ཏང་གི་དར་ཆ་གངས་ལྗོངས་མཐོ་སྒང་ནས་བསྐྱོད། ཏང་གི་ལོ་རྒྱུས་འབྲོག་ཁུལ་རྩྭ་ཐང་ནས་སྒྲོག
2021.06.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

རྨ་ཆེན་རྫོང་གིས“ཅན་བཅུ”ཡི་ཏང་བཙུགས་ཆས་རྟགས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ཚ་རླབས”འཕྱུར་ཞིང་དངོས་སྒྲུབ་བྱས།

དབྱར་ཟླ་ལྔ་བའི་རྨ་ཆེན་རྩྭ་ཐང་ལ་དབྱར་གྱི་དཔལ་ཡོན་མངོན་པ་དང་བསྟུན་ནས། ཏང་གི་དར་ཆ་གངས་ལྗོངས་མཐོ་སྒང་གི་མཁའ་དབྱིངས་སུ་མཐོན་པོར་བསྐྱོད་བཞིན་འདུག ཟོར་བ་དང་ཐོ་བ། དམར་མདངས་བཀྲ་བའི་ཏང་གི་དར་ཆས་གནས་འདིར་མཐུན་སྒྲིལ་མདུན་སྐྱོད་ཀྱི་སྟོབས་ཤུགས་ཀྱིས་ཁེངས་པར་བྱེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོ་དྭངས་ཆེན་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པའམ་ཏང་ཡོན་རྒན་པ་བཀྲ་དབང་གིས་བཤད་རྒྱུར། “ཀྲུང་གོ་གུང་ཁྲན་ཏང་མེད་ན་དེ་རིང་གི་བསྡེ་སྐྱིད་འཚོ་བ་མེད། སྔོན་ཆད་ཀྱི་སྦྲ་གུར་གཅིག་དང་སླ་ང་གཅིག ནོར་ལུག་ཁྱུ་གཅིག་ལ་བརྟེན་ནས་ཕྱོགས་བཞིར་འཁྱམས་པའི་སྲོལ་རྒྱུན་གྱི་འབྲོག་ལས་འཚོ་བར་དཀའ་ཁག་ཤིན་ཏུ་ཆེ། ད་ལྟ་འབྲོག་པ་མང་བོས་བདེ་སྐྱིད་ཀྱི་འབྱོར་འབྲིང་འཚོ་བ་རོལ་བཞིན་པ་འདི་ནི་གུང་ཁྲན་ཏང་གིས་ང་ཚོར་ཁྱེར་ཡོང་བའི་འོད་སྣང་དང་རེ་བ་རེད”ཟེར། ཉིན་འདི་འགར། ལོ72ལ་སོན་པའི་བཀྲ་དབང་གིས“འབྲོག་པའི་ཏང་གི་སློབ་ཁྲིད”སྟེང་རང་གིས་བརྒྱུད་པའི་མྱོང་བ་བཤད་ཞོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་པ། སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པ། དྲིན་དྲན་མདུན་བསྐྱོད་བྱེད་དགོས་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་དགོས་པའི་བླང་བྱ་དངོས་གནས་སྒྲུབ་ཐུབ་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་ཀྱིན་འདུག

ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་ལ་བར་ཐག་རིང་བའི་དངོས་ཡོད་གནས་ཚུལ་ལ་ཁ་གཏད་དེ། རྨ་ཆེན་རྫོང་གིས་ཡུལ་བབ་དང་བསྟུན་ནས་གནད་ཁེལ་ཐབས་ཇུས་ལག་བསྟར་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ཅན་བཅུའི”ཏང་འཛུགས་བྱེད་ཐབས་མཉམ་འདྲེས་གང་ལེགས་བྱས་ལ། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་ཁྲོད་ལས་སྒྲུབ་དང་ལས་སྒྲུབ་ཁྲོད་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་དང་། སློབ་སྦྱོང་གི་རྣམ་པ་དང་ནང་དོན། བྱེད་ཐབས་ཀྱི་ཐད་གཏན་འཁེལ་གྱི་བྱེད་སྟངས་དང་རང་འདེམས་ཀྱི་བྱེད་སྟངས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་གཏམ་རྒྱུད་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་པ་དང་གསར་བརྗེའི་ཐོན་ཁུངས་ལེགས་པོར་སྤྱོད་པ། སློབ་གསོའི་རྣམ་པར་གསོན་ཤུགས་ལྡན་པ་བཅས་ལ་གཙིགས་འཛིན་བྱེད་པ་དང་། ལས་སྒྲུབ་ལས་སྐྲུན་སྙིང་སྟོབས་ཀྱི་སྒུལ་ཤུགས་རྩ་བ་སྐུལ་སློང་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མེ་ཏོག་བཞད་ཅིང་འབྲས་བུ་སྨོན་པར་སྐུལ་འདེད་བྱས།

