གསར་བརྗེའི་གཞི་རྒྱུ་གསོ་སྐྱོང་གི་བླ་མེད་ཀུན་སྤྱོད་རྒྱུན་འཛིན་བྱས་པ་ལས་མི་དམངས་ལ་དངོས་གནས་བདེ་སྐྱིད་སྐྲུན།
2021.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་བསུ་མ་བྱེད་པའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་གྱི་ས་གཞི་ཆེན་མོར་ཕེབས་ནས་རྟོག་དཔྱོད་ཞིབ་འཇུག་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མགྲིན་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་ངེས་པར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་བླ་མེད་ཀུན་སྤྱོད་ཀྱི་གཤིས་རྒྱུད་སྐྱེད་སྲིང་བྱས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབད་བརྩོན་གྱིས་གཏོད་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་པར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།

ཏང་ལ་བློ་དཀར་བའི་དམ་བཅའ་ནམ་ཡང་ཡིད་ལ་བརྟན་པོར་བཟུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་ལ་བློ་དཀར་བའི་ཀུན་སྤྱོད་རླབས་ཆེན་ལ་བརྩི་མཐོང་བྱ་དགོས་ན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་ནང་དུ་ཞུགས་སྐབས་ཏང་ལ་བློ་དཀར་བ་དང་དུས་ནམ་ཡང་ཏང་ལ་རྒྱབ་འགལ་མི་བྱེད་པའི་དམ་བཅའ་དེ་ནམ་ཡང་མི་བརྗེད་པར་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ་དང་། ཏང་གི་བྱ་གཞག་ལ་བློ་དཀར་བར་བྱས་ནས་ཏང་གི་རྗེས་སུ་འབྲངས་བ་དང་། ཏང་གི་ཆེད་དུ་ཤི་ཡང་འགྱོད་པ་མེད་པ་བྱ་དགོས།

ཏང་ལ་བློ་དཀར་རྒྱུ་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་ཀ་དང་པོ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དེ་མཚོ་སྔོན་གྱི་ལས་བྱེད་པས་ནམ་ཡང་ཡིད་ལ་བརྟན་པོར་འཛིན་ངེས།

མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ལག་རྩལ་ཐོན་སྐྱེད་པ་ཀའོ་ཝུན་ལན་སེམས་འགུལ་ཐེབས་བཞིན་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཁེ་ལས་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་། ང་ཚོར་སྐུལ་ལྕག་ཆེན་པོ་གནང་། རང་ཉིད་ཏང་ཡོན་ཞིག་དང་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་ཞིག་ཡིན་པའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ནམ་ཡང་ཡིད་ལ་བརྟན་པོར་ངེས་པར་བྱས་ནས‘འདུ་ཤེས་བཞི’ཇེ་དྲག་ཏུ་གཏོང་བ་དང་།‘རང་རྟོན་བཞི’ཇེ་བརྟན་དུ་གཏོང་བ།‘སྲུང་སྐྱོང་གཉིས’ལེགས་པོར་སྒྲུབ་པ་བཅས་བྱས་ནས་ཏང་ནང་དུ་ཞུགས་སྐབས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ་དང་། ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་ཀྱི་ཐད་སྣེ་ཁྲིད་ནུས་པ་བཏོན་སྟེ། ཁེ་ལས་འཕེལ་རྒྱས་དང་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་ཡོང་བར་སྣེ་ཁྲིད་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ལི་ཆུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་སློབ་སྦྱོང་གི་ཀུན་སྤྱོད་ལ་མཐོང་ཆེན་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། བླ་མེད་ཀུན་སྤྱོད་ཀྱི་གཤིས་རྒྱུད་སྐྱེད་སྲིང་བྱ་དགོས་པ་ནན་བཤད་གནང་ཡོད། བསམ་བློ་དང་ཆབ་སྲིད་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ངས་རང་གི་འགན་འཁྲི་ཤིན་ཏུ་ཆེ་བ་དང་རང་འགན་གཞན་ལ་དཀྲི་ཐབས་མེད་པའང་ཚོར་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་ངེས་པར་བྱས་ནས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས་ཆབ་སྲིད་ཚད་ལྡན་ཡིན་པ་དང་བྱང་ཚད་མཐོ་བའི་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་ཡིན་ཟེར།

གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་ན་གཞོན་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་སུན་ལེ་ཡིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་ལ་རྒྱལ་ཁ་ཡང་ཡང་ཐོབ་པ་ནི་ཏང་ཡོན་ཁྲི་སྟོང་མང་པོའི་བློ་དཀར་བ་དང་། འགན་འཁྲི་འཁུར་བ། འབད་བརྩོན་གྱིས་ཡོད་ཚད་ཕུལ་བར་རགས་ལས་ཡོད། ངས་རང་ཉིད་ཀྱི་ཐོབ་ཐང་དང་པོ་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་དང་། འགན་འཁྲི་དང་པོ་ནི་ཏང་གི་ཆེད་དུ་བྱ་བ་སྒྲུབ་པ་ཡིན་པ་ནམ་ཡང་བློ་ལ་བརྟན་པོར་ངེས་པར་བྱས་ནས་ཏང་ལ་བློ་དཀར་བ་དེ་ལས་བཀུར་ལས་བརྩོན་དང་། རང་འགན་གཙང་སྒྲུབ། དཀའ་སྤྱད་འབད་བརྩོན་གྱིས་སྒྲུབ་པའི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་ནས་ཞུམ་པ་མེད་པར་འགན་འཁྲི་འཁུར་བ་དང་། འབད་བརྩོན་གྱི་དཔའ་སྟོབས་བརྟེན་ནས་ཏང་གི་དམིགས་འབེན་ལག་བསྟར་ལ་བློ་དཀར་རྒྱུ་ཡིན་ཟེར།

མི་དམངས་ལ་བདེ་སྐྱིད་སྐྲུན་ན་ལག་ལེན་ལ་འདེབས་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྤྱི་པའི་སྤྱོད་བཟང་ལ་བརྩི་མཐོང་བྱེད་དགོས་ན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་མི་དམངས་ཀྱི་ཕྱོགས་སུ་བརྟན་པོར་འགྲེངས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། ཤི་གསོན་མཉམ་གནས་བྱེད་པ། འགན་འཁྲི་འཁུར་ཕོད་པ། འབད་བརྩོན་གྱིས་བྱ་བ་སྒྲུབ་ཏེ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཆེས་གཞི་རྩའི་འགན་འཁྲི་བྱེད་དགོས།

མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་ནི་གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཡིན་པས། མཚོ་སྔོན་གྱི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་རེ་བ་སྟོང་ཟད་དུ་མི་གཏོང་བར་ལག་བསྟར་བྱ་རྒྱུ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཡུལ་དངོས་ནས་གསན་ཐུབ་པ་བྱུང་བས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ནོར་བཟང་རྒྱལ་ལ་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད་རྒྱུར། སྡེ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་བྱ་བ་མཐའ་དག་གི་མགོ་རྩོམ་ས་དང་རྐང་ཚུགས་ས་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབད་བརྩོན་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་བརྟན་འཇགས་ཀྱིས་མཐོར་འདེགས་གཏོང་བ། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བཏང་ནས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་སྐྱེད་པ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལག་བསྟར་མཁན་དང་། སྣེ་ཁྲིད་མཁན་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།

