མི་དམངས་བླ་རུ་བཀུར་བའི་འགོ་ཁྲིད་བཟང་པོ།
2021.06.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

མཛེས་སྡུག་ལྡན་པའི་གསེར་དངུལ་ཐང་རྩྭ་ཐང་དུ་དུས་རབས་ལ་སེམས་འགུལ་ཐེབས་པ་དང་། རྩྭ་ཐང་ལ་གཟི་དཔལ་བསྣན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞིག་ཡོད་དེ། ཁོང་གི་མིང་ལ་སྐལ་བཟང་ཞེས་འབོད། ཁོང་གིས་མི་ཚེ་གང་པོར་ཆེས་བཤད་པར་མང་བའི་སྐད་ཆ་ནི་ང་ལ་ཧྲིན་ཀྲང་ཞེས་མ་འབོད། ང་ནི་འབྲོག་པ་ཞིག་ཡིན་ཞེས་པ་དེ་རེད། སྐལ་བཟང་ང་ཚོ་དང་ཁ་བྲལ་མོད། འོན་ཀྱང་ཁོང་གི་མཛད་རྗེས་དེ་དཔྱིད་ཀྱི་རླུང་བུ་དང་བསྡོངས་ནས་མཚོ་སྔོན་གྱི་རི་ཀླུང་ཐང་གསུམ་དུ་ཁྱབ་པ་དང་། ད་ལྟའི་བར་མང་ཚོགས་ཀྱིས་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་མང་ཚོགས་ཀྱིས་ནམ་ཡང་བརྗེད་ཐུབ་ཀྱིན་མེད་པ་རེད།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བརྒྱུད་དེ་བློ་མཐུན་སྐལ་བཟང་གི་སྔོན་ཐོན་བྱས་རྗེས་ཁྱབ་སྒྲོག་བྱས་པར་མ་ཟད། དུས་རབས་ཀྱི་དཔེ་བཟང་མི་སྣའི་གཟི་བརྗིད་མཚན་སྙན་གནང་རྒྱུ་ཐག་བཅད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་སན་ཅའོ་མཁར་གྲོང་རྡལ་ཙོང་ཆུའི་སྲང་ལམ་དུ་དུས་རབས་ཀྱི་དཔེ་བཟང་མི་སྣའི་རྗེས་དྲན་ཁང་ཞིག་ཡོད་པ་དང་། གནས་དེ་རུ་བློ་མཐུན་སྐལ་བཟང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་སླར་ཡང་མངོན་ཡོད་ལ། དེ་ནི་བློ་མཐུན་སྐལ་བཟང་གི་སྙིང་སྟོབས་དང“དུས་རབས་ཀྱི་དཔེ་བཟང་མི་སྣའི”སྙིང་སྟོབས་དར་སྤེལ་གཏོང་བའི་སྟེགས་བུ་ཞིག་ཀྱང་ཡིན།

རྗེས་དྲན་ཁང་དེ་ཉིས་སྟོང་བཅུ་བདུན་ལོར་འཛུགས་སྐྲུན་བྱས་པ་དང་།ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བའི་ཚེས་དགུ་ཉིན་སྒོ་དངོས་སུ་ཕྱེས་ཤིང་།འཛུགས་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་སྟོང་གཉིས་དང་བརྒྱད་བརྒྱ་གོ་གསུམ་ལྷག་ཡོད་ཅིང་། འགྲེམ་སྟོན་རྒྱ་ཁྱོན་གྱིས་མུས་གྲུ་བཞི་མ་སྟོང་གཅིག་དང་བཞི་བརྒྱ་ཟིན་ཡོད་ལ། དེ་ནི་མཚོ་བྱང་ཁུལ་གྱི་ཕུགས་བསམ་དང་དད་སེམས་སློབ་གསོ་གཏོང་བའི་སློབ་ཁྲིད་ས་ཚིགས་གལ་ཆེན་ཞིག་ཡིན་པ་རེད། རྗེས་དྲན་ཁང་གིས་པར་རིས་ངོ་སྤྲོད་དང་། དངོས་རྫས་འགྲེམ་སྟོན། བརྙན་རིས་སྟོན་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། ཕྱོགས་མང་པོ་དང་། ཟུར་མང་པོ་ནས་སྐལ་བཟང་གིས་ཏང་ལ་བློ་དཀར་བ་དང་། དམངས་ལ་གཅེས་པ། ཡོད་ཚད་སྤྱི་ལ་ཕན་པ། དཀའ་སྤྱད་འབད་འཐབ་བཅས་བྱེད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་སླར་ཡང་མངོན་པར་བྱས་པ་རེད།

རྗེས་དྲན་ཁང་གི་ཐོག་བརྩེགས་དང་པོའི་ཚོམས་ཆེན་གཡས་གཡོན་གྱི་འགྲེམ་སྟོན་གྱང་ངོས་སུ་ང་ཚོས་མཐོང་ཐུབ་པ་ནི་“དུས་རབས་ཀྱི་དཔེ་བཟང་མི་སྣའི”ལེ་ཚན་ཚན་ཁག་གིས་བློ་མཐུན་སྐལ་བཟང་ལ་བྲིས་པའི་བསྟོད་ཚིག་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་སྐལ་བཟང་ལ་དུས་རབས་ཀྱི་དཔེ་བཟང་མི་སྣའི”གཟེངས་བསྟོད་གནང་བའི་ཐག་གཅོད་དེ་ཡིན་པ་དང་།སྐལ་བཟང་ནི་མཚོ་སྔོན་ཞིང་ཆེན་གྱི་སྔོན་གྱི་ཧྲིན་ཀྲང་གཞོན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་གྱི་ཀྲུའུ་རིན་གཞོན་པ་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། དབང་ཆ་ཡོད་ཀྱང་སྒེར་དོན་མི་གཉེར་བ། གོ་གནས་མཐོ་ཡང་མི་དམངས་བསམ་པ། འབད་བརྩོན་གྱིས་འཕེལ་རྒྱས་འཚོལ་ཞིབ་བྱས་ནས་དམངས་ཚིས་འཕེལ་རྒྱས་དོན་དུ་གཉེར་བ། ལས་འཁྱུར་ངལ་གསོ་བྱས་རྗེས་སྔར་བཞིན་ལས་བྱེད་མང་ཚོགས་ཀྱིས་སྣེ་ཁྲིད་དེ་རི་རྒོད་ལྗང་བསྒྱུར་བྱས་ཏེ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐད་ལ་བྱས་རྗེས་འབུར་དུ་ཐོན་པ་བཞག་པས། རྒྱ་ཆེ་མི་དམངས་མང་ཚོགས་ཀྱིས་སེམས་གཏིང་ནས་གུས་བཀུར་ཐོབ་ཡོད་ཅེས་བྲིས་འདུག

