ཡོད་ཚད་ལྗང་མདོག་གི་ཆེད་དུ།
2021.06.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

སྨར་ཁོག་ནགས་ཁུལ་དུ་མི་ཕལ་བ་སྐོར་ཞིག་ནམ་རྒྱུན་དབྱར་ཆར་བ་དང་དགུན་ཁ་བའི་ཁྲོད་དུ།ཆོད་སེམས་བརྟན་པོས་ཁེར་རྐྱང་ངང་རི་ཀླུང་ཐང་གསུམ་བརྒལ་ནས་ནགས་ཚལ་སྲུང་སྐྱོང་བྱེད་པར་བྲེལ་བཞིན་ཡོད།

ཟླ་དྲུག་པའི་ཟླ་སྟོད་ཀྱི་ཉིན་ཞིག་ལ། ཞོགས་པར་ཆར་རྒྱུན་མ་འཇགས་པར་ཤག་ཤག་ཏུ་འཇོ་བཞིན་ཡོད་ནའང་།པདྨ་རྫོང་དྷི་མདའ་ཡུལ་ཚོ་པན་ཆེན་སྡེ་བའི་ནགས་སྲུང་པ་ཚོ། འཕྲུལ་རྟར་ཞོན་ནས་རང་ལ་རྒྱུས་མངའ་ཆེ་བའི་ནགས་སྲུང་ཁུལ་དུ་ཕྱིར་མིག་མེད་པར་སོང་།

འཕྲུལ་རྟའི་སྒྲ་དེས་གཉིད་དུ་ཡུར་བའི་བྱིས་པ་ཚོ་ཡང་གཉིད་ལས་དཀྲོགས་སོང་།

འཕྲུལ་རྟར་ཞོན་ནས་ཆུ་ཚོད་ཕྱེད་ཀ་རིང་སོང་མཐར།སྨར་ཁོག་ཆུ་བོའི་རབ་ཁ་བརྒལ་ནས་གསོམ་སྡོང་དང་སྟག་པ་སོགས་སྟུག་པོར་སྐྱེས་ཡོད་པའི་གནས་ཤིག་ཏུ་འཕྲུལ་རྟ་རྣམས་བཞག་རྗེས།ལག་ཏུ་འབྲི་དེབ་ཐོགས་ཤིང་ཁ་པར་བརྒྱུད་ནས་སྡོང་པོར་འབུ་ཡིས་གནོད་པ་ཐེབས་ཀྱིན་ཡོད་མེད་དང་།ནགས་ཚལ་ལ་གཏོར་སྐྱོན་ཐེབས་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲའི་སྒོ་ནས་ཟིན་ཐོར་འགོད་པ་དང་ལྗང་མྱུག་གི་སྐྱེས་ཚུལ་བརྙན་དུ་ཕབ་པའི་ལས་ཀ་དེ་ནི་ཅི་འདྲའི་བྱང་ཆ་ལྡན་པ་ཞིག་རེད་ཨང་།

ཉིན་དེར་ནགས་རའི་ཁུལ་དུ་སྐོར་ཞིབ་བྱེད་པར་འགྲོ་མཁན་མི་སྣ་བཅུ་ལྷག་ཡོད་ལ།དེའི་ཁྲོད་དུ་ཤ་མདོག་སྨུག་ཅིང་གདོང་ལ་རྒས་གཉེར་ཆགས་པའི་ནགས་སྲུང་པ་ཞིག་ཡོད་པ་དེའི་སྐྲ་འདབས་དཀར་པོ་གྱུར་འདུག ཁོའི་མིང་ལ་ཚེ་རྒྱམ་ཟེར་ཞིང་ད་ལོར་ལོ62རེད།ས་ཡི་རྒྱ་ཁྱོན་ལ་འགྱུར་བ་བྱུང་མེད་པར་མི་ལོ་ཉི་ཤུའི་ཡར་སྔོན་གྱི་ས་ཁུལ་དུ་སྣང་མོད།ས་དེར་སྐྱེ་དངོས་ཀྱི་རིགས་སྔོན་ཆད་ཀྱི་ཐར་ཐོར་ནས་ཚང་ཚིང་དུ་སྐྱེས་པས་ད་ལྟ་སྐྱེ་དངོས་ཀྱི་རིགས་བཞི་བརྒྱ་ལྷག་ལ་སླེབས་ཡོད་པར་མ་ཟད།ད་དུང་ཤྭ་སྐྱ་དང་། ཤྭ་དམར། ཤྭ་རྒྱ། དེ་མིན་སྤྲེའུ་དང་བྱ་བྱིའུ་མང་དུ་འཕེལ་ཞིང་།རི་དྭགས་དང་བྱ་བྱིའུ་རི་ནས་གཤམ་ལ་བབས་པའི་གཏམ་རྒྱུད་མང་དུ་ཡོད་ཅེས་བཤད་པར་བལྟས་ན། ཁོ་ཚོ་ནི་ས་འདིར་ཅི་འདྲའི་རྒྱུས་མངའ་ཆེ་ལ་ནགས་སྲུང་གི་བྱ་བར་འབད་པ་ལྷུར་ལེན་བྱེད་བཞིན་ཡོད་པ་ཤེས་ཐུབ།