མཚོ་འཕང་མུས4200ཡན་གྱི་རྨ་ཆེན་རྩྭ་ཐང་ནས་རྟ་ཕོའི་རྨིག་སྒྲ་རྒྱང་ནས་ཉེ་བར་གྲག་འོང་བ་དེ་ནི་རྟ་ཐོག་སྒྲོག་འགྲེལ་རུ་ཁག་གི་རུ་མི་རྣམས་ཀྱིས་འབྲོག་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ལ་བསྐུལ་ཡོང་བའི་བསམ་པའི་རྒྱགས་ཕྱེ་རེད། ཏང་གི་ལོ་རྒྱུས་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་དང་། ཏང་གི་གསུང་སྐད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་མཐའ་མཇུག་གི་སྤྱི་ལེ་གཅིག་དང་རྒྱང་ཐག་ཆེས་རིང་བའི་ཁྱིམ་ཚང་རེ་ལ་བརྒྱུད་སྤྲོད་བྱས།

“ཏང་ཡོན་བློ་མཐུན་རྣམ་པ། ཚང་མ་བདེ་མོ། དེ་རིང་ཚང་མར་མཉམ་སྤྱོད་བྱེད་རྒྱུ་ནི་གངས་རི་ཡུས་ཀུང་གིས་རང་སྟོབས་རང་སྤེལ་གྱིས་བདེ་སྐྱིད་ཀྱི་ལམ་བུ་བསྐྲུན་པའི་གཏམ་རྒྱུད་ཡིན། 1973ལོར། ཧྲན་ཞི་ནས་ཡོང་བའི་མེ་འགོག་ཁྲའོ་རོགས་ཀྱི་དམག་མི་རྒན་པ་ཐའོ་ཀྲེན་ཧྭ་སྐབས་དེའི་རྨ་ཆེན་རྫོང་གངས་རི་ཀུང་ཧྲེར་ཡོང་ནས་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།”ཉེ་ལམ། སྡོམ་ཁོག་ཡུལ་ཚོའི“ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི”སྐད་འཕྲིན་ཚོགས་པ་ལས་སྙན་ཞིང་འཇེབས་པའི་སྒྲ་ཞིག་གྲག་འོང་།

མ་གཞི་དེ་ནི་ཡུལ་ཚོའི་ལས་བྱེད་པས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས“ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་། ཏང་གི་བཀའ་དྲིན་ལ་བསྟོད་པ། ཏང་གི་རྗེས་སུ་འབྲངས་པའི”བརྗོད་དོན་སྒྲོག་འགྲེལ་བྱ་བ་སྤེལ་བཞིན་པ་དེ་རེད་ལ། དེ་ནི་འབྲོག་པའི་ཏང་ཡོན་དང་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི“ཐོག་མའི་བསམ་འདུན”དང“འགན་འཁྲི”སྔར་ལས་གཏིང་ཟབ་པར་རྒྱུས་ལོན་བྱེད་པའི་ཆེད་དུ་རེད།

