག་ཡིན་པ་དང་། རང་རྒྱལ་གྱི་ཁྲིམས་སྐྱོང་དང་ནུབ་ཕྱོགས་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གི་ཁྱད་པར་ཆེ་ཤོས་ཡིན་པ་ཏང་ཡོངས་ཀྱི་བློ་མཐུན་ཚང་མས་བློ་ལ་བརྟན་པོར་ངེས་དགོས། ཏང་གི་འགོ་ཁྲིད་དང་ཁ་བྲལ་ཚེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་ནུས་ལྡན་གཏོང་མི་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་མི་ཐུབ་པ་གསལ་བོར་བསྟན་ཡོད།
ང་ཚོས“ཏང་ཆེའམ་ཁྲིམས་ཆེ”ཞེས་པའི་གནད་དོན་མེད་ཅེས་བཤད་པ་དེ་ནི་ཏང་འདི་ཉིད་སྲིད་འཛིན་ཧྲིལ་པོ་ཞིག་དང་ཏང་གི་སྲིད་འཛིན་གནས་བབ་དང་འགོ་ཁྲིད་གནས་བབ་ལ་གཞིགས་ནས་བཤད་པ་ཞིག་ཡིན་པས། བྱེ་བྲག་ཏུ་ཏང་སྲིད་རྩ་འཛུགས་ཁག་དང་འགོ་ཁྲིད་ལས་བྱེད་པ་ཚང་མས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས། དོན་དག་ཁ་ཤས་ཤིག་ཏང་ཨུར་ཕུལ་ནས་གདེང་ཚོད་བྱ་དགོས་མོད། འོན་ཀྱང་གདེང་ཚོད་དེ་རིགས་སྒེར་གྱི་བརྩེ་དུང་གིས་ཐེ་གཏོགས་བྱས་པ་མིན་ལ། འགེབས་སྲུང་རང་བཞིན་གྱིས་ཐེ་གཏོགས་བྱས་པའང་མིན་པར། ཆབ་སྲིད་རང་བཞིན་དང་། གོ་རིམ་རང་བཞིན། འགན་འཁྲི་རང་བཞིན་བཅས་ཀྱི་གདེང་ཚོད་ཞིག་རེད། དབྱེ་མཚམས་འདི་ངེས་པར་དུ་གསལ་བོར་འབྱེད་དགོས།
གཉིས་པ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་རྨང་གཞི་ནི་མི་དམངས་ཡིན་པས། ངེས་པར་དུ་མི་དམངས་ཀྱི་ཆེད་དང་མི་དམངས་རྒྱབ་རྟེན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྱབ་ཁོངས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ཏེ། ཏང་གི་འགོ་ཁྲིད་འོག་མི་དམངས་ཀྱིས་ཐབས་ལམ་དང་བྱེད་སྟངས་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་། དཔལ་འབྱོར་དང་རིག་གནས་ལས་དོན་ལ་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བཅས་བྱེད་པར་ཁག་ཐེག་བྱེད་པ་དང་། མི་དམངས་ཀྱིས་ཁྲིམས་ལྟར་ཁྱབ་ཆེ་བའི་ཁེ་དབང་དང་རང་དབང་ལོངས་སུ་སྤྱོད་པ་དང་། ཁུར་འོས་པའི་འོས་འགན་འཁུར་ཐུབ་པར་ཁག་ཐེག་བྱ་དགོས།
ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་ཡུལ་ནི་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱ་རྒྱུ་དེ་ཡིན། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱིས་དམངས་གཙོ་དང་། ཁྲིམས་སྐྱོང་། འདྲ་མཉམ། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ལ་བཏོན་པའི་བླང་བྱ་ཉིན་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པས། མི་དམངས་མང་ཚོགས་ཀྱི་བླང་བྱ་གསར་པ་དང་རེ་སྒུག་གསར་པར་ཧུར་ཐག་གིས་ལན་སློག་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྩོད་སྒྲུབ་ཀྱི་བསམ་གཞིགས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་འཛུགས་པ། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་དག་རྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་ཇུས་འགོད་དང་ཐག་གཅོད་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་སྲུང་བྱ་དགོས།
གསུམ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་རྒྱུན་འཁྱོངས་བྱེད་དགོས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ནི་ངོ་བོའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་ཁྲིམས་སྐྱོང་ཁྱབ་ཁོངས་ནང་གི་བྱེ་བྲག་གི་མཚོན་ཚུལ་ཞིག་ཡིན་པ་དང་། ང་ཚོས་འཕེལ་རྒྱས་གཏོང་དགོས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ནི་ངོ་བོའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་དེ་ཁྲིམས་སྐྱོང་གནད་དོན་ཐད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཡིན་པ་དང་། ང་ཚོས་འཛུགས་སྐྲུན་བྱ་དགོས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ངོ་བོའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཅའ་ཁྲིམས་ཀྱི་མཚོན་ཚུལ་ཞིག་ཡིན་པ་རེད་ཅེས་ངས་བརྗོད་མྱོང་། ང་ཚོས་མིག་སྔར་ལ་གཞི་ཚུགས་ནས་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་རིམ་གྲས་གཏིང་ཟབ་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་མ་ཟད། རྒྱང་རིང་ལ་དམིགས་ཏེ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཟོ་བ་དང་། ཁྲིམས་སྐྱོང་གི་ནུས་པ་འདོན་པ། ཁྲིམས་སྐྱོང་གི་སྟོབས་ཤུགས་བསྐྲུན་ནས་ཕྱོགས་སོ་སོའི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་གཏན་འཁེལ་ཡོང་བར་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་འབྱུང་བར་ཡུན་ཕན་རང་བཞིན་གྱི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས།