ཁོ་ཚོའི་ཁྲོད་དུ་ལོ20ལ་སླེབས་པའི་ལོ་ཆུང་གཞོན་ནུ་ཡོད་ལ།ཁྱིམ་ཚང་གི་འཚོ་བར་དཀའ་ཁག་ཡོད་པའི་དབུལ་སྐྱོར་ཁྱིམ་ཚང་གི་མི་རེ་གཉིས་ཀྱང་ཡོད།དང་ཐོག་སྤྱི་ཕན་རང་བཞིན་གྱི་ལས་རྐང་ལྟར་བཀོད་སྒྲིག་བྱས་ཏེ་ནགས་སྲུང་གི་བྱ་བ་གཉེར་ནས་ལོ་ངོ་འགའ་འགོར་བའི་རིང་ལ།ཟླ་རེར་ཟླ་ཕོགས་སྒོར1800ཐོབ་ཀྱིན་ཡོད་པ་དེ་ནི་འཚོ་བའི་དཀའ་ཁག་སེལ་བའི་ཐད་ཀྱི་འགྱུར་ལྡོག་ཅིག་ཏུ་བཤད་ཆོག་པ་ལས་གཞན།ད་དུང་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པ་ནི་སྔོན་ཆད་ནགས་ཚལ་ལ་སྲུང་སྐྱོང་བྱེད་མི་ཤེས་པའི་སྡོང་རྐུན་ནས་རི་བོ་སྔོ་ལྗང་ཅན་དུ་བསྒྱུར་བར་འབད་པའི་སྡོང་འཛུགས་ནགས་སྐྲུན་པ་དང་།གཞུང་ལམ་དང་སྡེ་འདབས་ཀྱི་གད་སྙིགས་གཙང་སེལ་ལ་གཞོལ་བའི་ཁོར་སྲུང་པ། དེ་མིན་ལོ་གཅིག་གི་དུས་ཚིགས་བཞི་པོར་རི་ཀླུང་ཐང་གསུམ་མྱུལ་བའི་ནགས་སྲུང་པར་གྱུར་ཡོད་པ་དེ་ཡིན།

དཔུང་བར་བཏེགས་ཡོད་པའི་དཔུང་རྟགས་དམར་པོའི་སྟེང་གི“སྐྱེ་ཁམས་དོ་དམ་པ”ཞེས་པའི་ཡིག་འབྲུ་སེར་པོ་དེ་ནི་ཁོ་ཚོར་གནང་བའི་ལས་སྒྲུབ་དཔང་ཡིག་དང་གཡོལ་དུ་མེད་པའི་ལས་འགན་རེད།

ཉིན་གུང་ཐོན་ལ་ཉེ་དུས། ཆར་བ་རེ་ཞིག་འབབ་མཚམས་བཞག་པ་ན། ཁོ་ཚོས་རང་རང་གིས་སྐོར་ཞིབ་བྱས་པའི་གནས་ཚུལ་ཟིན་ཐོར་བཀོད་རྗེས།ཆུ་ལོག་གིས་ཁུར་ཡོང་བའི་གད་སྙིགས་གཙང་སེལ་བྱེད་དུ་ཕྱིན།

“རེམ།རེམ།ཆར་བ་འབབ་མཚམས་བཞག་དུས་གད་སྙིགས་འཐུ་དགོས།”

“འོ་ཡ། སྒྱེ་མོ་ཁྱེར་ཤོག”

“སེམས་ཆུང་བྱོས། རྐང་རྐ་ལག་ལ་རྨས་ཕོག་པར་གཟབ་དགོས།”

