ཝ་མགྱོགས་ཡུལ་ཚོའི་བོད་ལུགས་གསོ་རིག་གི་མདུན་ལྗོངས་སྔར་ལས་ཡངས།
2021.06.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

“ཨ་ཕྱི་ལགས། དེ་རིང་བློ་རིག་གསལ་པོ་འདུག ནད་ཀྱི་གནས་ཚུལ་ཇེ་ཡང་དུ་སོང་ཡོད་དམ།”

“ངའི་ནད་སངས་དྲག་ཏུ་སོང་བ་ཧ་ཅང་མགྱོགས་པོ་འདུག ད་ལྟ་ང་རང་ཐོག་ཁང་དུ་འགྲོ་ཐུབ།”

ཟླ5པའི་ཟླ་སྨད་ཅིག་ལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་ཝ་མགྱོགས་ཡུལ་ཚོའི་འཕྲོད་བསྟེན་ཁང་བོད་སྨན་སྒོ་བསྟེན་ཁང་གི་སྒོ་ཁ་རུ་ནམ་རྒྱུན་དང་འདྲ་བར་ནད་སྟོན་དུ་ཡོང་བའི་མི་ཚོགས་ཀྱིས་རུབ་འདུག

སྨན་པ་རྟ་མགྲིན་ནོར་བུས་ཟི་ལིང་གྲོང་ཁྱེར་ནས་ནད་སྟོན་དུ་ཡོང་བའི་ཧོས་རིགས་བུད་མེད་མ་ཆུས་ཧའེ་ཡི་ལག་རྩར་བརྟག་ཞོར་ནད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་ཡོད།

ལོ50ལྷག་ཙམ་ལ་སླེབས་པའི་ཧོས་རིགས་རྒན་མོ་མ་ཆུས་ཧའེ་ནི་རྒྱུན་པར་མགོ་ན་བ་དང་རྐང་ལག་ན་བའི་དབང་གིས་ཝ་མགྱོགས་ཞང་བོད་སྨན་བསྟེན་དུ་ཡོང་གིན་ཡོད་ལ། མ་ཆུས་ཧའེ་ཡིས་བོད་སྐད་བཤད་ཤེས་པས་ཕན་ཚུན་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད་སྨན་པར་དུངས་ཞེན་ཆེ་བའི་རྟགས་ཤིག་མངོན་ཡོང་།

རྟ་མགྲིན་ནོར་བུ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་ཝ་མགྱོགས་ཡུལ་ཚོ་དཀྱིལ་སྙིང་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་ཡིན།2003ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་བོད་ལྗོངས་སོགས་ས་གནས་མང་པོ་ནས་ལོ་ངོ་དྲུག་ལྷག་གི་རིང་ལ་བོད་ཀྱི་གསོ་བ་རིག་པར་སློབ་གཉེར་མཛད་དེ་གྲུབ་འབྲས་མི་དམན་པ་བླངས། ད་དུང་ཁོའི་ལྷག་བསམ་ཟོལ་མེད་ཀྱི་བྱས་རྗེས་ཀྱང་མིག་མཐོང་ལག་ཟིན་དུ་གྱུར་ཡོད།

2015ལོ་ནས་ན་ནིང་གི་ལོ་སྨད་བར་དུ་སྒེར་གཉེར་སྨན་བཅོས་བྱེད་པའི་གོ་རིམ་ཁྲོད་དབང་པོ་སྐྱོན་ཅན་གྱི་ནད་པ་རིམ་པ་དང་པོ་དང་རིམ་པ་བཞི་པ་གང་ཡིན་རུང་། རིན་མེད་སྨན་བཅོས་བྱས་པ་དང་དབུལ་ཕོངས་ཀྱི་ནད་པ་དག་ལ་སྨན་རིན་གྱི་ཕྱེད་ཀ་ཕབ་གཅོག་བྱས་པ་སོགས་ལས་ཁོང་གིས་འགྲོ་བ་ནད་པ་ཇི་སྙེད་པ་དག་ལ་ཕན་སེམས་རྒྱ་ཆེན་པོ་བཅངས་ཡོད་པ་ཤེས་ཐུབ།