མགོ་ལོག་རྨ་སྟོད་རྫོང་ལ“5•22”ས་ཡོམ་བྱུང་རྗེས། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་འགོས་ནད་སུའོ་ཡི་སུའོ་ཀྲང་གཞོན་པ། སྨན་པ་རབ་འབྱམས་པ་གཞོན་པ་མཱ་པིན་ཀྲུང་དུས་ཚོད་དང་པོའི་ནང་གནོད་འཚེ་ཐེབས་པའི་ས་ཁུལ་དུ་བསྐྱོད་དེ། གནོད་ཐེབས་ས་ཁུལ་དུ་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནན་ཏན་གྱིས་དོན་འཁྱོལ་བྱེད་པར་མཛུབ་སྟོན་བྱས་པ་དང་། ས་གནས་དེ་གའི་གསོ་སྦྱོང་དང་། འགོས་ནད་ཀྱི་ནད་དཔེ་རང་འགུལ་ངང་ཞིབ་བཤེར་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་སོགས་ཀྱི་བྱ་བའི་ནང་ཧུར་ཐག་གིས་ཞུགས་ཏེ། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ལ་རོགས་རམ་བྱས། ཁོས་བཤད་རྒྱུར། ཏང་ཡོན་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་ངའི་བྱ་བ་དང་སློབ་སྦྱོང་གི་ཕྱོགས་སྟོན་ཡིན་པ་དང་། ངས་སྔར་ལས་ལྷག་པའི་སྒོ་ནས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། གཞི་རྩའི་དམིགས་འབེན་ཡིད་ལ་བརྟན་པོར་ངེས་པ། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། བླ་མེད་ཀུན་སྤྱོད་ཀྱི་གཤིས་རྒྱུད་སྐྱེད་སྲིང་བཅས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རང་ཉིད་ཀྱི་ཆེས་གཞི་རྩའི་འགན་འཁྲི་ཞིག་ཏུ་བརྩི་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ནུབ་སྒོ་སྲང་ལམ་ནན་ཆི་ཞང་ལམ་སྡེ་ཁུལ་གྱི་རྒན་པོ་ཀྲང་ཁྲོང་ཡུན་གྱིས་བཤད་རྒྱུར། ད་ལྟ་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པས་གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་ཐག་གཅོད་བྱེད་བཞིན་ཡོད། སྡེ་ཁུལ་གྱིས་ད་དུང་ང་ཚོར‘དམངས་ལ་ཞབས་འདེགས་ཞུ་བའི་འབྲེལ་གཏུག་བྱང་བུ’བཟོས་པ་དང་། གཟའ་པ་སང་ཉིན་གྱི‘བདེ་སྐྱིད་ལྡན་པའི་བར་ཁྱམས’ནང་རིན་པ་མི་དགོས་པར་སྐྲ་བཞར་བ་དང་། ནད་ལ་ལྟ་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་གྱིན་ཡོད། སྡེ་ཁུལ་ནས་སྒོ་ཕྱིར་འགྲོ་མི་དགོས་པར་སྟབས་བདེ་མང་པོ་ལོངས་སྤྱོད་བྱེད་ཐུབ་ཟེར།

རང་གཅུན་ནན་མོ་བྱ་རྒྱུ་དུས་ནམ་ཡང་ཡིད་ལ་འཛིན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རང་གཅུན་ནན་མོ་བྱེད་པའི་བྱ་སྤྱོད་ལ་བརྩི་མཐོང་བྱ་དགོས་ན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གཟབ་གཟབ་བྱས་ནས་ཚུལ་ལྡན་གྱི་མི་ཞིག་བྱེད་པ་དང་། བྱ་བ་བཟང་པོར་སྒྲུབ་ནས་ཡ་རབས་ཀྱི་མི་ཞིག་དང་། ལྷད་མ་འདྲེས་པའི་མི་ཞིག ཀུན་སྤྱོད་ལྡན་པའི་མི་ཞིག མ་རབས་ཞེན་ཆགས་དང་བྲལ་བའི་མི་ཞིག མི་དམངས་ལ་ཕན་པའི་མི་ཞིག་བྱ་དགོས། བློ་དཀར་བ་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས་ན། མུ་མཐུད་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་ཏང་གི་ལས་དོན་ལ་འབད་བརྩོན་བྱ་དགོས།

རང་གཅུན་ནན་མོ་བྱེད་རྒྱུ་ནི་གུང་ཁྲན་ཏང་ཡོན་གྱི་རྟག་བརྟན་གྱི་ཆབ་སྲིད་རང་མདངས་ཡིན་ཞིང་། མཚོ་སྔོན་གྱི་ཏང་ཡོན་ལས་བྱེད་པས་དུས་རྒྱུན་སེམས་ལ་བརྟན་པོར་ངེས་དགོས་པའི་བླང་བྱ་གལ་ཆེན་ཡང་རེད།