ཉིན་གུང་གི་ཟས་ཐུན་སྟབས་བདེ་ཞིག་འཐུང་རྗེས།གླུ་དང་ཁ་མཚར།རྩེད་མོར་རོལ་ནས་ཉིན་དེའི་ངལ་གསོའི་དུས་ཚོད་ཕུན་སུམ་ཚོགས་པར་བཏང་།

སྐྱེ་ཁམས་དོ་དམ་པ་སྲས་ཆུང་གིས་ཁ་པར་ཞིག་ལ་ཉན་རྗེས།“ཡ། ཚང་མ་ཡར་ལོངས་དང་། ང་ཚོ་རི་ཉིལ་ཡོད་མེད་དང་ཆུ་བོ་རྒྱས་ནས་ཟམ་པར་གནོད་སྐྱོན་ཐེབས་ཡོད་མེད་ལ་སྐོར་ཞིབ་བྱེད་དུ་འགྲོ”ཞེས་བཤད་མ་ཐག ཚང་མ་དུས་གཅིག་ཏུ་ཡར་ལངས་ནས་རི་བོའི་འདབས་ཀྱི་རྐང་ལམ་ཕྲ་མོ་དེད་ནས་རིམ་བཞིན་ནག་གསེབ་ཏུ་མི་སྣང་བར་གྱུར་སོང་།

སྐོར་ཞིབ་བྱེད་སྐབས་དང་ངལ་གསོ་བའི་དུས་སུ་རི་མཐོན་པོ་དང་ས་བབ་མཐོ་སར་འགོས་ནས་ནང་མི་ལྷན་རྒྱས་ལ་ཁ་པར་གཏོང་གིན་ཡོད་ལ།ལང་ལོང་དུ་འབབ་པའི་ཆུ་བོ་དང་ཀྱག་ཀྱོག་གི་རྐང་ལམ་འགྲམ་དུ་སྡོང་པོ་སྐྱེས་ཚུལ་བཟང་པོ་མཐོང་རྒྱུ་བྱུང་བ་ནི་ཁོ་ཚོར་མཚོན་ན་དགའ་འོས་པའི་དོན་ཞིག་རེད།“སྐྱེ་ཁམས་སྲུང་སྐྱོང་བྱ་ཆེད། གནས་འདི་རུ་དཀའ་ལས་ག་ཚོད་རྒྱག་དགོས་ཀྱང་ཕངས་སེམས་མེད།”

ནགས་ཚལ་ལ་སྔར་ལས་སྲུང་སྐྱོང་ལེགས་པོ་བྱ་ཆེད་ཁོ་ཚོའི་སྐོར་ཞིབ་བྱེད་པའི་དུས་ཚོད་ལ་ངེས་གཏན་མེད། བྱ་བའི་གོ་རིམ་ཁྲོད་ཆར་བ་འབབ་ཚད་ཆེ་བའམ་རི་ཉིལ་བ་སོགས་ཀྱི་བཀག་རྒྱ་ཐེབས་ཚེ།ཟ་མ་ཟ་འཐུང་གི་དུས་ཚོད་ལའང་ངེས་གཏན་མེད།

འོན་ཀྱང་ཁོ་ཚོ་མི་མེད་ལུང་སྟོང་དུ་མྱུལ་ནས་དཀའ་ལས་མང་པོ་མྱངས་དགོས་ཀྱང་དོན་དེར་འཁང་ར་གཏན་ནས་བྱས་མ་མྱོང་བར་སྨྲ་བ་ཤིན་ཏུ་ཉུང་ཞིང་། ཁོ་ཚོའི་གདོང་ལས་མཐོང་ཐུབ་པ་ནི་བབ་ཆགས་དང་བློ་རྒྱ་ཆེ་བ་དེ་ཡིན།

ཁོ་ཚོ་ནི་མི་ཕལ་བ་ཏག་ཏག་ཡིན་ལ། ཕལ་བའི་མི་ཡི་བྱ་སྤྱོད་ཀྱིས་མི་ཅི་འདྲ་ཞིག་གི་བློ་སེམས་བསྒུལ་མྱོང་བ་དེ་ང་ཚོའི་སེམས་ན་ད་རུང་གསལ་པོར་ངེས་ཡོད།

                                                                      རྩོམ་སྒྲིག་པ། གཡང་འབུམ་རྒྱལ།