ལྷད་མེད་སྐྱེ་ཁམས་ཕྱུགས་ལས་དེ་འབྲོག་ཕྱོགས་ནས་གྲོང་ཁྱེར་དུ་བསྐྱོད་པ།
2021.07.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

རླུང་བུ་བསིལ་བསིལ་ལྡང་བའི་ཐེམ་ཆེན་རྩྭ་ཐང་ཆེན་མོར་མུ་མཐའ་བྲལ་ཞིང་། རྩྭ་ཐང་དུ་རྒྱང་ལྟ་བྱས་ཚེ། སྤྲིན་དཀར་གྱི་ཕུང་བོ་མཁའ་རུ་ལང་ལོང་འགྱུ་ཞིང་བུ་ཧ་ཆུ་བོའི་འགྲམ་དུ་ནོར་གནག་གི་ཁྱུ་རྣམས་སོས་དལ་བག་ཕབ་ངང་རྒྱུ།

ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་གྱི་དུས་ཚོད་བཅུའི་སྟེང་། ཀུན་བཟང་རྒྱལ་རྟ་ལ་ཞོན་ནས་ཆུ་འགྲམ་གྱི་རྩྭ་ཐང་དུ་ནོར་གནག་སུམ་ཅུ་ཙམ་ཞིག་འཚོ་སྐྱོང་བྱེད་བཞིན་འདུག

ད་ནས་ཉིན་ཉི་ཤུ་ཙམ་འདས་རྗེས། དབྱར་སར་འགྲོ་བའི་དུས་ལ་རན་ཞིང་སྐབས་དེར་ནོར་གནག་འདི་དག་གིས་ང་ལ་རོགས་ཆེན་པོ་བྱེད་ཐུབ་ཀྱི་ཡོད། དེ་ལྟར་རང་ཉིད་ཀྱིས་འཚོ་སྐྱོང་བྱེད་པའི་ནོར་གནག་དེ་དག་གླེང་དུས། ཀུན་བཟང་རྒྱལ་ལ་རང་གི་གྲོགས་པོ་ངོ་སྤྲོད་བྱེད་པའི་སྣང་བ་ཞིག་ཤར་འདུག

ཀུན་བཟང་རྒྱལ་ནི་ད་ལོ་ལོ་ན་ཞེ་ལྔ་ཡིན་ཞིང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་མེ་ལོང་སྡེ་བའི་སྡེ་མི་ཡིན་ཞིང་། ཀུན་བཟང་རྒྱལ་ནི་རྒྱུན་དུ་མི་གཞན་གྱིས་ཁོ་ལ་ཕྱུགས་རྫི་ཞེས་འབོད་པར་དགའ། མེ་ལོང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་གཞོན་པ་ཀུན་བཟང་རྡོ་རྗེ་ཡིས་བཤད་རྒྱུར། ཀུན་བཟང་རྒྱལ་གྱི་ཕྱུགས་འཚོ་སྐྱོང་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པས་ཁོས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལུག་ལྔ་བརྒྱ་དེ་འཚོ་སྐྱོང་བྱེད་བཞིན་ཡོད། ཁོའི་ལོ་གཅིག་གི་ཟླ་ཕོགས་ནི་སྒོར་མོ་ཁྲི་གསུམ་དང་སྟོང་དྲུག་ཡིན་པ་དང་། དེའི་ཁར་བྱས་འབྲས་དཔྱད་ཞིབ་རྗེས་ཀྱི་སྒོར་ཁྲི་དྲུག་བསྣན་ཚེ་ཁོའི་ལོ་གཅིག་གི་ཡོང་སྒོ་དེ་སྒོར་མོ་འབུམ་གཅིག་ལ་འབུད་ཙམ་ཡོད་ཟེར།