ཟླ6ཚེས9ཉིན་གྱི་དགོང་མོར། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧོས་སྲང་ལམ་ཝུན་ཐེན་ལམ་སྡེ་ཁུལ་གྱི་རྣམ་པ་གསར་འགྱུར་མཉམ་སྒྲོག་ལས་གཏོང་སྐབས། སྡེ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད། སྡེ་ཁུལ་གྱི་ཏང་ཨུ་ཧྲུའུ་ཅི་ལིག་ཚོས་ཆིན་སེམས་འགུལ་ཐེབས་བཞིན་བཤད་རྒྱུར། ང་ཚོ་གཞི་རིམ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་འཛིན་པ་དང་། ཐོག་མའི་བསམ་འདུན་དེ་བྱ་སྤྱོད་དངོས་ཀྱི་ཐོག་འཇོག་པ་དང་འགན་འཁྲི་ཕྲག་ཏུ་བླངས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག་ལ་དུས་ལྟར་ལན་འདེབས་པ་དང་། མང་ཚོགས་ཆེས་བྲེལ་བའི་དོན་དག་དང་། ཆེས་སེམས་ཁུར་བྱེད་པའི་དོན་དག ཆེས་བསམ་བློ་གཏོང་བའི་དོན་དག ཆེས་རེ་སྒུག་བྱེད་པའི་དོན་དག་རྣམས་ཐག་གཅོད་བྱས་ཏེ། བྲེལ་བ་དང་། དཀའ་བ། ཉེན་ཁའི་ལས་འགན་ལྗིད་མོ་ཐག་གཅོད་བྱེད་པའི་ཁྲོད་བློ་སྤོབས་དང་གཤིས་ཀ་སྦྱོང་བརྡར་བྱས་ནས་མི་དམངས་ལ་ཕན་པའི་མི་ཞིག་བྱེད་པ་དང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཡོང་ཆེད་ཡང་འབད་བསྐྱར་འབད་དང་འབད་བརྩོན་ཆེན་པོ་བྱེད་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཝེ་ཡིས་བཤད་རྒྱུར། བློ་དཀར་བ་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས་ན། ཀུན་སྤྱོད་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་བསྐོ་འཇོག་བྱེད་དགོས། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བཏང་བ་བརྒྱུད། ལོ་རྒྱུས་ཀྱི་ཉམས་མྱོང་བསླབ་བྱར་ཕྱིར་ལྟ་བྱེད་པ་དང་། སྲིད་གཙང་སློབ་གསོར་ཤུགས་བརྒྱབ་པས། ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ། བློ་དཀར་སེམས་དཀར་གྱི་བླ་སྲོག་གཏོད་དེ་སྲིད་གཙང་གི་ཚད་ཐིག་བརྟན་པོར་བསྐྲུན་ཟེར།

ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁང་གི་མགོ་གཙོ་ཅང་ཆིན་ཡན་གྱིས་བཤད་རྒྱུར། ང་ཚོས་ཁྲིམས་འཛིན་དམངས་ཀྱི་ཆེད་དང་། དྲང་བདེན་ཁྲིམས་འཛིན་བྱ་བའི་གཙོ་ཤུགས་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་བློ་དཀར་བ་དང་། དྭངས་གཙང་ཡིན་པ། བློ་འགེལ་ཆོག་པ་བཅས་ཡོང་བ་བྱ་རྒྱུ་ཡིན། ཁྲིམས་འཛིན་དམངས་ཀྱི་ཆེད་ཡིན་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་སྟེ། མི་དམངས་མང་ཚོགས་རྣམས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དུ་འདྲ་མཉམ་དྲང་བདེན་ཚོར་དུ་འཇུག་པ་ལས་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ཏང་ཡོན་ལས་བྱེད་པར་གནང་བའི་མངགས་བཅོལ་དང་རེ་བ་ཆེན་པོ་སྟོང་ཟད་དུ་མི་གཏོང་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།