གསར་འགོད་པས་འགྲེལ་བཤད་པ་ཐོང་ཧྲིག་ཞིན་གྱི་སེམས་ཚོར་ཟབ་མོའི་འགྲེལ་བཤད་ལས། དུས་ཀྱི་བར་སྟོང་བརྒལ་ནས“དུས་རབས་ཀྱི་དཔེ་བཟང་མི་སྣས”ལོ་ངོ་གྱ་ལྔ་ཡི་རིང་ལ་ཏང་དང་མི་དམངས་ལ་བློ་དཀར་བའི་ཡིད་འགུལ་ཐེབས་པའི་བྱས་རྗེས་ཚོར་བྱུང་།

ཆིག་སྟོང་དགུ་བརྒྱ་ཞེ་དགུ་ལོར་མཚོ་སྔོན་བཅིངས་འགྲོལ་བཏང་བ་དང་། སྐལ་བཟང་གིས་ཐེངས་དང་པོར་བཅིངས་འགྲོལ་དམག་མཐོང་བ་དང་། མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་ལས་མང་ཚོགས་ཀྱི་རྒྱུ་ཁབ་སྐུད་ཙམ་ཡང་མི་འཁྱེར་བའི་དམག་དཔུང་ཞིག་མཐོང་བས། ཁོང་ལ་དགའ་སྤྲོ་ཚད་མེད་ཅིག་སྐྱེས་སུ་བཅུག་པ་དང་། ཁོང་གིས་སྔ་མོ་ནས་ཁ་བཏགས་འཁྱེར་ནས་ལེ་དབར་བཅུ་ཕྲག་ཁ་ཤས་ཀྱི་སར་བསྐྱོད་དེ་བསུ་མ་བྱས། བཅིངས་འགྲོལ་དམག་དང་འབྲེལ་འདྲིས་བྱས་པ་བརྒྱུད་སྐལ་བཟང་གིས་བཅིངས་འགྲོལ་དམག་ལ་དད་གུས་དང་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་བཅངས། ཁོང་གིས་བཅིངས་འགྲོལ་དམག་གི་ལས་དོན་དེ་ནི་རང་ཉིད་ཀྱིས་ཡིད་སྨོན་བྱེད་པའི་བྱ་བ་ཞིག་ཡིན་པར་འདོད་པས། ཁོང་གིས་ཁོ་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་ཆེད་མི་ཚེ་གང་བོ་འབུལ་རྒྱུའི་འདུན་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུའི་སེམས་ཐག་བཅད།

ཆིག་སྟོང་དགུ་བརྒྱ་ང་གཉིས་ལོའི་ཟླ་དྲུག་པར་ཧེ་ཡན་རྫོང་དྲག་ཆས་པུའུ་ཡི་པུའུ་ཀྲང་གིས་མཚམས་སྦྱོར་བྱས་པ་བརྒྱུད། སྐལ་བཟང་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས། ཁོང་གིས་ལག་གཡས་པའི་ཁུ་ཚུར་ཡར་བསྒྲེངས་པའི་སྐབས་དེ་ནས་བཟུང་ཁོས་ཏང་དང་མི་དམངས་ལ་བློ་དཀར་བ་དེ་ཚེ་གང་བོའི་འགྱུར་བ་མེད་པའི་དད་སེམས་བརྟན་པོ་ཞིག་ལ་བརྩིས་ནས་ཚེ་སྲོག་གི་མཐའ་མའི་བར་དམ་བཅའ་དེ་སྲུང་ཡོད།

ཆིག་སྟོང་དགུ་བརྒྱ་ང་བཞི་ལོར་རྩ་འཛུགས་ཀྱི་མངགས་བཅོལ་ལྟར་སྐལ་བཟང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དུ་བསྐྱོད་དེ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་པོ་དང་། རྫོང་དཔོན་གཞོན་པའི་འགན་འཁུར། ལོ་ཉེར་བརྒྱད་ལ་སླེབས་པའི་སྐལ་བཟང་རྟར་བཞོན་ནས་ཏག་ཏག་ཉིན་ལྔ་ལ་བསྐྱོད་མཐར་ཧི་ནན་སོག་རིགས་རང་སྐྱོང་རྫོང་དུ་འབྱོར། ས་དེ་གར་སྐལ་བཟང་གཞི་རིམ་དུ་བསྐྱོད་དེ་དམངས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ་དང་། ལས་ཀ་དེ་ཁོས་ལོ་ངོ་བཅུ་གསུམ་གྱི་རིང་ལ་བསྒྲུབས།

ཆིག་སྟོང་དགུ་བརྒྱ་གྱ་ལྔ་ལོར་ཡུས་ཧྲུའུ་ས་ཁུལ་དུ་ཁངས་སྐྱོན་ཚབས་ཆེན་ཐེབས་པ་དང་། སྐབས་དེར་ཧྲིན་ཀྲང་གཞོན་པའི་འགན་འཁུར་བཞིན་པའི་སྐལ་བཟང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ནས་གནོད་ཐེབས་ས་ཁུལ་དུ་བསྐྱོད་པ་དང་། མི་སྣ་རྩ་འཛུགས་བྱས་ཏེ་རྒུད་སྐྱོབ་བྱ་བ་སྤེལ།

