མིན་ཧི་ཡི་སྙིང་སྟོབས་དེ་ཐར་ཤུལ་རྩྭ་ཐང་དུ་འཚེར།
2021.07.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

མིན་ཧི་རྗེས་དྲན་ཁང་ནི་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་བའི་དུས་སྐབས་སུ་འབའ་ཚང་ཞིང་རའི་སྔོན་གནས་ཀྱི་རྨང་གཞིའི་སྟེང་ལས་ནས་གྲུབ་པ་ཞིག་ཡིན་པ་དང་། སའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་དྲུག་བརྒྱ་དང་བརྒྱད་ཅུ་ཡོད་ཅིང་། 2018ལོའི་ཟླ11པར་ལས་མགོ་བརྩམས་པ་རེད་ཅེས་འགྲེལ་བཤད་པ་ཧྥིན་ཕེན་གྱིས་གཟིགས་ཞིབ་དང་སློབ་སྦྱོང་བྱེད་པར་སླེབས་པའི་ཏང་ཡོན་ལས་བྱེད་པ་རྣམས་ལ་ནན་ཏན་གྱིས་འགྲེལ་བཤད་བྱེད་བཞིན་འདུག

ཟླ་དྲུག་པར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཐར་ཤུལ་ཡུལ་ཚོ་འབའ་ཐང་སྡེ་གསར་དུ་ཡོད་པའི་མིན་ཧི་རྗེས་དྲན་ཁང་དུ་སོང་བ་ན། རྗེས་དྲན་ཁང་དུ་ཆེས་མིག་ལ་ལྷུང་ཡོང་བ་ཞིག་ནི་དཔའ་བོ་མིན་ཧི་ཡི་འཇིམ་བརྙན་ནག་པོ་དེ་ཡིན་པ་དང་། གནམ་སྔོན་པོའི་མཁའ་འོག་ཏུ་བརྗིད་ཉམས་ལྡན་པར་གནས་ཡོད།

འཇིམ་བརྙན་ཁྲོད་ཁོས་ལག་གཉིས་ཡར་བཀྱགས་ནས་དུ་བ་ལྷོག་ལྷོག་དུ་འཕྱུར་བ་དང་མི་འགྱངས་བར་འགད་ལ་ཉེ་བའི་འགད་རྫས་ཀྱི་ཕྱོགས་སུ་མཆོངས་པར་གྲ་སྒྲིག་བྱེད་བཞིན་པ་ཤེས་ཐུབ། ཁོའི་མིག་མདངས་བརྟན་ཞིང་ཤུགས་ཡོད་པའི་སྒོ་ནས་ཁོ་རང་ཞེན་ཆགས་པའི་མི་དམངས་དང་ཕ་ཡུལ་ལ་གཟིགས་འདུག་པ་དང་། འདི་ནི་མིན་ཧི་ཡི་མི་ཚེའི་ཆེས་མཐའ་མཇུག་གི་བཟོ་ལྟ་རེད།

བཟོ་ལྟ་འདི་ནི་མིན་ཧི་ཡིས་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ལས“ཚེ་སྲོག་གི་འགོག་སྲུང་”བརྩིགས་པ་ཞིག་ཡིན་པ་དང་། ཁོས་རང་ཉིད་ཀྱི་ཚེ་སྲོག་ལས་ཡུལ་དངོས་ན་ཡོད་པའི་རིམ་གྲས་སྤུན་ཟླ་ཉེར་བདུན་གྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱས་པ་རེད། དེ་བས། མིག་མདུན་གྱི་འཇིམ་བརྙན་དེ་ནི་རྗེས་དྲན་ཁང་གི་མཚོན་རྟགས་ཁོ་ན་མ་ཡིན་པར་དེ་ཡིས་མིན་ཧི་ཡི་བྱས་རྗེས་རྒྱ་ཆེར་ཁྱབ་སྒྲོག་བྱེད་པ་དང་། དཔའ་བོ་དེ་མི་རྣམས་ཀྱི་སེམས་ལ་འཛིན་རྒྱུ་དེ་རེད།

བཟོ་ལྟ་འདི། རླུང་ཁྲོད་དུ་ཀྲོང་ངེར་འགྲེངས་ནས་རྟག་བརྟན་དུ་གྱུར་བར་མ་ཟད། སྙིང་སྟོབས་ཤིག་ཏུ་གྱུར་ནས་ལོ་ངོ་མང་པོའི་རིང་ལ་མི་རྣམས་ཀྱིས་རྗེས་དྲན་བྱས་ནས་ཏང་དང་མི་དམངས་ཀྱི་ལས་དོན་གྱི་ཆེད་རང་སྲོག་བློས་གཏོང་ཕོད་པ་དང་ཡོད་ཚད་ཕུལ་བའི་སྟོབས་ཤུགས་ཆེན་པོའི་ཁྲོད་མུ་མཐུད་དུ་སྙིང་སྟོབས་ཀྱི་ཉིང་བཅུད་བསྡུ་ལེན་བྱས།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་བསྟུན་ནས། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྟོང་གཉིས་གནས་འདིར་ཡོང་ནས་ལོ་རྒྱུས་ཁྲོད་དུ་མིན་ཧི་སྙིང་སྟོབས་ཀྱི་སློབ་གསོ་དང་ལེན་བྱས་ཏེ། རྗེས་ཕྱོགས་ཀྱི་བྱ་བར་སྟོབས་ཤུགས་གསོག་འཇོག་བྱས།

