བསམ་བློའི་སྟོབས་ཤུགས་ཆེན་པོ་དེ་བས་ཚོར་བར་བྱ་དགོས།
2021.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

       མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

བསམ་བློ་ནི་སྟོབས་ཤུགས་ཡིན། མི་རིགས་ཤིག་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་དགོས་ན།   ནམ་ཡང་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་མེད་མི་རུང་ལ། བསམ་བློའི་ཁྲིད་སྟོན་ཀྱང་མེད་མི་རུང་བ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་ནན་གྱིས་བསྟན་དོན།  ཏང་ཡོངས་ལ་ཏང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་ནས་མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་བྱས་ཏེ་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་གཏོང་བ་དང་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བ།   མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རྟོགས་པ། ཀྲུང་གོ་ཅན་དུ་འགྱུར་བའི་མར་ཁེ་སི་རིང་ལུགས་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་གཤིས་སྤྱོད་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།  ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་འཕེལ་རིམ་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་བས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་ཏན་ཏིག་ངང་སྤེལ་དགོས་ན། བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་ལས་གསལ་རྟོགས་དང་། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས།

མཛུབ་སྟོན་བསམ་བློ་ནི་སྲིད་ཏང་ཞིག་གི་བསམ་པའི་དར་ཆ་ཡིན། མར་ཁེ་སི་རིང་ལུགས་ སྲིད་ཏང་གི་སྔོན་ཐོན་རང་བཞིན་དེ་ཐོག་མར་བསམ་བློ་དང་རིགས་པའི་གཞུང་ལུགས་ཐད་ཀྱི་སྔོན་ཐོན་རང་བཞིན་ཐོག་ནས་མཚོན་གྱི་ཡོད། བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སྤྱོད་མཁས་པོ་བྱས་ནས་ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་རྒྱུ་ནི་ང་ཚོའི་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་ཆེན་པོ་ཞིག་ཡིན། ཐེངས་འདིའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་འགན་ཨང་དང་པོ་ནི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་ནས་ལོ་རྒྱུས་ཀྱིས་ཅིའི་ཕྱིར་མར་ཁེ་སི་རིང་ལུགས་གདམ་གསེས་དང་མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་རྒྱུན་ཆད་མེད་པར་ཀྲུང་གོར་འགྱུར་ལྡོག་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་བར་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་གོང་བུ་གཅིག་ཏུ་འགྲིལ་བར་ཁྲིད་སྟོན་བྱ་རྒྱུ་དེ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་ཉམས་མྱོང་གི་གཅིག་སྡུད་ཕྱོགས་སྡོམ་ཞིག་ཡིན་ལ།  བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40ལྷག་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100རིང་བཅས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཟབ་མོ་ཞིག་ཀྱང་རེད།  ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། བྱ་བར་སྐུལ་འདེད་བཅས་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བསམ་བློའི་སྟོབས་ཤུགས་ཆེན་པོ་ཚོར་བར་བྱེད་པའི་གཙོ་གནད་འདི་དམ་འཛིན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སྔར་བས་སློབ་སྦྱོང་དང་། ཤེས་རྟོགས། འཐུས་ཚང་། ཏན་ཏིག་བཅས་ཡོང་བར་བྱ་དགོས།