གནའ་ནས་བཟུང་རང་རྒྱལ་དུ་འཛམ་གླིང་ཁྲིམས་ལུགས་ལོ་རྒྱུས་ཐོག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཀྲུང་ཧྭའི་ཁྲིམས་རིགས་ཆགས་པ་དང་བཅའ་ཁྲིམས་ཀྱི་རིག་གནས་ཟབ་མོ་བསགས་ཡོད། ཀྲུང་ཧྭའི་ཁྲིམས་རིགས་ནི་ཆིན་རྒྱལ་རབས་དུས་སྐབས་སུ་ཆགས་པ་དང་། སུའེ་ཐང་རྒྱལ་རབས་ཀྱི་དུས་སུ་རིམ་བཞིན་འཐུས་ཚང་དུ་གྱུར་བ་ཞིག་ཡིན་ལ། 《ཐང་རྒྱལ་རབས་ཀྱི་ཁྲིམས་སྲོལ》ནི་མཚོན་བྱེད་རང་བཞིན་གྱི་ཁྲིམས་གཞུང་ཞིག་ཡིན་པ་དང་། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲུང་ཧྭའི་ཁྲིམས་རིགས་ཀྱི་ཤུགས་རྐྱེན་ཉིན་བཞིན་ཇེ་ཆུང་དུ་སོང་བ་རེད། སྐམ་ས་ཆེ་མོའི་ཁྲིམས་རིགས་དང་། དབྱིན་ཇི་དང་ཨ་རིའི་ཁྲིམས་རིགས། དབྱི་སི་རལ་གྱི་ཁྲིམས་རིགས་སོགས་དང་མི་འདྲ་བར་ཀྲུང་ཧྭའི་ཁྲིམས་རིགས་ནི་རང་རྒྱལ་ལོ་རྒྱུས་ཀྱི་དམིགས་བསལ་ཆ་རྐྱེན་འོག་ཆགས་པ་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་གསར་གཏོད་ནུས་པ་དང་ཀྲུང་ཧྭའི་ཁྲིམས་ལུགས་ཤེས་དཔལ་གྱི་གཏིང་ཟབ་པའི་རྨང་གཞི་མངོན་ཡོད། ཀྲུང་ཧྭའི་ཁྲིམས་རིགས་ཀྱི་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་བློ་གྲོས་འདུས་ཡོད་པས། ཕུལ་དུ་བྱུང་བའི་བསམ་བློ་དང་འདུ་ཤེས་མང་པོ་ ཞིག་ནི་ང་ཚོས་རྒྱུན་འཛིན་བྱེད་འོས་བ་ཞིག་རེད། གུས་སྲོལ་དང་འགལ་ན་ཁྲིམས་གཅོད་ཀྱི་ཁོངས་སུ་འགོད་པ་དང་གུས་སྲོལ་བརྩིས་ཏེ་ཁྲིམས་སྲོལ་བཀུར་བའི་རྒྱལ་སྐྱོང་ཇུས་གཞི་དང་། འབངས་ནི་རྒྱལ་ཁམས་ཀྱི་རྩ་བ་ཡིན་ཞིང་རྩ་བ་བརྟན་ན་རྒྱལ་ཁམས་བདེ་བའི་དམངས་གཞིའི་འདུ་ཤེས། གནམ་འོག་ཏུ་གྱོད་གཞི་མེད་པར་བྱེད་པ་དང་ཞི་མཐུན་གཙིགས་སུ་འཛིན་པའི་རིན་ཐང་འཚོལ་སྙེག བློ་འགུག་གཙོ་བོ་དང་ཁྲིམས་གཅོད་ཕལ་བར་འཛིན་པ་དང་བློ་འགུག་ལ་བརྟེན་པ་ལས་ཁྲིམས་གཅོད་ལ་གཟབ་པའི་ཁྲིམས་གཅོད་གཟབ་ནན་གྱི་བསམ་བློ། ཁྲིམས་སྲོལ་ལྟར་ཆད་པ་གཅོད་པ་དང་ཉེས་དམིགས་ལྟར་ཆད་པ་གཅོད་པའི་འདྲ་མཉམ་གྱི་ལྟ་བ། ཡུགས་ཕོ་ཡུགས་མོ་དྭ་ཕྲུག་མི་ཧྲེང་དང་རྒན་རྒོན་བྱིས་པ་དབང་བོ་སྐྱོན་ཅན་ཐམས་ཅད་ལ་སྲུང་སྐྱོབ་བྱེད་པའི་ལྟ་སྐྱོང་གི་ཁྲིམས་གཅོད་རྩ་དོན་སོགས་ཚང་མས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ཀྱི་བློ་གྲོས་མཚོན་ཡོད།
ཉེ་རབས་ཀྱི་རྗེས་སུ་མི་ཁ་ཤས་ཤིག་གིས་ཀྲུང་གོར་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་མ་དཔེ་འདྲ་བཤུས་བྱ་རྩིས་བྱས་མོད། འོན་ཀྱང་མཐར་ཐུག་ཚང་མ་ཕམ་པར་གྱུར་པ་རེད། ལོ་རྒྱུས་དང་དོན་དངོས་ལས་ང་ཚོར་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་རྒྱུན་འཛིན་དང་། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལག་ལེན་ཁྲོད་ནས་རང་ཉིད་དང་འཚམ་པའི་ཁྲིམས་སྐྱོང་འགྲོ་ལམ་ཞིག་འཚོལ་ཞིབ་བྱེད་པ་དང་ཆབས་ཅིག རྒྱལ་ཕྱིའི་ཁྲིམས་སྐྱོང་གི་ཕན་ནུས་ལྡན་པའི་གྲུབ་འབྲས་དཔྱད་གཞིར་བཟུང་ཚེ། གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཁྲིམས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་ཐུབ་པ་གསལ་བཤད་བྱས་ཡོད།
ང་ཚོས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བྱེད་པར་རྒྱལ་ཁབ་གཞན་གྱི་མ་དཔེ་དང་བྱེད་སྟངས་འདྲ་བཤུས་གཏན་ནས་བྱེད་མི་རུང་བ་དང་། ནུབ་ཕྱོགས་ཀྱི“ཁྲིམས་སྲིད”དང་།“དབང་གསུམ་ལོགས་འཛུགས”། “ཁྲིམས་འཛིན་རང་བཙན”བཅས་ཀྱི་འགྲོ་ལམ་ཐོག་གཏན་ནས་བསྐྱོད་མི་རུང་བ་གསལ་བོར་ཤེས་དགོས། རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་དང་ཁྲིམས་སྐྱོང་མ་ལག་ནི་རང་རྒྱལ་གྱི་གནས་ཚུལ་དངོས་དང་མཐུན་པའི་ལམ་ལུགས་ཤིག་ཡིན་པ་མ་ཟད་དགེ་མཚན་མངོན་གསལ་ལྡན་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད། གནད་དོན་འདིའི་ཐད་ང་ཚོར་རང་སྤོབས་དང་གདེང་ཚོད། ངེས་ཤུགས་བཅས་ལྡན་དགོས། དོན་དངོས་ཀྱིས་ང་ཚོའི་མི་དམངས་མང་ཚོགས་ལ་སློབ་གསོ་བཏང་བ་དང་། མི་དམངས་མང་ཚོགས་ཀྱིས་རང་ལ་ཡིད་ཆེས་སྔར་ལས་ལྷག་པར་བྱེད་བཞིན་ཡོད།
གློ་བུར་དུ་བྱུང་བའི་རིམས་ནད་ལ་དམིགས་ནས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བརྟན་པོ་དང་། དཀའ་བ་མཉམ་སེལ། ཚན་རིག་དང་མཐུན་པར་འགོག་བཅོས། སྲིད་ཇུས་གནད་འཁེལ་ལག་བསྟར་བཅས་ཀྱི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱས་ཡོད། ཟླ2ཚེས་5ཉིན། ངས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པར་གཙོ་སྐྱོང་གནང་སྐབས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སུ་ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ལ་ཆེད་དུ་བཀོད་སྒྲིག་བྱས་པ་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དཀའ་ངལ་ཆེ་ཤོས་སུ་སླེབས་སྐབས་དེ་བས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པ་ངས་ནན་གྱིས་བསྟན་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་ལུགས་ཁྱབ་གདལ། ཁྲིམས་སྲུང་བཅས་ཀྱི་བརྒྱུད་རིམ་སོ་སོའི་ཐད་ནུས་ཤུགས་བཏོན་ཏེ། ཁྲིམས་བཀོད་དབང་མཚམས་དང་གོ་རིམ་ལྟར་ས་ཁོངས་བཀག་སྡོམ་དང་། ནད་པ་ལོགས་བཀར། འགྲིམ་འགྲུལ་དོ་དམ་ཚོད་འཛིན། བེམ་པོ་ཐག་གཅོད་སོགས་ཀྱི་བྱེད་ཐབས་ལག་བསྟར་ནན་མོ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་བ་དང་། རིམས་ནད་དང་འབྲེལ་བའི་འགལ་བ་དང་རྩོད་གཞི་ཁྲིམས་ལྟར་འདུམ་སེལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།
