ཉིན་ཞྭ་སྡེ་བ་ནི་མཚོ་སྔོན་པོ་དང་ཁད་མི་རིང་བའི་སར་གནས་པའི་འབྲོག་སྡེ་ཞིག་ཡིན་ལ། ཏང་གི་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་བཟང་པོ་ལག་བསྟར་མ་བྱས་པའི་སྔོན་དུ། སྡེ་བ་འདིར་དབུལ་ཁྱིམ་མང་ཞིང་མི་དམངས་ཕལ་ཆེ་བའི་འཚོ་བ་ཐབས་ཆག་ཡིན། འོན་ཀྱང་། དབུལ་ཐར་མཁྲེགས་གཏོར་ལ་བརྩོན་པའི་ལོ་འདི་དག་གི་རིང་ལ། ཏང་གི་ཡང་དག་པའི་སྲིད་ཇུས་བཟང་པོ་དང་། སྡེ་བའི་ཏང་ཀྲི་པུའུ་ཡི་སྟོབས་དང་ལྡན་པའི་འགོ་ཁྲིད་ལ་བརྟེན་ནས། ད་ལྟ་སྡེ་བ་འདི་ཕྱོགས་ཡོངས་ནས་དབུལ་ཐར་བྱུང་སྟེ། དབུལ་ཐར་ཕྱུག་འགྱུར་གྱི་གྲུབ་འབྲས་ངོ་མཚར་བ་རབ་དང་རིམ་པ་བླངས་ཡོད།
ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་འཛུགས་སྐྱོང་གི་ལས་ཀ་དང་འབྲེལ་ཏེ། སྡེ་བའི་དབུལ་ཐར་ཕྱུག་འགྱུར་གྱི་ལས་དོན་ཁྲོད་སྲོག་ཤིང་གི་འགོ་ཁྲིད་ནུས་པ་བཏོན་ཡོད་པར་མ་ཟད། སྡེ་བའི་ཏང་ཡོན་རྩ་འཛུགས་བྱས་ཤིང་། རང་ཉིད་ནས་མགོ་བརྩམས་ཏེ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཡང་མི་ཉུང་བ་ཞིག་བསྒྲུབས་འདུག དཔེར་ན། “ཏང་ཡོན་གྱིས་དབུལ་ཕོངས་ཁྱིམ་ཚང་ལ་ཉེ་འབྲེལ་འཛུགས་པ་དང་། ཀྲི་པུའུ་ཡིས་ཐུན་མོང་དཔལ་འབྱོར་འཕེལ་བར་སྣེ་ཁྲིད་པ”ཞེས་པའི་མཚོ་འཁྱིལ་ཡུལ་ཚོའི་ཚོད་ལྟའི་གནས་དེ་ཉིན་ཞྭ་སྡེ་བ་ཐོག་མར་བྱས་པ་དང་བསྟུན་ནས། སྡེ་བའི་ཏང་ཡོན་རྣམས་ཀྱིས་མགོ་བྱས་ནས་རོགས་དངུལ་སྒོར་འབུམ་གཅིག་ལྷག་བསྡུས་ཏེ་ཚེར་མོ་བརྒྱ་དང་ང་དྲུག་ཉོས་པ་དང་། “མ་གཏོང་བུ་འཇོག་དང་འཁོར་སྐྱོད་འཕེལ་རྒྱས”ཀྱི་རྣམ་པའི་སྒོ་ནས་དབུལ་ཕོངས་ཁྱིམ་ཚང་གསུམ་ལ་རོགས་སྐྱོར་བྱས་པ་ལྟ་བུ་ཡིན།
དབུལ་ཐར་བྱས་པའི་དགྲ་འདུལ་གྱིས“སྡེ་བའི་ཨུ་ཡོན་གསུམ་དང་། སྡེ་མི་ཡོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ངེད་ཚང་དབུལ་ཐར་བྱས་པ་དང་། མ་འོངས་པར་ངེད་ཚང་གིས་མུ་མཐུད་དུ་འབད་པ་ཆེན་པོ་བྱས་ཏེ། ཚང་མའི་རེ་བ་སྟོང་ཟད་དུ་མི་གཏོང”ཞེས་གདོང་ལ་ཡིད་ཆེས་དང་སྤོབས་པས་ཁེངས་བཞིན་བཤད། 