སྐབས་དེ་དུས་ཀྱི་འདྲ་པར་རྙིང་པ་ལས་ང་ཚོས་མཐོང་ཐུབ་པ་ནི་སྐབས་དེའི་ཁངས་སྐྱོན་གྱི་གནོད་འཚེ་ཧ་ཅང་ཚབས་ཆེན་ཡིན་པ་དང་། འཁྱགས་ཤི་ཐེབས་པའི་ནོར་ལུག་གི་རོ་གང་སར་ཁེངས་ཡོད། ཆུ་དམར་གཙང་འགྲམ་གྱི་གཙོད་ནི་འཁྱག་པའི་བརྐོས་རིས་ཤིག་དང་འདྲ་བར་ཀྲོང་ངེར་ལངས་བ་དང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་སུ་བསྐྱོད་པའི་ལམ་ཚང་མ་ཁངས་ཀྱིས་བཀག་ཡོད།

སྐབས་དེའི་བཀོད་འདོམས་པུའུ་དེ་ན་གོར་མོ་གྲོང་ཁྱེར་དུ་བཙུགས་ན་འགྲིག་མོད། ཡིན་ཡང་། སྐལ་བཟང་དེའི་སྐོར་ལ་འཐད་པ་མ་བྱུང་ལ། ཁོ་རང་འཐབ་ཕྱོགས་དང་པོར་འགྲོ་འདོད་པ་རེད། ཚང་མས་ཁོ་དང་མཉམ་དུ་བཀོད་འདོམས་པུའུ་ས་མགོའི་མཐོ་ཚད་ལ་མུས་སྟོང་བཞི་དང་ལྔ་བརྒྱ་ཡོད་པའི་སྨུག་པ་ལ་སྒང་དུ་གནས་སྤོས། ཁངས་ཕྱགས་ནས་ལམ་འབྱེད་པ་དང་། གནམ་གྲུ་ལས་དངོས་རྫས་འཕེན་པ། མང་ཚོགས་གནས་སྤོར་དུ་འཇུག་པ། གངས་ཕྱིད་ཐེབས་པའི་འབྲོག་པ་རྣམས་སྨན་བཅོས་བྱས། ལོ་དྲུག་ཅུ་ཙམ་ལ་སླེབས་པའི་སྐལ་བཟང་ལ་སྣ་ཁྲག་བཞུར་བ་དང་། དབུལ་ཧལ་ཧལ་བྱེད་བཞིན་ཆུ་དམར་གཙང་འགྲམ་དུ་ཕྱིར་ལོག མཐར་ས་བབ་མཐོ་ལ་གསོ་རླུང་དཀོན་པ་དང་ཆམ་པ་ལྗིད་པོ་ཕོག་པས་ཁོང་གི་སྙིང་དང་གློ་བའི་ནུས་པར་གནོད་འཚེ་ཚབས་ཆེན་ཕོག་ཡོད། ཡིན་ནའང་། ཁོང་གིས་སྔར་བཞིན་སྨན་ཁབ་བརྒྱབ་ནས་གསོ་རླུང་རྔུབ་བཞིན་ཕྱོགས་གཅིག་ནས་འཐབ་འཛིང་ལ་བཀོད་འདོམས་བྱེད་བཞིན་ཡོད། ཉེ་འཁོར་གྱི་མི་རྣམས་ཀྱིས་ཁོ་རང་སྔོན་ལ་ཕྱིར་འཐེན་བྱེད་དགོས་པའི་ཁ་ཏ་བྱས་ཡང་། ཁོས་སྐབས་འདི་ལྟ་བུ་ཞིག་ལ་ང་ཅི་ལྟར་འགྲོའམ། མང་ཚོགས་ཚང་མ་བདེ་འཇགས་ཡིན་དུས་ང་ད་གཟོད་འགྲོ་ཆོག་ཞེས་བཤད།

དྲོད་ཚད་གོར་ཐིག་མན་གྱི་ཏུའུ་བཞི་བཅུ་ཙམ་ཟིན་པའི་སྨུག་པ་ལ་སྒང་དུ་སྐལ་བཟང་དང་ལས་གྲོགས་ཚོས་ཉིན་བཅོ་ལྔའི་རིང་ལ་འབད་འཐབ་བྱས། རྒུད་སྐྱོབ་བྱ་བ་མཇུག་སྒྲིལ་རྗེས། སྐལ་བཟང་ལ་གསོ་རླུང་མ་འདང་བའི་དབང་གིས་ལུས་ཕུང་མི་བདེ་བ་དང་།གློ་བའི་དབུགས་སྐྲངས་ཚབས་ཆེན་ཕོག་ཡོད།

སྐལ་བཟང་ལོ་རེ་བཞིན་ཡུལ་ཚོ་དང་སྡེ་བར་བསྐྱོད་པའི་ལམ་ཐག་སྤྱི་ལེ་ཁྲི་ཡན་ལ་སླེབས་པ་དང་། ད་དུང་རྒྱུན་དུ་ལམ་བར་ནས་རླབས་འཁོར་ལས་བབས་ཏེ་སྦྲ་གུར་དང་། འབྲོག་ཁྱིམ། ཞིང་ཁར་སོང་ནས་རྨོ་འདེབས་ཀྱི་གནས་ཚུལ་འདྲི་རྟོགས་བྱས་པ་དང་། ལས་ཡུལ་དང་པོ་ནས་འཕེལ་རྒྱས་འགྲེལ་བཤད་བྱས། ཁོ་རང་གཞི་རིམ་དུ་སོང་ནས་རྟོག་ཞིབ་བྱེད་སྐབས་རླངས་འཁོར་ཁ་ལོ་བ་དང་། དྲུང་ཡིག་སོགས་དང་ཁང་བ་གཅིག་ཏུ་འཚང་ནས་རྩམ་པ་བརྫིས་ནས་ཟ་བ་དང་། ཇ་ནག་སྐོལ་ནས་འཐུང་བཞིན་ཡོད་ལ། མཚམས་ལན་རེར་ཆུ་ཁོལ་དང་གོ་རེ་སྐམ་པོ་ཟ་དགོས།

དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པའི་དུས་འགོར། ཧི་ནན་རྩྭ་ཐང་ལ་ཨ་བྲའི་གནོད་འཚེ་ཚབས་ཆེན་ཕོག་མོད། འོན་ཀྱང་སྐབས་དེའི་མི་རྣམས་ཀྱིས་ཨ་བྲས་རྩྭ་ཐང་ལ་གནོད་འཚེ་གཏོང་བཞིན་པ་ཤེས་ཀྱིན་མེད། སྐལ་བཟང་གིས་ངང་རྒྱུད་རིང་པོའི་སྒོ་ནས་ཚང་མར་ཨ་བྲ་གསོད་པ་དང་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་བྱ་རྒྱུ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་བཤད་དེ། བྱེད་ཐབས་ཡོད་ཚད་བཀོལ་ནས་རིམ་པ་སོ་སོའི་ལས་བྱེད་པས་རྩྭ་ཐང་དུ་ཨ་བྲ་གསོད་པའི་བྱ་བ་སྤེལ་མགོ་བརྩམས། ཨ་བྲ་གསོད་པའི་དུས་ཚིགས་ལ་སླེབས་ཐེངས་རེ་རེར་སྐལ་བཟང་དང་ཨ་བྲ་གསོད་མཁན་རུ་མི་ཚོ་ཟླ་བ་གཅིག་གཉིས་ལ་རྩྭ་ཐང་དུ་བསྡད་དེ་གཟན་རྩྭ་སྣོད་ཁུག་དུ་བཅུག་ནས་སྔས་མགོ་བྱེད་ཀྱིན་ཡོད་པ་དང་། ཉིན་གཅིག་གི་ཟས་ཐུམ་གསུམ་པོ་ཆུ་དང་རྩམ་པ་ཡིན་པ་རེད། ལོ་འགའ་ཤས་ལ་འབད་བརྩོན་བྱས་པ་བརྒྱུད། རྩྭ་ཐང་ལ་ཨ་བྲས་གནོད་འཚེ་ཐེབས་པའི་གནད་དོན་ཐག་གཅོད་ཐུབ་པ་བྱུང་བ་དེས་ཧི་ནན་རྫོང་དེ་མཚོ་སྔོན་ཞིང་ཆེན་ནས་ཨང་དང་པོ་དང་། རང་རྒྱལ་གྱི་བྱང་ཕྱོགས། གཙང་གསུམ་འབྱུང་ཁུངས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི“རྩྭ་ཐང་དུ་ཨ་བྲའི་གནོད་འཚེ་ཐེབས་མེད་པའི་སྔོན་ཐོན་རྫོང”གཉིས་པར་གྱུར་ཡོད།

མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་སེལ་རྒྱུ་ནི་ཁོང་གི་འགན་འཁྲི་ཡིན་ཞིང་། རྩྭ་ཐང་གི་འབྲོག་པའི་བྱ་བ་ཙག་ཙིག་ཚང་མ་ཁོས་སྒྲུབ་འདོད་པ་དེ་ཡིན།

དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་པའི་དུས་འགོར། འབྲོག་པ་མང་པོ་ཟི་ལིང་དུ་ནད་ལ་སྟོན་པར་ཡོང་བ་དང་། ཟི་ལིང་མཁར་ལ་ཐོན་ན་གཉེན་ཉེ་མེད་པ་དང་། རྒྱ་སྐད་ཀྱང་མི་གོ་བས། ཟ་མ་དང་འདུག་ས། སྨན་པར་སྟོན་པ་སོགས་ལ་དཀའ་ངལ་འཕྲད་བཞིན་ཡོད། སྐལ་བཟང་གིས་གནས་ཚུལ་དེ་དག་ཤེས་རྟོགས་བྱུང་རྗེས་རང་འགུལ་གྱིས་ཕྱོགས་སོ་སོ་ནས་ཡོང་བའི་འགྲུལ་བ་སྣེ་ལེན་བྱས་པ་དང་། རང་ཁྱིམ་ནས་མང་ཚོགས་སྣེ་ལེན་ཞུ་སའི“འབྲོག་པ་སྡོད་ས”ཞིག་ལས་པ་རེད།

“འབྲོག་པ་སྡོད་ས”དེ་འདི་ལྟར་ལས་ཡོད་དེ། སྐལ་བཟང་གིས་སོ་ཕག་བཀོལ་ནས་རྒྱ་ཁྱོན་ལ་མུས་ངོས་སྙོམས་གྲུ་བཞི་མ་བརྒྱད་ཅུ་ལས་མེད་པའི་ཁང་པ་དེ་ཁང་མིག་ལྔ་དང་ཕྱེད་ཀ་ལྟར་བཅད་པ་དང་། ཁང་བ་ཕྱེད་ཀ་དེ་ནི་ཁོ་རང་འདུག་ས་རེད། གཞན་པའི་ཁང་མིག་ལྔ་བའི་ནང་དུ་མལ་ཁྲི་བཅུ་གཅིག་བཞག་ནས་འབྲོག་ཁུལ་ནས་ཟི་ལིང་དུ་ནད་ལ་ལྟ་རུ་ཡོང་བ་དང་། བྱ་བ་སྒྲུབ་དུ་ཡོང་བའི་འབྲོག་པ་རྣམས་སྣེ་ལེན་བྱེད་ས་བྱས།

སྐབས་དེའི“འབྲོག་པ་སྡོད་ས”རུ་ཆེས་ཉུང་དུས་འབྲོག་པ་བདུན་བརྒྱད་དང་མང་དུས་བཅུ་ལྷག་ཡོད་ལ། ལ་ལ་ཉིན་གཉིས་གསུམ་གྱིས་བུད་འགྲོ་བ་དང་། ལ་ལ་ལོ་ཕྱེད་ནས་ལོ་གཅིག་ལའང་སྡོད་བཞིན་ཡོད།