ན་ནིང་གི་ཟླ4པར་ཝ་མགྱོགས་ཡུལ་ཚོའི་གདན་ཞུས་ལྟར་ཞང་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་བ་རིག་པའི་སྒོ་བསྟེན་སྨན་ཁང་གི་སྨན་པ་གཙོ་བོར་གྱུར་ཡོད། སྨན་པ་རྟ་མགྲིན་ནོར་བུས་ལོ་ངོ་བཅུ་བདུན་ལྷག་གི་རིང་ལ་སྨན་པའི་ལས་གནས་གཉེར་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་དོན་ལྟར། ལྟ་བ་དང་འདྲི་བ། བརྟག་པ་སོགས་ཀྱིས་ཁོང་ནད་ཀྱི་རིགས་དང་། ལྷག་པར་དུ་མཆིན་པའི་འབྲས་སྐྲན་དང་། གཤེར་མའི་འབྲས་སྐྲན། རྒྱུ་སྐྲན། དྲེག་གྲུམ། སྒལ་ཚིགས་རུས་འཛེར། མཁྲིས་རྡོ་སོགས་ལ་ནད་བཅོས་ལེགས་པོ་བྱེད་ཐུབ་པས། ས་གནས་དང་མི་རིགས་སོ་སོའི་ལུས་པོ་བདེ་ཐང་། ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་གོང་དུ་འཕེལ་བར་བྱས་རྗེས་བཞག་དང་འཇོག་མུས་སུ་མཆིས།

ཝ་མགྱོགས་ཡུལ་ཚོ་སྲིད་གཞུང་དང་བར་ཐག་སྨི་ལྔ་བཅུ་ལྷག་ལས་མེད་པའི་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་སྨན་པའི་ལས་ཀ་གཉེར་བའི་ལོ་ཕྱེད་རིང་ལ། བོད་ཀྱི་གསོ་བ་རིག་པར་དུངས་ཞེན་ཆེ་བའི་སློབ་མ་མང་པོ་ཞིག་གསོ་སྐྱོང་བྱས་པར་མ་ཟད། སྨན་གྱི་སྡེབ་སྦྱོར་ལེགས་པོར་བྱས་ནས་ནད་པ་མང་པོ་ཞིག་དྲག་སྐྱེད་བྱུང་བས། ཚང་མས་འཕྲོད་བསྟེན་ཁང་གི་སྨན་བཅོས་བྱེད་སྟངས་ལ་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད།

ལོ་འགའི་སྔོན་ལ། གཞི་རིམ་གྱི་སྨན་བཅོས་མི་སྣ་མང་ཆེ་བར་ཆེད་ལས་ཚན་ཁག་གི་རྩལ་ནུས་ཞན་པ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་མི་འདང་བས། གཞི་རིམ་མང་ཚོགས་ཀྱིས་སྨན་པ་བསྟེན་སྐབས་ས་གནས་ཐག་རིང་དུ་སྨན་བཅོས་བྱེད་དུ་འགྲོ་བ་རེད།

ས་གནས་མང་ཚོགས་བཀྲ་ཤིས་རྒྱལ་གྱིས་རང་གི་ཚ་བོ་འཁྲིད་ནས་ཡུལ་ཚོ་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་དུ་ཡོང་ཡོད།“ཆུང་དུས་སུ་ཆམ་ནད་འདྲ་བྱུང་ཚེ་སྨན་སྣ་གཅིག་ལས་འཐུང་རྒྱུ་མེད་པ་དང་། རྐང་རྐ་ལག་ལ་སྐྱོན་འདྲ་བྱུང་ཚེ་བར་ཐག་སྤྱི་ལེ་བརྒྱ་ཡིས་ཆོད་པའི་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་བ་ལས་ཐབས་གཞན་མེད་པ་རེད། ད་ལྟ་ཡུལ་ཚོ་འཕྲོད་བསྟེན་སྨན་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་སོང་ནས་ནད་ལྗིད་མོའི་རིགས་ཀྱང་བཅོ་ཐབས་ཡོད་པས། ང་ཚོས་སེམས་ཁྲལ་བྱེད་དགོས་དོན་མི་འདུག”

སྨན་བཅོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཆབས་ཅིག་གྲོང་གསེབ་ཀྱི་སྨན་བཅོས་ཆ་རྐྱེན་རིམ་བཞིན་ཇེ་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ཡོངས་ཁྱབ་ཀྱིས་མི་འདང་བ་དང་ཁྱབ་ཚུལ་དོ་མི་མཉམ་པའི་གནས་ཚུལ་སྔར་བཞིན་གནས་པར་མ་ཟད། གྲོང་གསེབ་ཀྱི་སྨན་པ་རིམ་བཞིན་རྒན་པའི་རིགས་སུ་འགྱུར་བཞིན་ཡོད། “ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་སྨན་པའི་ལས་ཀ་གཉེར་བའི་མི་སྣ་དཀོན་པ་དང་། ས་གནས་འདིར་བོད་སྨན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པར་དམིགས་ནས།ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་མཉམ་གཉེར་གྱི་སྨན་ཁང་འདི་བཙུགས་ཤིང་། སྔོན་གྱི་རྨང་གཞིའི་སྟེང་སྨན་པ་དང་ནད་གཡོག་སྐོར་ཞིག་གིས་ལས་རྐང་རག་མ་ཐུབ་པའི་གནད་དོན་ཐག་གཅོད་བྱས་ནས་སྨན་པའི་དཔུང་སྡེ་ཇེ་བརྟན་དུ་བཏང་ཡོད”ཅེས་ཝ་མགྱོགས་ཡུལ་ཚོ་བོད་སྨན་ཚན་ཁག་གི་ཀྲུའུ་རིན་ཟོན་ཐར་རྒྱལ་གྱིས་དེ་ལྟར་བཤད།