ལོ་ངོ་བརྒྱ་ཕྲག་གི་རྒྱང་སྐྱོད་ཟིལ་རླབས་དགུང་དུ་འཕྱུར་ཞིང་། ལོ་ངོ་བརྒྱ་ཕྲག་གི་ཐོག་མའི་བསམ་འདུན་ཇེ་བརྟན་དུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་ཏང་གི་ལོ་ངོ་བརྒྱ་ནི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བའི་ལོ་ངོ་བརྒྱ་ཡིན་པ་དང་། དཀའ་སྤྱད་ལས་སྒྲུབ་བྱེད་པའི་ལོ་ངོ་བརྒྱ་ཡིན་ལ། འོད་སྟོང་འབར་བའི་འབྱུང་འགྱུར་གསར་གཏོད་བྱེད་པའི་ལོ་ངོ་བརྒྱ་ཡང་ཡིན།”ཞེས་གཏིང་ཟབ་ཏུ་བསྟན་ཡོད།  འདས་སོང་གི་འབད་འཐབ་ལམ་བུར་ཕྱིར་བལྟ་བྱས་ཚེ། ཉེ་རབས་ཀྱི་ཀྲུང་གོའི་ཉེན་ཁ་ཆེ་ཤོས་ཀྱི་དུས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་རྙེད་པ་མ་ཟད། མར་ཁེ་སི་ལེ་ཉིན་རིང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་ལ་བརྟེན་ནས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ཀྲུང་ཧྭ་མི་རིགས་ཀྱིས་གསར་སྐྲུན་བྱས་པའི་རླབས་ཆེན་གྱི་དཔལ་ཡོན་སྐུལ་སློང་བྱས་པས། ཀྲུང་ཧྭའི་དཔལ་ཡོན་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་ཡང་བསྐྱར་ཐོན་པ་རེད།  ལོ་ངོ་བརྒྱའི་རིང་ལ་ང་ཚོའི་ཏང་གིས་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ཚན་རིག་གི་སྙིང་སྟོབས་དང་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་བློ་གཤོག་ཆེན་པོར་བརྟེན་ནས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ལ་འགོ་ཁྲིད་དང་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་བཏང་ཞིང་། རྒྱུན་ཆད་མེད་པར་ཀྲུང་གོ་ཅན་དུ་འགྱུར་བའི་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད།  གནས་བབ་བཟང་ངན་གང་དུ་ཡོད་རུང་། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་སེམས་ལ་གཡོ་འགུལ་གཏན་ནས་གཏོང་མྱོང་མེད།  མར་ཁེ་སི་རིང་ལུགས་ནི་ང་ཚོས་འཛམ་གླིང་ལ་ཤེས་རྟོགས་དང་། ཆོས་ཉིད་ཁོང་དུ་ཆུད་པ། བདེན་དོན་དོན་གཉེར།  འཛམ་གླིང་བསྒྱུར་བཀོད་བཅས་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཡིན་པ་དང་། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ངེས་པར་བརྩི་སྲུང་བྱ་དགོས་པའི་མཛུབ་སྟོན་བསམ་བློ་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད།

རིགས་པའི་གཞུང་ལུགས་ཀྱི་སྐྱེ་སྟོབས་ནི་གསར་སྐྲུན་ལ་རག་ལས་ཡོད། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་བ་དང་།  ཀྲུང་གོས་ཀྱང་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ལོ་ངོ100ཡི་རིང་། ང་ཚོའི་ཏང་གིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ཕན་ཚུན་གཅིག་གྱུར་དང་། རྨང་གཞི་བརྟན་གཏོང་དང་གསར་སྐྲུན་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས། མར་ཁེ་སི་རིང་ལུགས་ཀྱི་བསམ་ཕྱོགས་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱས་པས། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བྱུང་བས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་འདོན་སྤྲོད་གནང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་གཅིག་གྱུར་ཡོང་བར་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། རྣམ་པ་གསར་པ་ཁྱོན་ཡོངས་ནས་གཏོད་པ་བཅས་ཀྱི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པར་མཛུབ་ཁྲིད་གནང་བ་ལས་བྱུང་བ་ཞིག་རེད། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའམ་ཡང་ན་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའམ་ཡང་ན་རྒྱལ་ཁབ་ཀྱི་བདེ་འཇགས་དང་ལྟེ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པ་དང་ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ཇུས་གྲུབ་འབྲས་གལ་ཆེན་ཐོབ་པ་གང་ཞིག་གི་ཐོག་ནས་ཀྱང་དགོངས་པ་གལ་ཆེན་དེས་ལག་ལེན་ལ་མཛུབ་ཁྲིད་དང་ལག་ལེན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་མངོན་ཡོད་ཅེས་གསུངས་པ་རེད། “འབད་འཐབ་པའི”རྟགས་ཅན་སྨི་ཁྲི་ཡི་མཚོ་གཏིང་དུ་འཛུལ་བ་དང་། “ གནམ་དཔྱད་ཨང་དང་པོ”རྟགས་ཅན་སྐར་མ་མིག་དམར་གྱི་འཁོར་ལམ་དུ་ཞུགས་པ། བསྐྲུན་བཞིན་པའི་ཁྲོན་བོད་ལྕགས་ལམ་དེ་གཡང་གཟར་བརྒལ་བ། 5Gརྟགས་ཅན་དེ་གྲོང་ཁྱེར་དང་གྲོང་གསེབ་ཏུ་མགྱོགས་མྱུར་ངང་ཁྱབ་ཡོད་པས། ཀྲུང་གོའི་ས་གཞི་ཆེ་མོར་དེ་བས་མཛེས་སྡུག་གི་རི་མོ་གསར་པ་ཞིག་བཀོད་ནས་དབྱར་མཚོ་རྒྱས་པ་ལྟར་གསོན་ཤུགས་འཕེལ་བཞིན་ཡོད། 2020ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་ཐེངས་དང་པོར་སྒོར་དུང་ཕྱུར་ཁྲི100ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་། དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་བསམ་བློའི་འོད་ཟེར་དེ་རྒྱུན་ཆད་མེད་པར་མདུན་སྐྱོད་ཀྱི་བརྗིད་ཆེའི་སྟོབས་ཤུགས་སུ་གྱུར་བ། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འདི་ཉིད་སྔར་བས་བརྗིད་ཉམས་ཆེ་བའི་ཉམས་འགྱུར་ཐོག་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་བཞིན་ཡོད་པ་རེད།  དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་དུས་རབས་གསར་པའི་འོད་སྟོང་འབར་བའི་གྲུབ་འབྲས་གསར་བ་བསྐྲུན་ཡོད།