འདས་ཟིན་པའི་ལོ་བཅུ་ལྷག་གི་རིང་དུ། འབྲེལ་ཡོད་ལས་ཁུངས་ཀྱིས་མེ་ལོང་སྡེ་བས་འབྲོག་པ་ཚོར་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མ་རྐང་བཞག་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་ཁྲོད་ཞུགས་པར་སྐུལ་སློང་བྱས།  མཉམ་ལས་ཁང་དུ་ཞུགས་རྗེས་སྡེ་བ་ཡོངས་ཀྱི་ནོར་ལུག་དང་རྩྭ་ས། ཞིང་ས། དེ་མིན་མི་ཤུགས་བཅས་ཀྱི་ཁྱད་སྟོབས་ལ་བརྟེན་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི་ཕྱོགས་ནས་གསོ་སྤེལ་དང་ཤ་རིགས་ཐོན་རྫས། གཟན་རྩྭ་སོགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་མེ་ལོང་སྡེ་བའི་ཁྱད་ཆོས་ལྡན་པའི་རྣམ་པ་ཞིག་གྲུབ་པར་བྱས།

ཀུན་བཟང་རྒྱལ་ལ་མཚོན་ན་མེ་ལོང་སྡེ་བའི་ཁྱད་ཆོས་དེ་དག་ལ་བརྟེན་ནས་ཡོང་སྒོ་ཡོད་པར་གྱུར། ལོ་བཅུའི་སྔོན་དུ། སྡེ་བའི་ནང་དུ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གནས་ཚུལ་ཤེས་རྗེས་སུ། ཁོས་སེམས་ཐག་ཆོད་པའི་སྒོ་ནས་རང་ཁྱིམ་གྱི་ནོར་ལུགས་རྣམས་མེ་ལོང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་མ་རྐང་ལ་བཞག  ད་ལྟ་ཁོས་ལོ་རེ་བཞིན་འཚོ་སྐྱོང་བྱེད་བཞིན་པའི་མ་མོ་ལྔ་བརྒྱ་བོའི་ལུ་གུའི་གསོན་ཚད་བརྒྱ་ཆའི་བརྒྱད་ཅུར་སོན་ཡོད་པ་དང་། ཁོའི་ལུག་རྒྱུད་བཟང་ཞིང་བལ་ཁའང་ཡག་པས་ཁོ་རང་སྐད་གྲགས་ཆེ་བའི་ཕྱུགས་རྫི་ཞིག་ཏུ་གྱུར་ཡོད།

སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དེས་ནོར་ལུག་ཡོད་པའི་སྡེ་མི་རྣམས་ཀྱི་ཡོང་སྒོ་ཇེ་ལེགས་སུ་བཏང་བ་ཙམ་མ་ཡིན་པར། དེ་ལས་གཞན་ནོར་ལུག་མེད་པའི་སྡེ་མི་རྣམས་ལ་ཡང་ཕན་ཁེ་བསྐྲུན་ཡོད་པ་རེད།

འབྲོག་པ་རྡོ་ལོ་རྒྱལ་ཚང་ནི་སྔོན་ཆད་ཞིན་ཡོན་གྲོང་རྡལ་ཐེམ་ཕོང་སྡེ་བའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ཞིག་ཡིན་པ་དང་། ཁོ་ལ་ནོར་ལུག་སོགས་ཅི་ཡང་མེད་པས་ཡོང་སྒོ་ཡང་ཉུང་ཙམ་ལས་མེད།  ཞིན་ཡོན་གྲོང་རྡལ་ཏང་ཨུ་ཡིས་མེ་ལོང་སྡེ་བས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བའི་ཁྱད་སྟོབས་ལ་གཞིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གྲོང་རྡལ་ཡོངས་སུ་མེ་ལོང་སྡེ་བའི་རྣམ་པ་དེ་ཁྱབ་གདལ་དུ་བཏང་པ་དང་། ཐེམ་ཕོང་སྡེ་བས་སྡེ་མི་རྡོ་ལོ་རྒྱལ་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཁོ་ལ་རོགས་སྐྱོར་བྱེད་རྒྱུ་ཐག་གིས་བཅད།