ཟོན་ཐར་རྒྱལ་གྱིས་ངོ་སྤྲོད་བྱེད་པའི་སྐབས་སུ། ཁོ་ལ་ཁ་པར་གྱི་ལམ་ནས་འབྲེལ་བ་གནང་སྟེ་ཡུལ་གཞན་དུ་ཁོ་ཚོའི་སྨན་ཁང་གི་སྨན་བསྐུར་ཟེར་མཁན་དང་། ནད་རྟགས་འདྲི་མཁན་མང་པོ་ཞིག་ཡོད། དེའི་ནང་ཀོང་ཏུང་ཞིང་ཆེན་དང་ཞིན་ཅང་སོགས་ཀྱི་ནད་པ་ཡང་མི་ཉུང་བ་ཞིག་ཡོད་པ་རེད།

ན་ནིང་ཟླ་བདུན་ལྷག་གི་རིང་ལ་བོད་སྨན་གྱི་ཡོང་སྒོ་སྒོར་མོ་ས་ཡ་གཉིས་དང་འབུམ་བདུན་ལྷག་ལ་སླེབས་པ་དང་།  ས་བབ་མཐོ་བའི་མཚོ་བོད་མཐོ་སྒང་གི་ཡུལ་ཚོ་འཕྲོད་བསྟེན་ཁང་གི་སྨན་བཅོས་ཡོང་སྒོའི་ཟིན་ཐོ་བསྐྲུན་པ་རེད་ཅེས་བརྗོད་ཆོག་ཆོག་རེད། ད་ལོའི་ལོ་སྟོད་ཀྱི་ཟླ་བཞི་ཡི་རིང་ལ་ཡོང་སྒོ་སྒོར་མོ་ས་ཡ་གཅིག་ལ་སླེབས་ཡོད།

ཉེ་བའི་ལོ་ཤས་རིང་།ཧའེ་ཡན་རྫོང་གིས་ཀྲུང་བོད་གསོ་རིག་བྱ་བ་དེ་ཞིང་ཆེན་དང་།ཁུལ་ཨུ།སྲིད་གཞུང་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་བཙུགས་ནས། མི་རིགས་གསོ་རིག་དང་ཕྱི་ལུགས་གསོ་རིག་མཉམ་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། སྨན་བཅོས་བསྒྱུར་བཅོས་ཁྲོད་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྨན་བཅོས་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས། རྫོང་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐོན་ཡོད།

ཧའེ་ཡན་རྫོང་གི་སྨན་བཅོས་བདེ་ཐང་ཞབས་ཞུའི་ཐུན་མོང་སྒྲིག་བཀོད་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དང་། སྤུས་ལེགས་སྨན་བཅོས་ལག་རྩལ་པ །གཞི་རིམ་དུ་སྤྱོད་གོ་ཆོད་པའི་ལག་རྩལ་བཅས་གཞི་རིམ་དུ་བསྐྱོད་པའི་རྩ་དོན་གཞིར་བཟུང་ནས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ལས་སྒོའི་ཁྱད་ཆོས་ལྡན་པའི་ཚན་ཁག་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་འཛིན་པ།གཞི་རིམ་གྱི་སྨན་བཅོས་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ་དང་སྨན་བཅོས་ལས་སྒོ་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ།  མང་ཚོགས་ཀྱི་ཁྲོད་དུ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཡིད་ཆེས་བྱེད་ཚད་དང་།བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་བཅས་བྱེད་ཐབས་ནུས་ལྡན་སྤེལ་བ་དེས། ཝ་མགྱོགས་ཡུལ་ཚོས་སྨན་བཅོས་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་བ་དང་། མི་རིགས་ཀྱི་གསོ་རིག་ཁྱད་ཆོས་ཀྱི་སྨན་བཅོས་ཞབས་ཞུ་སྔར་ལས་ཚད་ལྡན་ཡོང་བ་མཚོན་ཡོད་པར་མ་ཟད། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་ནི་དམངས་འཚོར་དོ་ཁུར་དང་། དམངས་འཚོར་མཐོང་ཆེན། དམངས་འཚོ་འགན་ལེན། དམངས་འཚོ་ལེགས་བསྒྱུར། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད། 

                                                          རྩོམ་སྒྲིག་པ། གཡང་འབུམ་རྒྱལ།