ཧྥིན་ཕེན་གྱིས་བཤད་རྒྱུར། རྒྱ་ཆེའི་རོང་འབྲོག་པ་ཏང་ཡོན་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཏང་གཤིས་སློབ་གསོ་དང་ལེན་བྱེད་ཐུབ་ཆེད། དྲན་གསོ་ཁང་ནང་དུ་བོད་རྒྱ་སྐད་གཉིས་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། ལོ་རྒྱུས་ཀྱི་ཤུལ་རྫས་དང་། འདྲ་པར། བརྙན་རིས་སོགས་ཀྱིས་བརྗེད་དཀའ་བའི་ལོ་ཟླའི་སྐོར་བརྗོད་བཞིན་ཡོད་ཟེར།

ད་ལྟ་མིན་ཧི་སྙིང་སྟོབས་དེ་ཀོས་ནན་མི་དམངས་ཀྱི་ཐུན་མོང་གི་བསམ་བློ་ཞིག་ཏུ་གྱུར་འདུག ཐར་ཤུལ་ཡུལ་ཚོ་དང་། ཀོས་ནན་རྫོང་དུ་ཏང་ཡོན་ལས་བྱེད་པ་སྔར་ལས་མང་པོས་མིན་ཧི་སྙིང་སྟོབས་དེ་མི་དམངས་ལ་དོན་དངོས་སྒྲུབ་པའི་ཐུན་མོང་གི་འགུལ་སྐྱོད་ཅིག་ཏུ་བསྒྱུར་ཡོད། དྲན་གསོ་ཁང་ནས་སྒོར་བུད་པ་ན། མཐའ་ཡས་པའི་རྩྭ་ཐང་སྟེང་དུ། དམར་མདངས་བཀྲ་བའི་ཏང་གི་དར་ཆ་ལྷབ་ལྷུབ་དུ་བསྐྱོད་བཞིན་ཡོད་པ་དང་། ང་ཚོ་དར་ཆའི་ཕྱོགས་སུ་བསྐྱོད་པ་ན། ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཚ་གདུགས་ཀྱི་འོག་ཏུ་སོ་ཕག་རྣམས་ཐག་མི་རིང་བའི་གད་སྙིགས་རླངས་འཁོར་ནང་སྐྱེལ་བཞིན་པ་མཐོང་།

ཐར་ཤུལ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་དབང་ཕྱུག་མྱུར་མོར་ཚུར་ཡོང་ནས་ང་ཚོའི་མདུན་བསུ་བཞིན་དེ་རིང་ང་ཚོས་ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་བཅུ་ལྷག་རྩ་འཛུགས་བྱས་ནས་གཞི་རིམ་དུ་བསྐྱོད་དེ། མང་ཚོགས་ལ་དོན་དངོས་སྒྲུབ་པའི་བྱ་འགུལ་སྤེལ་པ་དང་། དེ་རིང་ཐར་ཤུལ་ཡུལ་ཚོ་རྟ་མང་སྡེ་བའི་སྡེ་མི་རྡོ་རྗེ་ལ་ཁང་བ་ལས་རོགས་བྱེད་བཞིན་ཡོད་ཞེས་མཚམས་སྦྱོར་བྱས།

ད་ལོ་ལོ་ན་རེ་བརྒྱད་ལ་སོན་པའི་ཡེ་རྡོ་རྗེ་ནི་ཐར་ཤུལ་ཡུལ་ཚོ་རྟ་མང་སྡེ་བའི་སྡེ་མི་ཞིག་ཡིན་པ་དང་། སྤྱིར་ཡིན་ན་ཚེ་མཇུག་སྐྱིད་པོ་ཞིག་རོལ་དགོས་པ་ཡིན་ཡང་། ཁྱིམ་དུ་ད་དུང་བྱིས་པ་ལྔ་ཡོད་པ་དང་། དེའི་ཁྲོད་ཀྱི་བྱིས་པ་བཞི་ལ་ལྷན་སྐྱེས་སུ་རིག་པ་མི་གསལ་བའི་ནད་བྱུང་ཡོད་པ་རེད། ཐར་ཤུལ་ཡུལ་ཚོ་ཏང་ཨུའི་རྩ་འཛུགས་ཨུ་ཡོན་ཆི་ཡུན་ཅའེ་ཡིས་བཤད་རྒྱུར། ཁྱིམ་ཚང་གང་བོའི་འཚོ་བ་ཡེ་རྡོ་རྗེ་གཅིག་པུས་འགན་འཁུར་དགོས་པ་དང་། ནད་བྱུང་ཡོད་པའི་བྱིས་པ་བཞི་བོས་ངལ་རྩོལ་བྱེད་མི་ཐུབ་པས། ཁྱིམ་ཚང་གང་བོས་སྲིད་གཞུང་གི་རོགས་སྐྱོར་དང་རྩྭ་སའི་ཁ་གསབ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་རེད་ཟེར།