བཞི་པ། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་ཞིང་། དེ་ལ་ཆེས་མཐོའི་བཅའ་ཁྲིམས་ཀྱི་ནུས་པ་ལྡན། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་བཟོ་བ་དང་། མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པ། ཏང་རང་ངོས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་བ་བཅས་བྱེད་དགོས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ལས་ཁུངས། དྲག་ཆས་སྟོབས་ཤུགས། སྲིད་ཏང་སོ་སོ་དང་སྤྱི་ཚོགས་ཚོགས་པ་སོ་སོ། ཁེ་ལས་ལས་དོན་སྡེ་ཁག་གི་རྩ་འཛུགས་སོ་སོ་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་ནི་བྱེད་སྒོ་སྤེལ་བའི་རྩ་བའི་ཚད་གཞིར་འཛིན་དགོས་པ་དང་། ཚང་མས་རྩ་ཁྲིམས་ཀྱི་ཟིལ་ཤུགས་སྲུང་འཛིན་དང་རྩ་ཁྲིམས་ལག་ལེན་བསྟར་བར་འགན་ལེན་བྱེད་པའི་འགན་འཁྲི་འཁུར་དགོས། རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་ཁྱད་དབང་ཡོད་མི་ཆོག་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཚང་མ་ངེས་པར་དུ་རྩད་གཅོད་བྱ་དགོས།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཅའ་ཁྲིམས་ལྟར་སྲིད་དབང་འཛིན་པ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་སྲིད་དབང་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསལ་བོར་བཏོན་ཡོད། ང་ཚོས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་དགོས་ཞེས་བཤད་པ་དེ་ནུབ་ཕྱོགས་ཀྱི“ཁྲིམས་སྲིད”ཟེར་བ་དང་ངོ་བོའི་ཐོག་ནས་ཁྱད་པར་ཡོད་པས་དེ་གཉིས་མཉམ་བསྲེས་བྱེད་མི་རུང་། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་དབང་འཛིན་པ་རྒྱུན་འཁྱོངས་བྱེད་པའི་ཁྲོད་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནས་བབ་ལ་གཡོ་འགུལ་མི་གཏོང་བ་དང་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་བྱེད་པའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་སྒྲིག་སྲོལ་ལ་གཡོ་འགུལ་མི་གཏོང་བ་ཚུད་ཡོད།
རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོབ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་གནད་དོན་གཟབ་ནན་ཞིག་རེད། རང་རྒྱལ་ནི་ལམ་ལུགས་གཅིག་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོབ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། 2015ལོའི་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བྱས་ཏེ། ཆུས་བཙུགས་པའི་གྲོང་ཁྱེར་ལ་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་སྤྲད་པས། ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་། སྤྱི་ཡོངས་ཀྱི་གནས་ཚུལ་བཟང་མོད། འོན་ཀྱང་ས་གནས་ལ་ལར་གོང་རིམ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་བ་དང་། ཁྲིམས་འཛུགས“གློད་པ”སོགས་ཀྱི་གནད་དོན་ཡང་གནས་པས། ཤུགས་རྐྱེན་ཧ་ཅང་མི་ལེགས་པ་རེད། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་རྩ་ཁྲིམས་དང་མཐུན་པའི་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་བཏང་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་མཐའ་དག་ངེས་པར་དུ་མཐའ་གཅིག་ཏུ་ཡོ་བསྲང་དང་ཕྱིར་འཐེན་བྱེད་དགོས། དུས་མཚུངས་སུ། ས་གནས་ཁྲིམས་འཛུགས་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་དགོས་ཏེ། དོན་ཚན་ཁ་ཤས་དགོས་ན་དོན་ཚན་ཁ་ཤས་གཏན་འབེབས་བྱེད་དགོས་པ་དང་། དོན་ཚན་གསུམ་ལྔ་ཙམ་སྤྱད་དེ་གནད་དོན་ཐག་གཅོད་ཐུབ་ན“བརྗོད་བྱ་ཆེན་པོ”གཉེར་མི་རུང་། གནད་འགག་ནི་ཏང་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་པ་དང་། ས་གནས་ཀྱི་དོན་དངོས་ལ་གཞིགས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་དགོས།
ལྔ་པ། ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་རྒྱབ་རྟེན་གལ་ཆེན་ཞིག་ཡིན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ཚེ་གཞི་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་བརྒྱུད་རིམ་རང་བཞིན་དང་། ཚད་ལྡན་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་འགན་ལེན་ནུས་ལྡན་ཐུབ་པ་དང་། གཞི་ནས་ཚད་ངེས་ཅན་ཞིག་གི་ཐོག་ནས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་བསྡུས་བྱ་ཐུབ།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70ལྷག་གི་རིང་། རང་རྒྱལ་གྱིས་དཔལ་འབྱོར་ལ་འཕེལ་རྒྱས་མགྱོགས་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བའི“བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས”བསྐྲུན་ཐུབ་དོན་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་འབྲེལ་བ་དམ་པོ་ཡོད། ཐེངས་དེའི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་ཏེ། ང་ཚོས་ཁྲིམས་སྐྱོང་འགྲོ་ལམ་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་སྲུང་སྐྱོབ་དང་། གོ་རིམ་ལྡན་པའི་ངང་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་བཏང་བས་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རང་རྒྱལ་