ཏང་ཡོན་གང་དུ་ཡོད་ན་རྩ་འཛུགས་དེ་རུ་ཡོད། འབྲོག་པ་མང་ཚོགས་གང་དུ་ཡོད་ན་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གནས་དེར་བསྐྱལ་ཡོང་། ཏང་གི་ལོ་རྒྱུས་ནི་ཆེས་གསོན་ཉམས་ལྡན་པ་དང་ཆེས་གོ་སྐོན་བློ་འགུག་གི་ནུས་པ་ཡོད་པའི་སློབ་དེབ་ཅིག་རེད། མང་ཚོགས་ཀྱིས་ཐོས་དགའ་མཐོང་སྤྲོའི་བྱེད་སྟངས་སྤྱད་ནས་ཏང་གི་ལོ་རྒྱུས་གཏམ་རྒྱུད་ལེགས་པོར་ཁྲིད་པ་དང་། རྨ་ཆེན་རྫོང་གི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཅིག་བསྡུས་སློབ་སྦྱོང་། བརྗེ་རེས་དང་གྲོས་བསྡུར་དཔྱད་གླེང་། ཆེད་དོན་འཆད་ཁྲིད། དཔེ་ཀློག་བགྲོ་གླེང་། འཁོར་སྐྱོད་ཏང་གི་སློབ་གྲྭ བརྗོད་དོན་གཙོ་བོའི་སྒྲོག་འགྲེལ། གསར་བརྗེའི་གློག་བརྙན་ལ་བལྟ་བ། འཚམས་འདྲིར་འགྲོ་བ། རིག་རྩལ་གཞི་རིམ་དུ་སྐྱེལ་བ། སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་བཅས་བརྒྱུད་ནས་སྤེལ་བར་མ་ཟད། གཞན“རྟ་ཐོག་སྒྲོག་འགྲེལ་ཚོགས་པ”དང“འཕྲུལ་རྟ་སྒྲོག་འགྲེལ་ཚོགས་པ”“དར་དམར་རྒྱང་སྒྲོག་ས་ཚིགས”“ཆེད་དོན་བྱ་བའི་ཚན་ཆུང་བཅུ་གཅིག(དང་བླངས་པའི་ཞབས་ཞུའི་རུ་དཔུང་བཅུ་གཅིག)”སོགས་དྲིལ་སྒྲོག་ཐེག་བྱད་རྟེན་གཞི་དང་། རྒྱ་བོད་སྐད་གཉིས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་རྒྱུ་ཆ་འགྲེམ་གཏོང་བྱེད་པ་བརྒྱུད་ནས་མང་ཚོགས་ཀྱི་གོ་སླ་བ་དང་ཡིད་ལ་འཛིན་བདེ་བའི་ཁ་སྐད་དང་ཡུལ་སྐད་ཀྱིས་ཞིང་ཁ་དང་འབྲོག་ཁུལ་གྱི་རྩྭ་སར་ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་གཏིང་ཟབ་པར་འཆད་པ་དང་། མང་ཚོགས་ཀྱི་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་སྐུལ་སློང་དང་རྫོང་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་དངོས་སྒྲུབ། རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བར་ཕན་ནུས་ལྡན་པའི་སྐུལ་འདེད་བྱས།