འབྲོག་པ་ཚོས་རྩ་སྨན་གདུ་སྐབས་ཁྱིམ་དུ་ལྕགས་ཐབ་ནང་མེ་གསོ་དགོས་པ་དང་། སྐལ་བཟང་གིས་ལོ་གཅིག་ལ་རྡོ་སོལ་ཏུན་དྲུག་ཉོ་དགོས་པ་དང་། ཟླ་གཅིག་ལ་ཕྱེ་སྤྱི་རྒྱ་བརྒྱ་དང་ལྔ་བཅུ་ལྷག་ཉོ་དགོས་ཤིང་། སྔོ་ཚོད་དང་། སྣུམ། ཇ་སོགས་བཀོལ་ཚར་ན་ཉོ་དགོས་ལ། རྩམ་པ་དང་། མར། ཤ་སོགས་དུས་རྒྱུན་ཡུལ་ནས་བསྐྱལ་ཡོང་དགོས།

སྐལ་བཟང་གི་ཉེ་འཁོར་གྱི་ལས་བྱེད་མི་སྣས་རགས་རྩིས་བྱས་པ་ལྟར་ན། ཉིས་སྟོང་གཅིག་ལོའི་སྔོན་གྱི་ལོ་ངོ་སུམ་ཅུའི་རིང་ལ། ཁོས་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ་ནད་ལ་ལྟ་རུ་ཁྲིད་ཡོང་བའི་དཀའ་ངལ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་ནད་པ་སྟོང་བདུན་ལ་སླེབས་ཡོད་པ་རེད།

ལོ་ངོ་སུམ་ཅུ་ལྷག་ཙམ་གྱི་རིང་ལ། ཉིན་མཚན་ཁྲི་སྟོང་མང་པོར་སྐལ་བཟང་གིས“འབྲོག་པ་སྡོད་ས”རུ་གཞི་རིམ་ནས་ནད་ལ་ལྟ་རུ་ཡོང་བ་དང་བྱ་བ་སྒྲུབ་དུ་ཡོང་བའི་རོང་འབྲོག་པ་མང་ཚོགས་མ་མཐའ་ཡང་ཁྲི་གཉིས་དང་སྟོང་ལྔ་ལྷག་ལ་སླེབས་པ་དང་། ཁོའི་ཟླ་རེ་རེའི་ཟླ་ཕོགས་རྣམས་ནད་ལ་ལྟ་རུ་ཡོང་བའི་ནད་པའི་སྟེང་ལ་བཀོལ་བཞིན་ཡོད་པ་རེད།

“འབྲོག་པ་སྡོད་ས”རུ་ལོ་ངོ་གསུམ་གྱི་རིང་ལ་ཟ་མ་གཡོས་སྦྱོར་བྱས་མྱོང་བའི་ཕུན་ཚོགས་ཀྱིས་གསར་འགོད་པར་བཤད་པ་ལྟར་ན། མི་མང་བའི་དུས་སུ་ཁྱིམ་དུ་སླ་ང་ཆེན་པོ་གསུམ་གྱི་ནང་བསྐོལ་དགོས་པ་དང་། རེས་བསྐོར་ནས་ཟ་མ་ཟ་དགོས། ཕུ་བོ་སྐལ་བཟང་གིས་ཚང་མ་དང་མཉམ་དུ་ཟ་མ་ཟ་ལ། ཁོས་རང་ཉིད་གཅིག་པུར་ཟ་མ་གཡོས་སྦྱོར་མི་བྱེད་ཟེར། ཟ་མ་ཟ་སྐབས་སྐལ་བཟང་གིས་ཚང་མས་དཀར་ཡོལ་དུ་ཟ་མ་བཅུ་བ་དང་། ཟ་མཁན་ལ་ལས་དཀར་ཡོལ་གཉིས་པའི་ནང་ཟ་མ་བཅུས་རྗེས། ཁོས་ཆེས་མཐའ་མཇུག་ཟ་མ་བཅུས་རྗེས་རང་ཉིད་ཀྱི་ཁང་བ་ཆུང་ཆུང་དེའི་ནང་སོང་ནས་ཁ་རོག་གེར་ཟ་ལ། ཁོས་ཚང་མར་མ་འདང་བར་ལྟོ་བ་མི་རྒྱགས་པར་སེམས་ཁུར་བྱེད་ཀྱིན་ཡོད།

ཆིག་སྟོང་དགུ་བརྒྱ་གྱ་དགུ་ལོར། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས“ཟི་ལིང་གི་ལྷོ་རི་དང་བྱང་རི་སྔོ་ལྗང་དུ་བསྒྱུར་བ་དང་། ཟི་ལིང་གི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི”ཐབས་ཇུས་གལ་ཆེན་བཏོན་པ་དང་། དེང་སྐབས་བྱ་བ་སྒྲུབ་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པའི་ཟི་ལིང་ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་བཟོ་སྐྲུན་དངོས་སུ་མགོ་བརྩམས། ལོ་དེའི་ཟླ་གསུམ་པར། ལྗང་བསྒྱུར་བཟོ་སྐྲུན་བཀོད་འདོམས་པུའུ་དངོས་སུ་བཙུགས་པ་དང་། སྐལ་བཟང་གིས་བློ་འདྲི་བའི་འགན་གཅིག་ལྕོགས་སུ་འཁུར།