འདི་ཉིད་ད་ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཕུང་གཙོ་བོ་གཅིག་པུར་འགྱུར་ངེས་རེད། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་ལས་དོན། རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་འགྲོ་ལམ་གསར་བའི་སྟེང་ང་ཚོས་ཁྲིམས་སྐྱོང་ལ་སྔར་ལས་མཐོང་ཆེན་དང་། ཁྲིམས་སྐྱོང་ལག་ལེན་ནན་ཏན། ཁྲིམས་སྐྱོང་གི་རྩ་བ་བརྟན་པོ་འཛུགས་པ། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་ཤུགས་འདོན་སྤེལ་ལེགས་པོ་བྱས་ཏེ། འགྲན་སློང་ཆེན་པོར་ཁྲིམས་ལྟར་ཁ་གཏད་འཇལ་བ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་བསད། འགལ་བ་གལ་ཆེན་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱ་དགོས།
དྲུག་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཙོ་བོ་ཡིན། འཐུས་ཚང་གི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་། ཕན་འབྲས་མཐོ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལག ཚགས་དམ་པའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག་བཅས་མགྱོགས་མྱུར་ངང་ཆགས་པར་བྱས་ཏེ། འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་གྲུབ་པར་བྱ་དགོས། ཁྲིམས་ལྟར་རྒྱལ་སྐྱོང་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་སྐྱོང་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས་ཁྲིམས་སྐྱོང་དང་སྤྱོད་བཟང་གིས་སྐྱོང་བ་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་སྤེལ་རེས་བྱེད་ཐུབ་པ་བྱ་དགོས།
“རྒྱལ་ཁབ་སྐྱོང་བར་བཅའ་ཁྲིམས་མེད་ན་ཟིང་ཟིང་དུ་འགྱུར་བ་དང་ཁྲིམས་ལྟར་སྲུང་བར་འགྱུར་བ་མེད་ཚེ་ཉམས་རྒུད་དུ་འགྲོ་སྲིད།” ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས་དེ་སྔར་བས་ཚན་རིག་དང་མཐུན་ལ་འཐུས་སྒོ་ཚང་བ། གཅིག་གྱུར་དང་དབང་གྲགས་ལྡན་པ་ཞིག་ཡོང་བ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་པ་དང་། བཅའ་ཁྲིམས48གཏན་འབེབས་བྱས་པ། བཅའ་ཁྲིམས203ལ་བཟོ་བཅོས་བྱས་པ། བཅའ་ཁྲིམས་ཀྱི་འགྲེལ་བཤད9བཟོས་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་གྱི་ཆོད་དོན་ཁག་79ལ་གྲོས་འཆམ་བྱུང་བ་རེད། མིག་སྔའི་བར་དུ་ད་ལྟ་སྤྱོད་བཞིན་པའི་གོ་ཆོད་བཅའ་ཁྲིམས282དང་། སྲིད་འཛིན་ཁྲིམས་སྲོལ608། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་12000ལྷག་ཙམ་བཅས་ཡོད། དམངས་དོན་ཁྲིམས་གཞུང་གིས་ཁྱབ་ཁོངས་གཞན་དག་གི་ཁྲིམས་འཛུགས་ཁྲིམས་གཞུང་ཅན་ལ་དཔེ་མཚོན་ཡག་པོ་ཞིག་མཁོ་འདོན་བྱས་ཡོད་པས། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་གི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཆ་རྐྱེན་འཛོམས་པའི་ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་ལ་དུས་ཐོག་ཏུ་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ ཞིབ་འཇུག་བྱས་ཏེ། “ལས་དོན་ཆེན་པོ”འགའ་གཉེར་ཆོག་ལ། “ ལས་དོན་ཆུང་བ”ཁ་ཤས་ཀྱང་གཉེར་ཆོག་པས། ཁྲིམས་འཛུགས་ཀྱི་དམིགས་གཏད་རང་བཞིན་དང་། སྤྱོད་བདེ་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེ་རུ་གཏོང་དགོས།
རྒྱལ་ཁབ་ཀྱི་བདེ་འཇགས་དང་། ཚན་རྩལ་གསར་གཏོད། སྤྱི་པའི་འཕྲོད་བསྟེན། སྐྱེ་དངོས་བདེ་འཇགས། སྐྱེ་ཁམས་ཤེས་དཔལ། ཉེན་ཁ་འགོག་སྲུང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་སོགས་ཁྱབ་ཁོངས་གལ་ཆེན་གྱི་ཁྲིམས་འཛུགས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་ལ་ཆེས་མཁོ་བའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་བར་ངེས་པར་དུ་མཁོ་བའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སྟོང་ཆ་ཁ་སྐོང་དང་ཞན་ཆ་གསབ་དགོས། གྲངས་འཛིན་དཔལ་འབྱོར་དང་། དྲ་སྦྲེལ་དངུལ་རྩ། མིས་བཟོས་རིག་སྟོབས། གཞི་གྲངས་ཆེན་མོ། སྤྲིན་རྩིས་སོགས་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པར་འཕེལ་རྒྱས་མགྱོགས་པོ་བྱུང་ནས། ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་རབ་དང་རིམ་པ་ཐོན་མོད། འོན་ཀྱང་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་ལ་ད་དུང་དུས་ཚོད་ཀྱི་བར་ཁྱད་དང་སྟོང་ཆ་གནས་ཡོད། དྲ་རྒྱའི་ཉེས་གསོག་ནི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་། དྲ་རྒྱའི་བདེ་འཇགས། སྤྱི་ཚོགས་བདེ་འཇགས། དཔལ་འབྱོར་བདེ་འཇགས་སོགས་ལ་གནོད་འཚེ་གཏོང་བའི་ཉེན་ཁ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད།