གང་ན་དཀའ་ཁག་ཡོད་ན་དེ་རུ་གུང་ཁྲན་ཏང་ཡོན་ཡོད། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་པར་ནན་འཛིན་དང་དུས་རྒྱུན་ཁྲོད་འདྲེས་པ་རྒྱུན་འཁྱོངས་བྱས་པར་མ་ཟད། ཏང་འཛུགས་བྱེད་ཐབས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། དབུལ་ཐར་གྲུབ་འབྲས་སྲ་བརྟན། གྲོང་གསེབ་དར་སྤེལ་འཐབ་ཇུས། སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་སོགས་གནད་སའི་བྱ་བར་ཟུང་འབྲེལ་དམ་པོ་བྱས་པ་དང་། “ཏང་རྟགས་འདོགས་པ། ཐོབ་ཐང་གསལ་པོ་བྱེད་པ། སྣང་བརྙན་བསྐྲུན་པ།”“ཏང་ཡོན་གཅིག་ནི་དར་ཆ་གཅིག”“གྲུབ་འབྲས་སྟོན་པ། ཁས་ལེན་མངོན་པ། མིག་དཔེ་སྟོན་པ།”“ཏང་ཡོན་དང་བླངས་ཞབས་ཞུ”སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱས་ནས་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི“གཞི་རྒྱུ་དམར་པོ”སྐུལ་སྤེལ་བྱས། དོན་དངོས་སྒྲུབ་པར་དམིགས་ཏེ་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་ཞབས་ཞུ་ལ་བརྟེན་ནས་འགལ་ཟླ་རྩོད་གླེང་བསལ་བ་དང་། དམངས་ཀྱི་ཆེད་དུ་དཀའ་ཁག་བསལ་བ་སོགས་ཀྱི་བྱེད་སྟངས་མང་པོའི་སྒོ་ནས“དང་བླངས་པའི་དྲོད་ཁོལ་སྦྱིན་པ།”“བཅའ་ཁྲིམས་སྡེ་ཁུལ་དང་དགོན་པར་སྐྱེལ་བ།”“སྒོ་ཁར་སོང་ནས་དཔང་སྒྲུབ་དང་དྲོད་ཁོལ་སྦྱིན་པ།”“ཉེན་རྟོག་མི་སྣ་ཁྲི་ཕྲག་ཁྱིམ་ཚང་ཁྲི་སྟོང་མང་པོར་འགྲོ་བ།”“དམངས་བདེ་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་འགུལ་སྐྱོད”སོགས་མུ་འབྲེལ་བྱ་འགུལ་སྤེལ་བ་དང་། རང་འགུལ་སྒོས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་དམངས་ཀྱི་ཆེད་དུ་ཞབས་ཞུ་སྒྲུབ་པའི་ལག་ལེན་གྲུབ་འབྲས་སུ་བསྒྱུར།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔྱིད་རླུང་ཁྲོད་ནས། རྨ་ཆེན་རྫོང་གིས་གསར་བརྗེའི་གཞི་རྒྱུ་ཧུར་ཐག་གིས་རྒྱུན་འཛིན་དང་། གསར་བརྗེའི་སྒུལ་ཤུགས་བསྡུ་ལེན། གྲོང་གསེབ་དར་སྤེལ་ལ་ཏན་ཏིག་གིས་སྐུལ་འདེད་བཅས་བྱས། ར་རྒྱ་གྲོང་རྡལ་སེར་ཐོ་སྡེ་བའི་ནང་གི་སྔོ་ཚོད་དྲོད་ཁང13ནང་ལྗང་མདོག་གིས་ཁེངས་ཡོད་ལ། ཀྲོ་མ་ཀྲུ་དང་སུར་པན། ཧོང་ཀྭ་སོགས་སྔོ་ཚོད་ཀྱི་སྐྱེ་སྟོབས་འབར་ཡོད། སྡེ་མི་རྟ་མགྲིན་གྱིས་དྲོད་ཁང་ནང་གི་སྔོ་ཚོད་བཏོག་ཞོར་དུ་དགའ་སྤྲོའི་ངང་ནས་བཤད་རྒྱུར།“སྔོན་ཆད་ཕྱུགས་ལ་བརྟེན་ནས་འཚོ་བ་རོལ་བ་ཡིན། ད་ལྟ་ལག་རྩལ་མི་སྣའི་སྐུལ་སློང་དང་མཛུབ་སྟོན་འོག ང་ཚོས་འདེབས་འཛུགས་ལག་རྩལ་སྦྱངས་པས་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་མངོན་འགྱུར་བྱུང་ཡོད། དེ་སྔོན་ཏག་ཏག་ལ། སྣུམ་ཚོད་སྤྱི་རྒྱ250ཕྱིར་འཚོང་བྱས་པ་ཡིན། ད་ཉིན20འགོར་ན་སྣུམ་ཚོད་གསར་པ་སྐོར་ཞིག་བཏོག་ནས་ཁྲོམ་རར་བཀྲམ་ཆོག ལོ་མཇུག་ལ་སླེབས་དུས་དྲོད་ཁང་འདི་ལས་ཉུང་མཐའ་ཡང་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་ལྔ་རེག་ཐུབ”ཟེར།