ཆིག་སྟོང་དགུ་བརྒྱ་གོ་གཉིས་ལོར་ལོ་ན་རེ་དྲུག་ལ་སོན་པའི་སྐལ་བཟང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་གོ་གནས་ནས་མར་བབས་རྗེས། རང་འགུལ་གྱིས་ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་བཀོད་འདོམས་པུའུ་ཡི་ཆེད་བསྐོས་རྒྱུན་ལས་སྤྱིའི་བཀོད་འདོམས་པ་གཞོན་པའི་ལས་འགན་ལྕི་མོ་འཁུར་རྒྱུའི་རེ་འདུན་ཞུས། བཀོད་འདོམས་པུའུ་བཙུགས་པའི་དུས་མགོར། མི་མང་པོ་ཞིག་ལྷོ་རི་དང་བྱང་རའི་ལྗང་བསྒྱུར་བྱ་བར་དོགས་པ་སྐྱེས། རྒྱུ་མཚན་ནི་ས་མགོའི་མཐོ་ཚད་ལ་མུས་སྟོང་གཉིས་དང་བརྒྱད་བརྒྱ་ཡོད་པའི་རི་རྒོད་དང་བྲག་རྡོ་སྐྱ་བོ་དེའི་སྟེང་དུ་སྡོང་བོ་བཙུགས་ན་མི་འཚམ་པར་འདོད་པ་དེ་རེད། ཡིན་ཡང་ཁོས་རང་ཉིད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་མི་རྣམས་ཀྱི་འདུ་ཤེས་བསྒྱུར་རུ་བཅུག ཚི་ལེན་སྔོན་པོ་ཞིག་དང་། ཆུ་ལྷམ་སེར་པོ་གཅིག ལུས་ཡོངས་འདམ་བག་གིས་བཀང་ལ། ཕྲག་ལ་ལྕགས་ཁེམ་འཁུར་བའི་སྐལ་བཟང་གིས་ཚང་མའི་སྣེ་ཁྲིད་དེ། བྱང་རི་ནས་ས་རྒྱུ་ཆེས་ཞན་པ་དང་། ས་ཆུ་ཤོར་བ་ཆེས་ཚབས་ཆེ་བའི་དགོན་ཤུར་ཤིག་བདམས།

ལྗང་བསྒྱུར་བྱེད་པའི་དུས་འགོར། སྐལ་བཟང་སྤྱིའི་བཀོད་འདོམས་པ་ཡིན་པར་མ་ཟད། ལས་ཀ་ལས་མཁན་ཡང་ཡིན་པ་དང་། ཉིན་རེ་རེའི་ནམ་མ་ལངས་གོང་། སྐལ་བཟང་སྔ་མོ་ནས་རི་མགོར་ཐོན་ནས་ས་དོང་བརྐོ་བ་དང་། སྡོང་ཕྲུག་སྐྱེལ་བཞིན་ཡོད། ལས་ཀ་ལས་མཁན་རྣམས་ཐོན་དུས། ཁོས་ལྕགས་ཁེམ་བཟུང་ནས་དུས་ཚོད་གཉིས་ཀྱི་རིང་ལ་སྡོང་ཕྲུག་བཙུགས་ཟིན། བྱང་རིའི་སྟེང་གི་ས་ཤིན་ཏུ་སྲ་མཁྲེགས་ཡིན་པ་དང་། ལྕགས་ཁེམ་གྱིས་ས་སློག་མི་ཐུབ་པས། ས་དོང་བརྐོ་ན་ངེས་པར་དུ་ལྕགས་མདོང་གིས་བརྐོ་དགོས་ལ། སྔ་དྲོ་གཅིག་གི་རིང་ལའང་ཐང་ཆད་པར་བྱེད། དྲོས་ཇ་ལས་བཟོ་པ་རྣམས་དང་མཉམ་དུ་རང་གིས་བཟུང་བའི་བྲོ་ཁ་ཟ་བ་དང་། ཇ་ནག་ཁམ་འགའ་ཤས་འཐུང་རྗེས་ས་རུབ་རག་བར་དུ་ལས་ཀ་ལས་བཞིན་ཡོད།

ཉིན་ཞིག་ས་རུབ་ལ་ཁད་ཀྱི་ལས་མཚམས་འཇོག་པའི་སྐབས་ཤིག་ལ། ལས་ཀ་བ་ཞིག་གིས་སྐལ་བཟང་མི་མཐོང་བར་གྱུར་བ་རྟོགས། མ་གཞི་ཉིན་གང་བོར་སྡོང་ཕྲུག་བཙུགས་པའི་སྐལ་བཟང་ངལ་དུབ་ཀྱིས་སྡོང་ཕྲུག་འཛུགས་ས་ཞིག་ཏུ་གཉིད་ཡོད་པ་དང་། མི་རྣམས་ཀྱིས་ཁོ་རང་བཙལ་ནས་རྙེད་སྐབས། ཁོ་རང་རླུང་གིས་འཁུར་བའི་ས་རྡུལ་གྱིས་མནན་ཡོད་པ་དང་། ལུས་སྟེང་དང་། ངོ་གདོང་། རྣ་ཅོག སྣ་ཁུང་སོགས་ཚང་མ་ས་རྡུལ་གྱིས་ཁེངས་འདུག ཉིན་གཉིས་པར་ཁོ་ལ་ཆམ་པ་ཕོག་པ་དང་། གློ་བ་སྐྲངས་པའི་ནད་འཕར་བ་དང་། ཁ་ལོ་བ་ཀྲའོ་ལགས་ཀྱིས་ཁོར་ཉིན་གཅིག་ལ་ངལ་གསོ་བྱེད་དགོས་པའི་ཁ་ཏ་བྱས་ཀྱང་། ཁོས་ཁོ་རང་ཤི་ན་མི་གཅིག་ཡིན་པ་དང་། རིའི་སྟེང་གི་སྡོང་བོ་སྐམ་ཚེ་དོན་ཆེན་ཡིན་པར་བརྗོད་དེ། ཡང་རི་མགོར་འགོས།

ལོ་ངོ་བཞིའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས། སུས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི་སྐལ་བཟང་གིས་ཞིང་པ་ལས་བཟོ་པ་ཚོའི་སྣེ་ཁྲིད་དེ་ནགས་ལས་ཆེད་མཁས་པས་སྡོང་ཕྲུག་འཛུགས་རྒྱུར་མི་འཚམ་པར་ངེས་འཛིན་བྱས་པའི་དགོན་ཤུར་དེའི་ས་མུའུ་སྟོང་གཅིག་གི་སྟེང་དུ་སྡོང་ཕྲུག་བཙུགས་པ་དང་། སྐྱེས་ཚད་བརྒྱ་ཆའི་བརྒྱད་ཅུར་སླེབས།