བདུན་པ། ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་དགོས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། སྤྱི་ཡོངས་ནས་ཇུས་འགོད་བྱས་ཏེ། མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་སྔར་བས་དོ་སྣང་བྱེད་དགོས། ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་འཛིན། ཁྲིམས་ལྟར་སྲིད་སྐྱོང་བཅས་ནི་ཕན་ཚུན་འབྲལ་ཐབས་མེད་པའི་ཚོགས་སྤྱི་ཞིག་ཡིན་ཞིང་། གནད་འགག་ནི་ཏང་གིས་ཁྲིམས་ལྟར་སྲིད་འཛིན་དང་རིམ་པ་སོ་སོའི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས་བྱ་རྒྱུར་ཐུག་ཡོད། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཅིག་ལ་གཅིག་བརྟེན་ཡིན་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་དམིགས་འབེན་ཡིན་ལ། ཁྲིམས་སྐྱོང་སྲིད་གཞུང་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གཙོ་གནད་ཡིན་པ་དང་། ཁྲིམས་སྐྱོང་སྤྱི་ཚོགས་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན་པ་རེད།
ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་རྒྱུ་ནི་ལས་འགན་གཙོ་བོ་དང་ལས་གཞི་གཙོ་བོ་ཡིན་ཞིང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པས་སྔོན་ལ་འགག་སྒྲོལ་བྱེད་དགོས་པ་ངས་ཐེངས་མང་པོར་ནན་བཤད་བྱས་ཡོད། ད་ལྟ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་ད་དུང་དཀའ་ཚེགས་ཆེ་བའི་ལས་ཀ་མི་ཉུང་བ་ཞིག་ཡོད་ཅིང་། ཁྲིམས་ལྟར་སྲིད་འཛིན་གྱི་འདུ་ཤེས་བརྟན་པོ་མེད་པ་དང་། སྲིད་འཛིན་གྱི་ཐབས་ཇུས་ཁྲིམས་མཐུན་ཡིན་མིན་ལ་ཞིབ་བཤེར་མི་འདང་བ་སོགས་ཀྱི་གནད་དོན་ད་དུང་རྩ་བ་ནས་ཐག་གཅོད་བྱེད་ཐུབ་མེད། ཁྲིམས་སྐྱོང་ལ་བརྟེན་ནས་སྲིད་འཛིན་དབང་ཆར་གཏན་འཁེལ་དང་དབྱེ་མཚམས་ཕྱེ་སྟེ། སྲིད་འཛིན་ཐབས་ཇུས་ཀྱི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་། སྲིད་གཞུང་གི་ཁ་དན་ཚིག་གནས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ཁྱད་ཆོས་ལྟར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་དམིགས་ཏེ། སྲིད་གཞུང་གི་འགན་ནུས་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་ངང་བསྐྲུན་པ། ལས་རིགས་སྒེར་སྡེམ་དང་ས་གནས་ཀྱི་སྲུང་སྐྱོབ་མེད་པ་བཟོ་བ་དང་། དཔལ་འབྱོར་འཁོར་རྒྱུག་གི་འགག་གནད་སྒྲོལ་བ། རྒྱལ་ཡོངས་གཅིག་གྱུར་དང་། འདྲ་མཉམ་འགྲན་རྩོད། ཚད་ལྡན་དང་གོ་རིམ་ལྡན་པ་བཅས་ཀྱི་ཁྲོམ་རའི་མ་ལག་ཅིག་གྲུབ་པར་སྐུལ་འདེད་གཏོང་དགོས།
སྲིད་འཛིན་ཁྲིམས་བསྟར་ལས་དོན་གྱི་ཁྱབ་རྒྱ་ཆེ་ཞིང་། ཕྱོགས་གཅིག་སྲིད་གཞུང་དང་འབྲེལ་ཡོད་པ་དང་། ཕྱོགས་གཅིག་མང་ཚོགས་དང་འབྲེལ་ཡོད་པས། མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་བཅངས་པའི་ཡིད་ཆེས་དང་། ཁྲིམས་སྐྱོང་ལ་བཅངས་པའི་ཡིད་ཆེས་དང་ཐད་ཀར་འབྲེལ་བ་ཡོད། ཁྲིམས་འཛིན་གཟབ་ནན་དང་ཚད་ལྡན་དྲང་གཞག་ལུགས་མཐུན་བཅས་ཡོང་བར་སྐུལ་འདེད་བཏང་ནས་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས། ཉེ་བའི་ལོ་འགར། ང་ཚོས་ཁྲིམས་བསྟར་ཚད་ལྡན་མིན་པ་དང་། ལས་དོན་གང་བྱུང་སྒྲུབ་པ་སོགས་ཀྱི་གནད་དོན་བཅོས་སྐྱོང་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དུས་མཚུངས་སུ། ས་གནས་ཁ་ཤས་སུ་ལས་འགུལ་རྣམ་པ་དང་“གཅིག་དཔེ་བརྒྱ་འགེབས”ཀྱི་ཁྲིམས་བསྟར་གནད་དོན་རྒྱུན་དུ་འབྱུང་བཞིན་ཡོད་པས། ཁྲིམས་བསྟར་ལས་དོན་མི་སྒྲུབ་པའི་གནད་དོན་འབུར་དུ་ཐོན་ཡོད། ཁྲིམས་འཛིན་ནན་མོ་བྱ་རྒྱུ་ནན་བཤད་བྱས་ནས་ཁྲིམས་འགལ་པ་རྣམས་ལ་ཁྲིམས་བཀུར་ཁྲིམས་སྐྲག་བྱེད་དུ་འཇུག་དགོས། ཡིན་ནའང་དེ་ནི་དྲག་ཤུགས་ཀྱིས་ཁྲིམས་འཛིན་པ་དང་། དྲག་སྐུལ་གྱིས་ཁྲིམས་འཛིན་པ་ཞིག་གཏན་ནས་མིན་པས། ཁྲིམས་འཛིན་ལ་ཕན་ནུས་ལྡན་པར་བྱ་དགོས། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཡུལ་ཚོ་བཅས་རིམ་པ་བཞིའི་ཁྱོན་ཡོངས་ལ་ཁྱབ་པའི་སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་ལས་དོན་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཁྱོན་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་འཛིན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས།
དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་ནི་ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་རྨང་གཞིའི་ལས་གཞི་ཞིག་ཡིན། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་གྱིས་དུས་རབས་ཀྱི་རྗེས་སུ་དམ་པོར་བསྙེགས་ནས་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཐད་ཤུགས་སྣོན་བརྒྱབ་སྟེ།“སུ་ཞིག་གིས་བཅའ་ཁྲིམས་ལག་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ལྷག་པར་དུ་ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཁྲིམས་སྐྱོང་དེ་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་གཞི་རྩའི་ཚད་གཞི་ཞིག་ཏུ་འགྱུར་བར་བྱེད་དགོས། ཁྲིམས་ལྟར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། དོན་དག་འཕྲད་སྐབས་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཅིག་ཆགས་པར་བྱ་དགོས།
