འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་བའི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
2021.06.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།

འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་བའི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

--སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། མཚོ་སྔོན་ནི་ཞིན་ཅང་དང་བོད་ལྗོངས་བརྟན་བརླིང་ཡོང་བའི་འཐབ་ཇུས་ཀྱི་གཙོ་གནད་ཅིག་ཡིན་པས། ང་ཚོར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཏང་གི་མི་རིགས་སྲིད་ཇུས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་བཅས་ཁྱོན་ཡོངས་ནས་ལག་བསྟར་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

མཚོ་སྔོན་དུ་མི་རིགས་ལས་དོན་མ་བསྒྲུབས་ན་ཁྱོན་ཡོངས་ལ་བསམ་བློ་གཏོང་མི་ཐུབ། ལོ་ངོ་སྟོང་ཕྲག་རིང་། མཚོ་སྔོན་གྱི་ས་གཞི་འདིའི་སྟེང་མི་རིགས་སོ་སོའི་བར་བརྗེ་རེས་དང་མཉམ་འདྲེས་བྱས་ནས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་བྱུང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་གྱིས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རྩ་བའི་གཞི་འཛིན་སར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བཙུགས་པའི་ཞིང་ཆེན་དང་པོ་དང་། རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གི་གྲངས་འབོར་ཕྱེད་ཀ་ལྷག་ཟིན་པའི་ཞིང་ཆེན་དང་པོ།  རྒྱལ་ཡོངས་ཀྱི་དཔེ་སྟོན་ཐུན་མོང་རྫོང་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་ཐོབ་པའི་གྲངས་འབོར་མང་ཤོས་ཀྱི་ཞིང་ཆེན་དུ་གྱུར་ཏེ།   ཨང་དང་པོ་གསུམ་མངོན་འགྱུར་བྱུང་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡི་ལ།  ལས་དོན་སྣ་ཚོགས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁ་ཐོབ་པའི་གཞི་རྩའི་ཁག་ཐེག་ཀྱང་ཡིན་པ་རེད། ལོ་བརྒྱའི་འགོ་རྩོམ་ས་གསར་པར་གཞི་ཚུགས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཧུར་ཐག་གིས་གཏོད་པར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་བླང་བྱ་གལ་ཆེན་དེ་རྩ་འཛིན་དང་སྲུང་བྱར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ལ་གྲུབ་འབྲས་ལེན་པའི་རྨང་གཞིའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པར་སྲ་ཞིང་བརྟན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་གོ་གནས་དང་ནུས་པར་ཡང་དག་པས་ངོས་འཛིན་དང་ཁོང་དུ་ཆུད་པར་བྱས་ཏེ། མཚོ་སྔོན་གྱི་ལས་དོན་ལེགས་པོར་བསྒྲུབ་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས་རིག་པ་དྭངས་གསལ་སྒོས་གོ་བ་ཟབ་མོ་ལེན་དགོས། མཚོ་སྔོན་ནི་ཞིན་ཅང་དང་བོད་ལྗོངས་བརྟན་བརླིང་ཡོང་བའི་འཐབ་ཇུས་ཀྱི་གཙོ་གནད་ཅིག་ཡིན་པའི་མཐོ་ཚད་དུ་ལངས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།  གཙོ་གནད་འགན་འཁྲི་ཕྲག་ཏུ་བླངས་ནས་ཡུན་རིང་བདེ་འགོད་ཀྱི་གནས་བབ་གཏོད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

ང་ཚོས་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་གནད་འདི་དམ་འཛིན་བྱས་ཏེ། ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་དཀའ་ངལ་དང་ཉེན་ཁ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་ཡག་པོ་བྱས་ནས། མི་རིགས་ཁག་གི་མང་ཚོགས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་དང་།  བྲལ་ཐབས་མེད་པ་གསུམ་དང་ངོས་འཛིན་གཅིག་མཐུན་ལྔ་སྔར་བས་མི་སེམས་སུ་ཟུག་པར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་དང་མེས་རྒྱལ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཁྲིད་སྟོན་བྱ་དགོས།

ང་ཚོས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པ། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ཤུགས་ཆེན་པོས་དར་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན།  སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་བྱས་རྗེས་འཇོག་དགོས། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འཛིང་རགས་བརྟན་པོ་བསྐྲུན་དགོས། མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སིམ་འཛུལ་དང་གཏོར་བརླག་གི་བྱེད་སྒོ་དང་། དྲག་ཤུགས་འཇིགས་སྐུལ་གྱི་བྱེད་སྒོ། མི་རིགས་ཁ་བྲལ་གཏོང་བའི་བྱེད་སྒོ། ཆོས་ལུགས་ཐལ་སྐྱོད་ཀྱི་བྱེད་སྒོ་སྣ་ཚོགས་བཅས་ལ་འགོག་ཟོན་ནན་མོ་དང་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྲུང་འཛིན་བྱ་དགོས།

གྲུའི་སྟོབས་ཤུགས་ཕྱར་བ་ལ་བརྟེན་དགོས་པ་དང་མིའི་ནུས་ཤུགས་རང་སེམས་ལ་བརྟེན་དགོས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་མེད་མི་རུང་།  མི་རིགས་ཁག་གི་སྤུན་ཟླ་ཚོས་སེའུ་འབྲུ་བཞིན་དུ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པར་སྐུལ་འདེད་བཏང་སྟེ།  སྤུན་ཟླའི་མཛའ་མཐུན་དང་ཕན་ཚུན་རོགས་རེས་བྱས་ཚེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་ཐུབ་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗིད་ཉམས་ཆེ་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།