ཁོང་གི་འབོད་སྐུལ་འོག ལས་ཁུངས་དང་ལས་དོན་ལས་ཁུངས། སྤྱི་ཚོགས་རྩ་འཛུགས། མང་ཚོགས་ཚོགས་པ་སོ་སོ་རི་མགོར་སོང་ནས་ལྷོ་རི་དང་བྱང་རི་ལྗང་བསྒྱུར་བྱེད་པའི་བྱ་བའི་ཁྲོད་ཞུགས། ཚང་མས་ཞིང་ཆེན་རིམ་པའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ད་ལྟ་ཕ་ཡུལ་དུ་ལོག་ནས་ངལ་གསོ་བྱས་ན་འཚམ་པ་དང་། དེ་འདྲའི་སྡུག་འདག་དགོས་དོན་མེད་པར་བསམ་མོད། འོན་ཀྱང་སྐལ་བཟང་གིས་ཁྱིམ་དུ་ཉལ་བསྡད་ན་མི་འགྲིག ཏང་གིས་ང་རང་ལུག་འཚོ་བའི་བྱིས་པ་ཞིག་ནས་འགོ་ཁྲིད་ལས་བྱེད་པ་ཞིག་ཏུ་སྐྱེད་བསྲིང་བྱས་པ་དང་། ཏང་རྩ་འཛུགས་ཀྱིས་ང་ལ་ཡིད་ཆེས་བྱས་ཡོད་པས། ངས་ལྷོ་རི་དང་བྱང་རི་གཉིས་ལྗང་བསྒྱུར་ལེགས་པོ་བྱེད་དགོས་པ་དང་། ངས་བློ་གཅིག་སེམས་གཅིག་གིས་ཏང་གི་ལྗང་བསྒྱུར་བྱ་བར་ཞབས་འདེགས་ཞུས་ནས་མི་རབས་རྗེས་མར་སྔོ་ལྗང་ལྗང་གི་རི་བོ་ཞིག་བསྐྱུར་དགོས་ཞེས་བཤད།

ད་ལྟ། ལྷོ་རི་དང་བྱང་རི་གཉིས་ནས་འདམ་ཟགས་མི་བཞུར་བ་དང་། ཆུ་བཞུར་ན་གྲོག་ཤུར་མི་བཏོད་པའི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་ཞིག་ཐོག་མར་གྲུབ།

ཉིས་སྟོང་གཅིག་ལོར། ལོ་ན་བདུན་ཅུར་སླེབས་པའི་རྒན་པོ་ཁོང་ལ་སྐབས་དང་པོའི“མ་ཡུམ་ཆུ་བོའི་བྱ་དགའ”ཐོབ་པ་དང་། དེ་ནི་ནུབ་བྱང་ཞིང་ཆེན་ལྔ་ནས་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་མི་གཅིག་པུ་རེད། ཁོས་སྒོར་ཁྲི་གཉིས་ཀྱི་བྱ་དགའི་དངུལ་ཚང་མ་ལྷོ་རི་དང་བྱང་རི་ལྗང་བསྒྱུར་བཀོད་འདོམས་པུའུ་ལ་ཞལ་འདེབས་སུ་ཕུལ་བ་དང་། རང་ཉིད་ལ་སྒོར་མོ་བརྒྱ་བཞག་ནས་དྲན་རྟེན་བྱས།

ཉིས་སྟོང་བཅུ་གཅིག་ལོར། སྐལ་བཟང་ལ་ནད་གཞི་ལྕི་མོ་ཕོག་པ་དང་། མི་མང་པོ་ཞིག་མི་དམངས་ཀྱི་སེམས་ནང་གི་འབྲོག་པ་ཧྲིན་ཀྲང་དེ་ལ་ལྟ་རུ་ཡོང་འདོད་མོད། ཡིན་ནའང་། ཁོས་ཁ་ཚིག་འཇམ་པོས་ཁས་མ་བླངས།

སྐལ་བཟང་གིས་མི་ཚེ་གང་བོར་བརྟན་སྲུང་བྱས་པའི“ཚེ་སྲོག་མ་ཟད་ན། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཚམས་མི་འཇོག་པའི”དམ་བཅའ་དེ་མངོན་འགྱུར་བྱུང་། སྐལ་བཟང་ཚེ་ལས་འདས་པ་དང་། ཤུལ་དུ་ཅི་ཡང་བསྐྱུར་མེད། བསྐྱུར་ཡོད་པ་ནི་སྤྱོད་པ་གཙང་མ་དཀར་གསལ་ཟླ་བ་འདྲ་བ་ཞིག་དང་། ས་གཞི་འདིའི་སྟེང་སྔོ་ལྗང་ལྗང་གི་ཡུལ་གྲུ་ཞིག དེ་ལས་ཀྱང་གུང་ཁྲན་ཏང་ཡོན་ཞིག་གི་ཡ་རབས་སྤྱོད་བཟང་དང་མང་ཚོགས་ཀྱིས་ཁོ་རང་དྲན་པ་དང་། ཏང་དང་མི་དམངས་ཀྱི་ཁས་ལེན་དེ་བསྐྱུར་ཡོད་པ་རེད།

དུས་རབས་ཀྱི་དཔེ་བཟང་རྗེས་དྲན་ཁང་གི་ཐོག་ཁང་དང་པོའི་ཚོམས་ཆེན་དུ་བློ་མཐུན་སྐལ་བཟང་གི་སྐུ་བརྙན་གྱི་རྒྱབ་དུ་འདི་ལྟར་བྲིས་ཡོད་དེ། དྲོད་འཇམ་ངག་གིས་དམངས་སྲིད་མཐའ་ལ་བསྐྱངས། ། རང་གཅུན་གཞན་ཕན་བློ་རྒྱ་མཁའ་ལས་ཡངས། ། འདི་ནི་བློ་མཐུན་སྐལ་བཟང་གི་ལྷག་བསམ་དཀར་པོའི་སྙིང་སྟོབས་ཀྱི་ཆེས་མཐོ་བའི་ཕྱོགས་བསྡུས་ཡིན།