གནའ་མིའི་བཤད་སྲོལ་ལྟར་ན་ཆུ་མ་ཡོང་གི་རགས་དང་དགྲ་མ་ཡོང་གོང་གི་དོགས་ཟེར་བ་ལྟར། ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པར་མཐའ་སྣེ་དམ་འཛིན་བྱས་ནས་བྱུང་ཟིན་པའི་གནད་དོན་བཅོས་དགོས་ལ་མདུན་སྣེ་དམ་འཛིན་བྱས་ནས་མ་བྱུང་བའི་གནད་དོན་འགོག་དགོས་བ་རེད། རང་རྒྱལ་གྱི་གནས་ཚུལ་དངོས་ཀྱིས་ང་ཚོ“གཏུག་བཤེར་རྒྱལ་ཁབ་ཆེན་པོ”ཞིག་ཏུ་འགྱུར་མི་ཐུབ་པ་ཐག་གིས་བཅད་ཡོད། རང་རྒྱལ་ལ་མི་གྲངས་དུང་ཕྱུར14ཡོད་པ་དང་། དོན་དག་ཆེ་ཆུང་གང་ཡིན་རུང་གཏུག་བཤེར་བྱེད་དགོས་པས་འགན་འཁྲི་ཧ་ཅང་ལྕི་བ་རེད། ཁྲིམས་སྐྱོང་གི་སྟོབས་ཤུགས་སྔར་ལས་མང་བས་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་དང་། སྔོན་འགོག་རང་བཞིན་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི“ཧྥིན་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་སྔོན་འགོག་དང་འདུམ་འགྲིག་བྱེད་པའི་ཕྱོགས་བསྡུས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་སྔར་བས་མཐོང་ཆེན་བྱས་ཏེ། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གཞི་རིམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་དགོས།
བརྒྱད་པ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་མོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་སོགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས།
འདྲ་མཉམ་དྲང་བདེན་ནི་ཁྲིམས་འཛིན་གྱི་བླ་སྲོག་དང་ཚེ་སྲོག་ཡིན། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ཆ་ཚང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛིན་ཚོད་འཛིན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། མི་སྣའི་རིགས་དབྱེ་དོ་དམ་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་ལས་རིགས་འགན་སྲུང་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ། ཁྲིམས་འཛིན་གྱོད་སྒྲུབ་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་འདྲ་མཉམ་དྲང་བདེན་གྱི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འབད་བརྩོན་སྒོས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དུ་འདྲ་མཉམ་དྲང་བདེན་ཚོར་དུ་འཇུག་དགོས། མུ་མཐུད་དུ་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ནུས་ཡོད་སྒོས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བཅོས་སྒྱུར་གྱི་ལས་དོན་གལ་ཆེན་ཁག་གཅིག་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་འགན་རང་ཁུར་དང་། མྱུལ་ཞིབ་དབང་ཆ་དང་། ཞིབ་དཔྱོད་དབང་ཆ། འདྲི་གཅོད་དབང་ཆ། ལག་བསྟར་དབང་ཆ་བཅས་ཕན་ཚུན་གཞོགས་འདེགས་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་སོགས་འཐུས་ཚང་དུ་གཏོང་བར་དམ་འཛིན་ལྷོད་མེད་དང་དམ་འཛིན་མཐའ་གཅིག་ཏུ་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱ་དགོས།
ཉེ་བའི་ལོ་ཤས་རིང་། ཁྲིམས་འཛིན་རུལ་སུངས་ཀྱི་གྱོད་གཞིའི་ཁྲོད་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུ་གནད་ལ་མི་འཁེལ་བའི་གནད་དོན་གཅིག་བསྡུས་ཀྱིས་མངོན་ཡོད། མི་ཁ་ཤས་ཤིག་གིས་རྒྱུ་ནོར་ལ་བརྟེན་ནས་རང་ལམ་འཚོལ་བ་དེ་ཕལ་ཆེར་ཁྲིམས་དོར་མི་སྣར་གྱུར་ཡོད་ལ། དེའི་རྒྱབ་ཏུ་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་བྱེད་པ་བཅུ་ཕྲག་ཁ་ཤས་ཀྱིས་དེ་ལ་བརྡ་གཏོང་བ་དང་ལམ་གཏོད་བཞིན་ཡོད་པས། ལྟ་སྐུལ་དེ་མིང་ཙམ་དུ་གྱུར་ཡོད། ཚད་ལྡན་དང་ལས་ཕྱོད་ཆེ་བའི་ཚོད་འཛིན་ལྟ་སྐུལ་མ་ལག་མགྱོགས་མྱུར་ངང་བཙུགས་ནས་འབྲེལ་ལམ་དང་ཁེ་ཕན་གྱི་འབྲེལ་བ་རྩ་བ་ནས་མེད་པར་བཟོ་བ་དང་ལྐོག་ལས་དང་ལྟག་སྒོ་མཐའ་གཅིག་ཏུ་མེད་པར་གཏོང་དགོས།
2018ལོའི་ཟླ་དང་པོ་ནས་བཟུང་དུས་ཡུན་ལོ3གྱི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་རྒྱལ་ཡོངས་སུ་སྤེལ་ཞིང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱིས་ནག་ཚོགས་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བ་དང“གདུགས་གཏོར་དྲ་འཇོམས”ལ་གཅིག་གྱུར་གྱིས་སྐུལ་འདེད་བྱས་ཏེ། མང་ཚོགས་ལ་གནོད་པའི་མི་ངན་སྐོར་ཞིག་གཙང་སེལ་བྱས། ཉེ་བའི་ལོ3ནང་རྩ་མེད་བཏང་བའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་རྩ་འཛུགས་ནི་ལོ10སྔོན་གྱི་སྤྱི་སྡོམ་དང་མཚུངས་ཤིང་། ནག་ཚོགས་སྟོབས་ཤུགས་ལ་ཟིལ་སྣོན་དྲག་པོ་བྱས་ཡོད། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་ལྷག་པར་དུ་ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། ནག་ཚོགས་སྟོབས་ཤུགས་དང་དེ་བཞིན་དེའི་འགེབས་སྲུང་ལ་བློ་བརྟན་འགྱུར་མེད་ངང་རྡུང་རྡེག་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་སྔར་བས་བདེ་འཇགས་དང་མང་ཚོགས་སྔར་བས་བདེ་སྐྱིད་ཡོང་བ་བྱ་དགོས།