2018ལོའི་ལོ་གཅིག་གི་འབད་བརྩོན་བརྒྱུད། སྤྱི་ཚོགས་ཀྱི་བརྩེ་སེམས་དང་རོགས་སྐྱོར་ཐོབ་པའི་དགྲ་འདུལ་ཚང་གིས་དཀའ་སྤྱད་འབད་བརྩོན་བྱས་ཏེ། “འཁོར་སྐྱོད་མ་མོ”ལས་ལུ་གུ་བརྒྱ་དང་ཉེར་དྲུག་འཕེལ་བར་བྱས་ཤིང་། ད་ལྟ་ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་དང་ཕྱུགས་ཟོག་འཚོ་སྐྱོང་གི་ནུས་པ་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ཚེ་བྷོས“ད་ལྟ་ངེད་ཚོ་སྡེ་བའི་ཆུ་གློག་ལམ་གསུམ་གྱི་རྨང་གཞི་སྒྲིག་ཆས་བཟང་བར་མ་ཟད། འཚོ་བ་དཀའ་ངལ་ཅན་གྱི་ཁྱིམ་ཚང་གཅིག་ཀྱང་མེད”ཅེས་གདོང་ལ་སྐྱིད་པའི་འཛུམ་དབྱུང་ནས་བཤད། མ་འོངས་པའི་འཕེལ་རྒྱས་སྐོར་གླེང་སྐབས། ཚེ་བྷོས“ང་ཚོས‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’གོ་སྐབས་བཟང་པོ་དམ་འཛིན་དང་། ཞིང་སྡེ་དར་སྤེལ་གྱི་སྲིད་ཇུས་ལེགས་པོ་བེད་སྤྱད་དེ། སྐྱེ་ཁམས་ཕྱུགས་གསོ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཟུང་འབྲེལ་གྱི་སྒོ་ནས་དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ལམ་ཆེན་སྟེང་དུ་འབད་བརྩོན་ལྷོད་མེད་ཀྱིས་བསྐྱོད་རྒྱུ་ཡིན”ཞེས་བཤད།
ཀྲི་པུའུ་བཟང་པོའི་འགོ་ཁྲིད་ཀྱི་སྟོབས་དང་། སྲིད་ཇུས་ཡག་པོའི་བྱིན་རླབས་ཀྱི་ནུས་མཐུ་ལས་བྱུང་བའི་འབྲོག་སྡེ་ཆེན་པོ་འདིའི་དབུལ་ཐར་ཕྱུག་འགྱུར་གྱི་བདེ་སྐྱིད་ནི་དགུང་གི་ཉི་འོད་དང་འདྲ་བར་རང་གཞན་གྱི་སྐྱེ་བུ་ཀུན་ལ་དྲོད་ལམ་ལམ་གྱི་སྣང་བ་སྦྱིན་པར་བྱེད། རྩྭ་ཐང་ཡངས་པོའི་གཞུང་དུ་བརྐྱངས་པའི་ཨར་འདམ་གྱི་ལམ་བུ་ནི་འབྱོར་ཕྱུག་གི་གཡང་རྟེན་འདྲེན་པའི་གསེར་ཟམ་དུ་གྱུར་ཡོད་ལ། གསར་དུ་བསྐྲུན་པའི་ཁང་པ་གསར་བ་དག་ནི་མེ་ཏོག་གི་ཕྲ་ཚོམ་བཏབ་པ་ལྟར་མངོན་པར་མཛེས། ཕྱུགས་རིགས་ཐང་མར་བརྡལ་བའི་མཐའ་ན་སྐྱིད་པའི་འཛུམ་མདངས་གྲོལ་བའི་འབྲོག་པ་མང་ཚོགས་ནི་རྩྭ་ཐང་ཆེན་པོ་འདིའི་སྟེང་གི་ཆེས་བདེ་སྐྱིད་ལྡན་པའི་སེམས་ཅན་ཁོ་ན་དེ་ཡིན་པར་སྣང་ཞིང་། ད་ནི་ཁོ་ཚོས་ཏང་གི་བཀའ་དྲིན་ཡིད་ལ་སྒོམ་བཞིན་དུས་རབས་གསར་པའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ་ཞིག་ཏུ་སྐྱོད་ཅིང་མཆིས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།