ཁྱོད་ཀྱིས་མ་མོ་བརྒྱ་དང་ལྔ་བཅུ་འཚོ་སྐྱོང་བཟང་པོ་བྱོས་དང་། ལོ་མཇུག་ཏུ་ཐོན་དུས་ལུ་གུ་ཚང་མ་ཁྱོད་ལ་དབང་བ་ཡིན། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ཁོ་ཡིས་དེ་ལྟར་ཟེར་ཞོར་ཐེངས་མང་པོར་སྡེ་བའི་ཏང་ཀྲི་པུའུ་ཡི་ཁོངས་མི་རྣམས་ལ་གྲོས་བསྡུར་བྱས་ནས། རྡོ་ལོ་རྒྱལ་སྡེ་བའི་སྤྱི་ཕན་ལས་གནས་སུ་འདོན་པར་ཚོད་ལྟ་བྱེད་རྒྱུར་ཐག་བཅད། ང་ནི་ཕྱུགས་འཚོ་སྐྱོང་ཁྱེད་མཁན་ཞིག་ཡིན་ལ་ལོ་གཅིག་ལ་ཕྱུགས་ཟོག་འཚོས་པའི་ཡོང་སྒོ་སྒོར་མོ་ཁྲི་བཞི་ལྷག་ཡོད་ཅེས་རྡོ་ལོ་རྒྱལ་གྱིས་བཤད། ཁོས་རྩྭ་ས་མ་རྐང་དུ་འཇོག་པའི་རྣམ་པས་ཐེམ་ཕོང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་པའི་ལོ་འགའི་རྗེས་སུ། ཁོའི་འཚོ་བ་བརྟན་འཇགས་བྱུང་སྟེ་བཀོད་སྒྲིག་ཁང་པར་སྡོད་ཐུབ་པར་མ་ཟད་རྫོང་མཁར་ནས་ཀྱང་ཐོག་ཁང་ཉོས་ཡོད་པ་རེད།

འབྲོག་པ་ལ་ལ་ཞིག་ཕྱུགས་འཚོ་སྐྱོང་བྱེད་རྒྱུར་དགའ་བོ་ཡོད་པས་མཉམ་ལས་ཁང་གིས་ཁོ་ཚོར་ཕྱུགས་འཚོ་སྐྱོང་བྱེད་རྒྱུ་བཀོད་སྒྲིག་བྱས་ཡོད་པ་དང་། ཡང་འབྲོག་པ་ལ་ལ་ཞིག་ཞིང་འདེབས་རྒྱུར་མཁས་པོ་ཡོད་པས་མཉམ་ལས་ཁང་གིས་ཁོ་ཚོ་གཟན་རྩྭ་སོགས་འདེབས་པར་བཀོད་སྒྲིག་བྱས་ཡོད། དེ་ལས་གཞན་འབྲོག་པ་སྐོར་ཞིག་གིས་རང་ཉིད་འོ་མ་བཞོ་བར་དགའ་བོ་ཡོད་ཚུལ་བཤད་པས་མཉམ་ལས་ཁང་གིས་དེ་བཞིན་དུ་ཁོ་ཚོར་དགའ་ཕྱོགས་ལྟར་ལས་ཀ་བཀོད་སྒྲིག་བྱས་པས་ཁོ་ཚོས་ལོ་གཅིག་ལ་སྒོར་མོ་ཁྲི་བརྒྱད་ཙམ་བཙལ་ཐུབ་ཀྱི་ཡོད།

ཐེམ་ཕོང་སྡེ་བའི་སྡེ་མི་བསོད་ནམས་སྐྱིད་ཀྱིས་རང་ཁྱིམ་གྱི་ནོར་ལུག་དང་རྩྭ་ས་མ་རྐང་དུ་འཇོག་པའི་རྣམ་པར་བརྟེན་ནས་ཚོང་ལས་གཉེར་གྱི་ཡོད་པ་རེད། རླངས་འཁོར་བཀྲུ་ས་འདི་དང་གཟན་ཆས་ཚོང་ཁང་འདི་གཉིས་ངས་ཕྱེས་པ་ཡིན་ཞེས་བསོད་ནམས་སྐྱིད་རང་གི་ཚོང་ཁང་གི་ནང་དུ་ཡར་ལངས་ནས་དགའ་སྤྲོ་དང་བཅས་དེ་ལྟར་བཤད། མོས་ད་དུང་རང་ཉིད་ཀྱིས་ཚོང་ལས་གཉེར་བ་དེ་ནི་མཉམ་ལས་ཁང་གི་ཐོན་རྫས་སྔར་ལས་མང་པོ་ཞིག་ཁྲོམ་རར་འདོན་སྤྲོད་བྱེད་པའི་ཆེད་དུ་ཡིན་ཟེར།