དགུ་པ། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་ནི་རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། མིག་སྔར། འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་མོད། འོན་ཀྱང་རྒྱལ་སྤྱིའི་ཁོར་ཡུག་བརྟན་པོ་མིན་པའི་རང་བཞིན་མངོན་གསལ་སྒོས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། པྲོག་གསར་གློ་ཚད་ཀྱི་རིམས་ནད་ཆེས་ཆེར་མཆེད་པའི་ཤུགས་རྐྱེན་ཁྱབ་ཆེ་ཞིང་གཏིང་ཟབ་པ་རེད། རང་རྒྱལ་འདི་ཉིད་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་ཉིན་བཞིན་འཛམ་གླིང་གི་གར་སྟེགས་དབུས་སུ་བསྐྱོད་བཞིན་ཡོད། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་གྱི་འཐབ་ཇུས་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་རྒྱལ་ནང་གི་བཅོས་སྐྱོང་དང་རྒྱལ་སྤྱིའི་བཅོས་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་སྔར་ལས་ལེགས་པོ་བྱེད་དགོས། འཐུས་སྒོ་ཚང་བའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་མགྱོགས་མྱུར་ངང་ཆགས་པར་བྱས་ཏེ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་བསྟར་དང་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་དགོས། ཁེ་ལས་དང་སྤྱི་དམངས་ཕྱི་རུ་སྐྱོད་པའི་བརྒྱུད་རིམ་ཁྲོད་དུ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ས་གནས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡུལ་སྲོལ་གོམས་གཤིས་བརྩི་སྲུང་བྱེད་པར་ཁྲིད་སྟོན་བྱས་ཏེ། ཁྲིམས་སྐྱོང་དང་སྒྲིག་སྲོལ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་དགོས། རྒྱལ་སྤྱིའི་འདུམ་གཅོད་སྒྲིག་གཞི་དང་ཁྲིམས་རྩོད་པའི་ལས་གཉེར་ཁང་རྩེ་གྲས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུར་མཐོང་ཆེན་བྱས་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འགན་སྲུང་དང་ཞབས་ཞུའི་ལས་དོན་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་པར་བྱ་དགོས།
ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་གྱུར་བའི་རྒྱལ་སྤྱིའི་མ་ལག་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་རྩ་བརྟན་པོས་སྲུང་སྐྱོབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བློ་རྩ་བརྟན་པོས་སྲུང་སྐྱོབ་བཅས་བྱ་དགོས། དྲང་བདེན་མིན་པ་དང་ལུགས་མཐུན་མིན་པ། རྒྱལ་སྤྱིའི་གནས་བབ་རིམ་འགྱུར་དང་མི་མཐུན་པའི་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་རྐྱེན་སྲོལ་ལ་བཅོས་སྒྱུར་གྱི་ཇུས་གཞི་འདོན་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
བཅུ་པ། སྤྱོད་ཡོན་གཉིས་ལྡན་དང་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་གྱི་དཔུང་སྡེ་ཞིག་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ཐོག་མར་ཆེད་ལས་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱ་དགོས། ཕུགས་བསམ་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཁྲིམས་སྐྱོང་གི་ཆེད་ལས་དཔུང་ཁག་གསར་བརྗེ་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཏང་ལ་བློ་དཀར་སེམས་དཀར་དང་། རྒྱལ་ཁབ་ལ་བློ་དཀར་སེམས་དཀར། མི་དམངས་ལ་བློ་དཀར་སེམས་དཀར། བཅའ་ཁྲིམས་ལ་བློ་དཀར་སེམས་དཀར་བཅས་བྱེད་པར་འགན་ལེན་བྱ་དགོས།
ཁྲིམས་སྐྱོང་ཆེད་ལས་དཔུང་ཁག་ལ་དོ་དམ་བྱེད་པར་ངེས་པར་དུ་ཚད་གཞི་སྔར་ལས་ནན་མོ་དང་བླང་བྱ་སྔར་ལས་མཐོ་བ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་བསྟར་ཁྲིམས་འཛིན་མི་སྣ་ཁ་ཤས་ཀྱིས་ལག་ཏུ་མཚོན་ཆ་ལྗིད་མོ་བཟུང་ཡང་རང་བཀུར་མི་བྱེད་པ་དང་། རྒྱུ་ཟ་ཁྲིམས་འགལ་དང་ཉེ་སྐྱོར་ཁྲིམས་འགལ་བྱེད་པ།“རྒྱུ་དངུལ་གྱི་གྱོད་གཞི་”དང་།“དབང་ཆའི་གྱོད་གཞི།” “ངོ་སོའི་གྱོད་གཞི”བཅས་བསྒྲུབས་ཏེ། ཁྲིམས་སྐྱོང་གི་དབང་གྲགས་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། སྒྲིག་སྲོལ་འགྱུར་མེད་བཀག་རྒྱ་དང་སྒྲིག་ཁྲིམས་ཀྱི་གཏན་འབེབས་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ་ལམ་ལུགས་ལ་བརྟེན་ནས་འགག་རྩའི་མི་སྣར་དོ་དམ་ཡག་པོ་དང་། འགག་རྩའི་གནས་ལ་དོ་དམ་ཡག་པོ། འགག་རྩའི་དོན་ལ་དོ་དམ་ཡག་པོ་བཅས་བྱེད་དགོས། རྒྱུ་ཟ་ཁྲིམས་འགལ་དང་། ཏང་ལ་བློ་དཀར་མིན་པ་དང་གཞུང་དྲང་མིན་པ་བཅས་ཀྱི་མི་སྣར་མཐའ་གཅིག་ཏུ་གཙང་བཤེར་བྱས་ནས། ཁྲིམས་འཛིན་རུལ་སུངས་ལ་ཞིབ་བཤེར་གཏིང་ཟབ་བྱེད་དགོས། ཉེ་ལམ། སྲིད་ཁྲིམས་ཁོངས་གཏོགས་ཀྱིས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་ཚོད་ལྟའི་ལས་དོན་སྤེལ་ནས། མི་ངན་སྐོར་ཞིག་ཞིབ་བཤེར་ཐག་གཅོད་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད། ཚོད་ལྟའི་ལས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་བཟོད་སྒོམ་གཏན་ནས་མི་བྱེད་པ་རྒྱུན་འཁྱོངས་དང་། གནད་དོན་ཡོད་ཚད་མཐའ་གཅིག་ཏུ་གཙང་སེལ་བྱེད་ཕོད་པ་བྱ་དགོས།