རྟ་བོ་ཡུལ་ཚོ་དགུ་སྟོད་སྡེ་བ་རུ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགོ་ཁྲིད་ཚན་ཆུང་གིས“ཅན་བཅུའི”ཏང་འཛུགས་བྱ་བའི་རིག་ལམ་གཞིར་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་ཧུར་བརྩོན་གྱིས་འཚོལ་ཞིབ་བྱས་པ་དང་། “ཏང་འཛུགས་དང་ཁེ་ལས། མཉམ་ལས་ཁང་། འབྲོག་ཁྱིམ”གྱི་བྱ་བའི་དཔེ་དབྱིབས་བཙུགས་པ་དང་། “རྩྭ་ཕྱུག་དང་གཟན་རྩྭ”འཁོར་སྐྱོད་ཐོན་སྐྱེད་དཔེ་དབྱིབས་སྐུལ་སྤེལ་བྱས། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བརྒྱ་དང་གྱ་བརྒྱད་དང་མི་དྲུག་བརྒྱ་གསུམ་མ་རྐང་ལམ་ལུགས་ཀྱི་རྣམ་པས་བརྒྱ་ཆའི་བརྒྱ་མཉམ་ལས་ཁང་དུ་ཞུགས། 2019ལོར་དགུ་སྟོད་སྡེ་བས་ས་ནག་ཐང་བཅོས་སྐྱོང་དང་རྩྭ་བཏབ་པར་བརྟེན་ནས་སྒོར་འབུམ་དྲུག་ཙམ་གྱི་ཡོང་འབབ་བླངས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟོབས་ལྡན་གྱིས་བཤད་རྒྱུར“ད་ལྟ་སྡེ་བས‘ཅན་བཅུའི’ཏང་འཛུགས་ཆེད་དོན་བྱ་བའི་ཚན་ཆུང་བཙུགས་ཤིང་། མང་ཚོགས་ཚང་མ་ནང་དུ་ཞུགས་ཡོད་པས་ང་ཚོར་སྔར་ལས་ཀྱང་ཡིད་ཆེས་ཡོད། ད་ལྟ་ང་ཚོས་རྩྭ་འདེབས་པ་དེ་ས་ནག་ཐང་ནས་ས་ནག་རི་ངོས་ལ་བསྲིངས་ཡོད་པ་དང་། བཅོས་སྐྱོང་གི་རྒྱ་ཁྱོན་ཇེ་ཆེ་ནས་ཇེ་ཆེ་དང་ཕན་འབྲས་ཇེ་ལེགས་ནས་ཇེ་ལེགས་རེད། ཁེ་སྤོགས་བགོ་རྒྱུ་ཡང་ཇེ་མང་ནས་ཇེ་མང་ཡིན་ངེས། མང་ཚོགས་ཀྱི་འཚོ་བ་ཡང་ཇེ་ལེགས་ནས་ཇེ་བཟང་དུ་འགྲོ་ངེས”ཟེར།

རྨ་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧུང་ཅུན་གྱིས་བཤད་རྒྱུར།“ཏང་གི་བཀའ་དྲིན་དྲན་པ་ནི་རྨ་ཆེན་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་གྱུར་ཡོད་ལ། རྒྱལ་དར་ནི་ཆེས་ལེགས་པའི་རང་ཉིད་སྲུང་མཁན་དང་། གུང་ཁྲན་ཏང་ནི་ཆེས་སྲ་བརྟན་གྱི‘རྒྱབ་རྟེན’ཡིན་པ་ནི་རྨ་ཆེན་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱི་ཐུན་མོང་ངོས་ཟིན་ཡིན། རྗེས་མར། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྦྲེལ་ཏེ། ‘ཅན་བཅུའི’ཏང་འཛུགས་ཆས་རྟགས་རྒྱ་བསྐྱེད་གཏིང་ཟབ་དང་། མང་ཚོགས་ལ་དོན་དངོས་སྒྲུབ་པ་རྩ་བར་འཛིན་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་རྒྱུ་ཡིན”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།