གྲོང་རྡལ་དུ་འོ་མ་བཙོང་ས་ཡོད་པ་དང་རྫོང་མཁར་དུ་རྒྱ་ཁོག་ཟ་ཁང་ཡོད་ལ། ཟི་ལིང་གྲོང་ཁྱེར་དུ་གསོལ་ཁང་ཡོད་པ། ཞིང་ཆེན་ཕྱིའི་ཧང་ཀྲིག་ས་ཆར་འོ་མའི་ཐོན་རྫས་རིགས་ཕྱིར་འཚོང་བྱེད་བཞིན་ཡོད། དེ་ནི་ཞིན་ཡོན་གྲོང་རྡལ་གྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཁྲོམ་རར་བསྐྱོད་པའི་གོམ་སྟབས་དང་པོ་ཡིན་ཞིང་།  སྔར་ལས་མང་པའི་འཕེལ་རྒྱས་ཀྱི་འཆར་འགོད་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅེས་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དཔལ་ཆེན་གྱིས་བཤད།

ལོ་བཅུ་ལྷག་གི་ཡར་སྔོན་དུ། ས་གནས་དེའི་ཏང་ཨུ་ཡིས་མེ་ལོང་སྡེ་བར་རྩྭ་ས་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དང་ཕྱུགས་ཟོག་སྒོར་མོར་བཀུག་ནས་མ་རྐང་དུ་འཇོག་པ། ངལ་རྩོལ་ནུས་ཤུགས་ཆེད་ལས་ལྟར་ལས་བགོས་བྱེད་པ། ཐོན་སྐྱེད་དམིགས་ཚད་ཚད་འཇལ་བྱེད་པ། ལས་མི་བཀོལ་སྤྱོད་བྱེད་པར་རྩོལ་བསྟུན་ཐོབ་སྤྲོད་བྱེད་པ། མ་རྐང་གི་ཚད་གཞི་ལྟར་ཁེ་སྤོགས་བགོ་བ་བཅས་ཀྱི་བྱ་བར་བཀོད་སྒྲིག་ལེགས་པོ་བྱས་ནས། ཀུན་ལ་ཁེ་ཕན་ཐོབ་པར་བྱེད་པའི་མ་རྐང་མཉམ་ལས་ལམ་ལུགས་ཀྱི་བདག་གཉེར་བྱེད་སྟངས་ཏེ། མེ་ལོང་སྡེ་བའི་རྣམ་པ་གྲུབ་པར་བྱས།

ད་ལོར་ཞིན་ཡོན་གྲོང་རྡལ་ཏང་ཨུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཐོན་ལས་འཕེལ་རྒྱས་ཀྱིས་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱེད་པ་ཟུང་འབྲེལ་བྱས་ཏེ། གྲོང་རྡལ་ཡོངས་ཀྱི་ཕྱུགས་ལས་སྡེ་བ་སོ་སོ་དང་མཉམ་ལས་ཁང་གི་ཁྱད་སྟོབས་བསྡུ་ལེན་བྱས་ཏེ། ཐོན་ལས་གཉིས་པ་དང་གསུམ་པའི་ཕྱོགས་སུ་འཕེལ་རྒྱས་སུ་བཏང་ནས། ཚད་གཞི་མཐོ་བའི་གསོ་སྤེལ་དང་བཟའ་ཆས་ལས་སྣོན། འོ་རྫས་ཐོན་ཁུངས། རིག་གནས་ཡུལ་སྐོར་ཐོན་ཁུངས་བཅས་ཀྱི་ཕྱོགས་སུ་ཤུགས་བསྣན་ནས། གྲོང་གསེབ་དར་སྤེལ་བྱེད་པའི་ཁྲོད་དུ་སྔར་ལས་མང་པོའི་འབྲོག་པ་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།

                                                               ཡིག་སྒྱུར་བ། གཡང་འབུམ་རྒྱལ།