སྐལ་བཟང་ལོ་རེ་རེའི་ལུགས་རྙིང་ལོ་སར་སྐབས་ཕ་ཡུལ་དུ་ལོག་ནས་ཕྱུགས་འཚོ་བཞིན་ཡོད་པ་དང་། རང་ཉིད་ཀྱི་རྩ་བ་མི་བརྗེད་པ་དང་། འབྲོག་པའི་རང་བཞིན་དོར་མེད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་འཁུར་སྐབས། ལོ་རེ་རེའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཁོས་ཚོགས་ཞུགས་མི་སྣར་ཇ་ལྡུག་པ་དང་། དེས་གཞི་རིམ་ནས་ཡོང་བའི་དམངས་ཆེན་འཐུས་མི་ཚོས་སེམས་ལྷོད་ལ་བབས་ནས་སེམས་གཏམ་གླེང་ཐུབ་པ་བྱུང་། གཞི་རིམ་དུ་ལོག་ནས་རྟོག་དཔྱོད་བྱེད་པའི་དུས་སྐབས་ནི་ཟ་མ་ཟས་པའི་རྗེས་ཡིན་པ་དང་། ཁོས་ཁ་རོག་གེར་ཁོ་རང་ཉིད་དང་། ཁ་ལོ་བ། དྲུང་ཡིག་སོགས་ཀྱི་ཟས་རིན་དཀར་ཡོལ་གྱི་འོག་དུ་བཞག་ནས་ད་གཟོད་འགྲོ་ངེས་ཡིན།

འདི་ལྟ་བུའི་ལྟོས་ཚོད་ལ་ཆེས་སྤྱིར་བཏང་གི་དོན་ཆུང་རེ་རེས་མི་རྣམས་ལ་སེམས་འགུལ་མི་ཐེབས་མཁན་མེད་པ་དང་། གུས་བཀུར་མི་བྱེད་མཁན་ཡང་མེད་པ་རེད།

མི་མང་པོ་ཞིག་གིས་སྐལ་བཟང་གི་བྱེད་སྟངས་ལ་བསམ་ཤེས་བྱེད་མ་ཐུབ་པར་སྐལ་བཟང་གིས་དོན་ཆུང་དོན་ཆེན་ལྟར་སྒྲུབ་ནས་མཚན་སྙན་བཟང་པོ་ཞིག་ལོན་པར་འདོད་བཞིན་ཡོད་ཀྱང་། ཡིན་ནའང་། ཁོང་གིས་བརྟན་ཚུགས་ཡོད་པའི་སྒོ་ནས་ང་ལ་མཚན་སྙན་གྲགས་ཀྱིས་ཅི་བྱེད། ང་ལ་ཅི་ཡང་མི་དགོས་ཞེས་བཤད་མྱོང་། ཅི་ཡང་མི་བསམ་པའི་མི་ཞིག་གིས་ལྷག་བསམ་འདི་ལྟ་བུ་ཞིག་དང་། རྫུན་གཏམ་མི་བཤད་པའི་མི་ཞིག་གི་བསམ་བློའི་སྟོབས་ཤུགས་དང་མི་གཤིས་ཀྱི་མཛེས་པ་དེ་མང་ཚོགས་ཀྱི་སེམས་གཏིང་དུ་བརྐོས་ཡོད་པས། གུང་ཁྲན་ཏང་ཡོན་རེ་རེས་སེམས་སུ་འཛིན་པ་དང་སློབ་སྦྱོང་བྱེད་འོས་པ་ཞིག་རེད།

“དུས་རབས་ཀྱི་དཔེ་བཟང་མི་སྣ”ནི་དུས་རབས་ཀྱི་སྙིང་སྟོབས་ཀྱི་རྒྱུད་འཛིན་པ་དང་། སྣེ་ཁྲིད་པ། དར་སྤེལ་བྱེད་མཁན་ཡིན་ལ། ཁོ་ནི་ཚོན་མདངས་རྣམ་པར་བཀྲ་བའི་དར་ཆ་ཞིག་དང་། དེ་བས་ཀྱང་སྙིང་སྟོབས་ཀྱི་རྡོ་རིང་ལྟ་བུ་ཞིག་རེད། ང་ཚོས་བློ་མཐུན་སྐལ་བཟང་གི་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་པོར་སློབ་སྦྱོང་དང་དར་སྤེལ་བཏང་སྟེ། ཏང་གི་ཁ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་ནས་གུང་ཁྲན་ཏང་ཡོན་ཞིག་གི་ཆབ་སྲིད་ཀྱི་ངོ་བོ་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱས་ཏེ། བློ་མཐུན་སྐལ་བཟང་གིས་གོ་གནས་མཐོན་པོ་ནས་མང་ཚོགས་ལ་བརྩེ་སེམས་བཅངས་བ་དང་། དམངས་ལ་དྲོད་ཁོལ་སྦྱིན་པ། སྲིད་སྐྱོང་སྤྱི་ཞབས་པ་ཞིག་གི་བརྩེ་སེམས་ལ་སློབ་སྦྱོང་དང་དར་སྤེལ་གཏོང་བ་དང་། བློ་མཐུན་སྐལ་བཟང་གི་ལག་ཏུ་དབང་ཆ་ཆེན་པོ་ཡོད་ཀྱང་། སྒེར་སེམས་མི་བསམ་པ་དང་། རང་གཅུན་ཐུབ་པ། གཞན་ལ་བརྩེ་སེམས་ལྡན་པའི་སྲོལ་རྒྱུན་བཟང་བོ་དང་གཤིས་རྒྱུད་བཟང་བོར་སློབ་སྦྱོང་དང་དར་སྤེལ་བཏང་སྟེ། རང་འགུལ་གྱིས་ཀྲུང་གོའི་ཕུགས་འདུན་རླབས་ཆེན་མངོན་འགྱུར་བྱེད་པའི་ལག་ལེན་ནང་ཞུགས་དགོས་པ་དང་། དུས་རབས་གསར་བའི་རྒྱང་སྐྱོད་ལམ་བུའི་སྟེང་དུ་མུ་མཐུད་དུ་བགྲོད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།