བཅའ་ཁྲིམས་ཞབས་ཞུའི་དཔུང་ཁག་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། སྤྱི་ཡོངས་ནས་བཤད་ན། དཔུང་ཁག་འདི་ཡག་པོ་ཡིན་མོད། འོན་ཀྱང་གནད་དོན་མི་ཉུང་བ་ཞིག་ཀྱང་གནས་ཡོད་དེ། ལ་ལས“མིང་ཐོག་ནས་ཁེ་ཕན་གཉེར་རྒྱུར”དགའ་བ་དང་། བྱ་སྤྱོད་མི་བཟང་བ། ཡིད་རྟོན་མེད་པ། ཕྱི་ཚུལ་མི་ལེགས་པ་བཅས་དང་། བཅའ་ཁྲིམས་ཀྱི་ལས་སྒྲུབ་མི་སྣ་རེ་ཟུང་གི་ཆབ་སྲིད་འདུ་ཤེས་ཞན་པ་དང་ཐ་ན་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་དང་ཁྲིམས་སྐྱོང་ལམ་ལུགས་ལ་ངན་སེམས་ཁོག་བཅུག་གིས་ཚིག་མཚོན་བཏབ་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་གོང་བཀུར་བྱེད་པ་དེ་བཅའ་ཁྲིམས་ཞབས་ཞུའི་མི་སྣའི་ལས་ཞུགས་ཀྱི་གཞི་རྩའི་བླང་བྱར་བརྩིས་ནས་སློབ་གསོ་དང་། དོ་དམ། ཁྲིད་སྟོན་བཅས་ལ་ཤུགས་སྣོན་རྒྱག་པ་དང་། བཅའ་ཁྲིམས་ཞབས་ཞུའི་བྱ་བ་སྒྲུབ་མཁན་གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ཡིད་རྟོན་ལས་གཉེར་བྱ་རྒྱུར་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ནན་ཏན་སྒོས་སྒྲུབ་པ་བཅས་བྱས་ཏེ་ལྷག་བསམ་ཟོལ་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་ཞུགས་དགོས། ཁྲིམས་རིག་པའི་སློབ་གླིང་གི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་རིག་པའི་སློབ་གསོའི་ཤུགས་ཚད་རྒྱ་བསྐྱེད་དེ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་དང་བཅའ་ཁྲིམས་ཞབས་ཞུའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འོས་སྐྱེལ་གྱི་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོ་བསྒྲུབས་པ་དང་། ཕྱི་ཕྱོགས་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།
བཅུ་གཅིག “འགག་རྩ་ནི་ཉུང་ཤས”ཡིན་པའི་འགོ་ཁྲིད་ལས་བྱེད་པ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཏང་གི་སྲིད་སྐྱོང་དབང་ཆ་དང་། རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ། སྲིད་འཛིན་དབང་ཆ། ལྟ་ཞིབ་དབང་ཆ། ཁྲིམས་འཛིན་དབང་ཆ་བཅས་དངོས་སུ་སྤྱོད་རྒྱུ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགག་རྩ་རེད། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་། སྣེ་ཁྲིད་དེ་ཁྲིམས་སྐྱོང་ལ་གོང་བཀུར་དང་། བཅའ་ཁྲིམས་ལ་བརྩི་འཇོག བཅའ་ཁྲིམས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་པ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་ཟླ་སེལ་བ། བརྟན་འཇགས་སྲུང་སྐྱོབ་བྱེད་པ། ཉེན་ཁར་ཁ་གཏད་གཅོག་པ་བཅས་ཀྱི་ནུས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཁྲིམས་བཀུར་དང་། ཁྲིམས་སློབ། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་བྱེད་དགོས། ཁྲིམས་སྐྱོང་བྱང་ཚད་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་ཚུལ་དེ་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། ཁྲིམས་བཀུར་དང་། ཁྲིམས་སློབ། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ནི་འགོ་ཁྲིད་ལས་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་དང་དགོས་ངེས་ཀྱི་བྱང་ཚད་དུ་འགྱུར་བར་བྱ་དགོས།
བློ་མཐུན་རྣམ་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་རྩ་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བཀོད་སྒྲིག་གལ་ཆེན་དང་། ལས་འགན་གལ་ཆེན། གཙོ་གནད་ལས་དོན་བཅས་དམ་འཛིན་བྱས་ནས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁྲིམས་སྐྱོང་འཛུགས་སྐྲུན་དུས་མཉམ་དུ་འཆར་འགོད་དང་། དུས་མཉམ་དུ་བཀོད་སྒྲིག དུས་མཉམ་དུ་སྐུལ་སྤེལ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་འཆར་འགོད་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གྱི་ལག་བསྟར་རྩ་གནད་པར་འགྲེམ་བྱེད་གྲབས་ཡོད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་གསར་པ་འཛུགས་སྐྲུན་གྱི་ལག་བསྟར་རྩ་གནད་ཀྱང་མགྱོགས་མྱུར་ངང་འགྲེམ་སྤེལ་བྱེད་རྒྱུ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམ་འཛིན་ལེགས་པོ་བྱེད་དགོས། འཐབ་ཕྱོགས་སོ་སོ་དང་སྡེ་ཁག་སོ་སོས་ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་བྱ་བ་ནན་སྒྲུབ་བྱས་ཏེ་ཁྱབ་ཁོངས་ཁག་གི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་ལས་དོན་སྡེ་ཁག་གིས་ཁྱོན་ཡོངས་ནས་འགན་འཁྲི་ལེགས་སྒྲུབ་བྱ་དགོས། ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་སྒྲུབ་ཁང་གིས་སྤྱི་འདོམས་མཐུན་སྦྱོར་དང་། ལྟ་སྐུལ་ཞིབ་བཤེར། སྐུལ་འདེད་དོན་འཁྱོལ་བཅས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱས་ཏེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་འགན་སྣ་ཚོགས་ དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱ་དགོས།
ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན། ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྟོན་དུ་འཛིན་པ་དང་། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་བྱེད་ཤུགས་ཆེ་རུ་བཏང་ནས་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཇི་ལྟར་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་འདིར་ལན་བཏབ་སྟེ་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་དང་། དུས་རབས་གསར་པར་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་སྣ་ཚོགས་ལ་ཁྲིད་སྟོན་སྔར་ལས་བཟང་བོ་བྱ་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།