བསམ་བློའི་འོད་ཟེར་གྱིས་མི་རིགས་ཤིག་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པའི་ལམ་བུ་གསལ་བར་བྱས་པ་དང་། འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་སྟོབས་ཤུགས་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དུས་རབས་གསར་པའི་རླབས་ཆེན་གྱི་འཐབ་རྩོད་ཁྲོད་བསྐྲུན་པ་ཞིག་ཡིན་ལ་དུས་རབས་གསར་པར་མཛུབ་སྟོན་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་བརྗིད་ཆེའི་སྟོབས་ཤུགས་ཆེན་པོའང་མངོན་ཡོད། བསམ་བློ་གལ་ཆེན་འདིས་ཀྲུང་གོར་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་བཏོད་ཡོད་པས། ང་ཚོར་ཆེ་ཕྱོགས་འཚོལ་ཞིབ་དང་། སྟབས་བསྟུན་དོན་གཉེར།  གནས་བབ་གསར་གཏོད་བཅས་ལ་སྣེ་ཁྲིད་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ཆེན་ཞིག་ཡིན་པ་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཡིན་པ་མ་ཟད། དུས་རབས21པའི་མར་ཁེ་སི་རིང་ལུགས་ཀྱང་ཡིན་པས་འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད། ང་ཚོས་ཏང་གི་བསམ་བློ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ལོ་རྒྱུས་ཁྲོད་ནས་དགོངས་པ་གལ་ཆེན་དེར་གོ་བ་ཟབ་མོ་ལེན་པ་ནི། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འོད་སྟོང་འཕྲོ་བའི་མིག་དཔེ་ཡིན་པ་དང་། དགོངས་པ་གལ་ཆེན་དེའི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་པ་དང་།  དེའི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། ཚན་རིག་མ་ལག དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱ་དགོས། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཡོངས་ལ་བཅིངས་འགྲོལ་འཐོབ་པར་བརྩོན་ལེན་བྱེད་པའི་རླབས་ཆེན་གྱི་དོན་གཉེར་ཁྲོད་དང་། ཀྲུང་གོ་གུང་ཁྲན་ཏང་མིས་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་བརྩོན་ལེན་བྱེད་པའི་བརྩེ་སེམས་ཆེན་པོའི་ཁྲོད་ནས། དགོངས་པ་གལ་ཆེན་འདིའི་འཛམ་གླིང་གི་དོན་སྙིང་རྟོགས་པར་བྱས་ཏེ། རང་རྟོགས་ཀྱི་སྒོ་ནས་དགོངས་དོན་གལ་ཆེན་འདིའི་ཁྲིད་སྟོན་འོག སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་བྱ་དགོས།

དུས་རབས་གཅིག་གི་དཀའ་སྡུག་ཁྲོད་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་བཞིན་ཡོད།   དེང་གི་འཛམ་གླིང་འདིར་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་ཅིང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད།  “བརྒྱ་ལོ་གཉིས”ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་འགྲེངས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་གསར་པར་ཧུར་ཐག་གིས་བསྐྱོད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“ རང་རྟོན་བཞི་” ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པར་བྱེད་པ།  ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཁྲོད་བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་ཚོར་ཐུབ་པ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ཚེ།    ང་ཚོས་ངེས་པར་དུ་དད་སེམས་ཀྱི་རྨང་གཞི་བརྟན་གཏོང་དང་། བསམ་བློའི་སྟོབས་ཤུགས་འདང་བར་བྱེད་པ། བསམ་བློའི་ཁ་ཕྱོགས་བརྟན་བརླིང་ཡོང་བ་བཅས་བྱས་ནས་ཁྱད་སྟོབས་དང་རང་འགུལ་ འབྱུང་འགྱུར་བཅས་བརྩོན་ལེན་བྱས་ཏེ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བྱ་གཞག་གཏོད་ཐུབ་ངེས་ཡིན་ཞེས་གསུངས་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།