ཆི་ཡུན་ཅའེ་ཡི་ལག་འཁྱེར་ཁ་པར་ནང་གི་འདྲ་པར་ལས་ང་ཚོས་རྡོ་རྗེ་ཚང་གི་སྔོན་ཆད་ཀྱི་ཁང་བའི་རྣམ་པ་མཐོང་བ་དང་། ལོ་ངོ་མང་པོར་ཞིག་གསོ་བྱེད་མ་ཐུབ་པར་ལུས་ཡོད་པའི་ཕྱི་གྱང་དེ་ཤིང་གི་ཀ་བ་ཞིག་གིས་འདེགས་སྐྱོར་བྱས་ཡོད་ཅིང་། ཁང་བའི་ནང་དུ་ཐིགས་ཆུ་འཛར་བའི་ཤུལ་མང་པོ་ཡང་མཐོང་ཐུབ།  ཡེ་རྡོ་རྗེ་ཡིས་བཤད་རྒྱུར། ཁང་བ་འདིའི་ནང་ང་ཚོ་ལོ་བཅུ་ལྷག་ལ་བསྡད། ཆར་བབས་ན་ཁང་ཀླད་ནས་ཐིགས་ཆུ་འཛར་བ་དང་། དགུན་ཁར་ཤིན་ཏུ་འཁྱག ང་ཚོས་ཞིག་གསོ་བྱེད་བསམ་ཡང་སྒོར་མོ་མེད་པས།  འདི་ལྟར་མི་འཇོག་ཐབས་མེད་བྱུང་ཟེར།

དབང་ཕྱུག་གིས་བཤད་རྒྱུར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བསམ་པའི་གོ་རྟོགས་སེལ་པ། དོན་དངོས་སྒྲུབ་པ། མགོ་གསར་བ་རྩོམ་པར་ཁྲིད་སྟོན་བཅས་བྱས་ནས། སློབ་སྦྱོང་གི་ཕན་འབྲས་དེ་དམངས་ལ་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བའི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་ཏེ། མང་ཚོགས་ལ་སྔར་ལས་ལྷག་པའི་ཐོབ་སྣང་དང་སྐྱིད་སྣང་ཡོད་པར་བྱས། ཐར་ཤུལ་ཡུལ་ཚོའི་ཏང་ཨུ་ཡིས་གཞི་རིམ་ཏང་ཀྲི་པུའུ་ཡིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ། གཅེས་སེམས་འབུལ་བ། དམངས་སེམས་དྲོ་བ”བརྗོད་བྱ་ཡིན་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། ཡེ་རྡོ་རྗེ་ཚང་ལ་ཞལ་འདེབས་ཕུལ་བར་མ་ཟད་ཁང་བ་གསར་བ་ཞིག་ཀྱང་ཕུབ།

ཟླ་ལྔ་བའི་ཚེས་བདུན་ཉིན། ཞལ་འདེབས་ཕུལ་བའི་བྱེད་སྒོ་དུས་ལྟར་ཚོགས། ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་དང་གུང་གཞོན་ཚོགས་མི། ཡུལ་ཚོའི་ལས་ཁུངས། ས་ཚིགས་སོ་སོའི་ལས་བྱེད་པ་སྡོམ་པས་མི་དྲུག་བརྒྱ་དང་ང་བདུན་ཚོགས་འདུར་ཞུགས་པ་དང་། སྡོམ་པས་ཞལ་འདེབས་སྒོར་མོ་ཁྲི་བདུན་དང་སྟོང་བཞི་བརྒྱ་དང་གྱ་གསུམ་འབྱོར། མ་དངུལ་མྱུར་མོར་བསྡུ་ཐུབ་པ་བྱུང་བ་དང་། ཡེ་རྡོ་རྗེ་ཚང་གི་ཁང་བ་གསར་བ་ལས་མགོ་བརྩམས།

དབང་ཕྱུག་གིས་བཤད་རྒྱུར། ཡེ་རྡོ་རྗེ་ཁྱིམ་མི་གང་བོ་ཁང་བ་གསར་བའི་ནང་སྡོད་ཐུབ་པ་བྱ་ཆེད། ཡུལ་ཚོའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་སྒེར་སེམས་མེད་པར་ཡོད་ཚད་ཕུལ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ལས་ཚོགས་གྲོལ་རྗེས་ཀྱི་ངལ་གསོའི་དུས་ཚོད་ནང་ལས་ཡུལ་དངོས་སུ་སོང་ནས་བཟོ་པ་རྣམས་ལ་བྱེ་མ་དང་ཆུ་འཁུར་རོགས་བྱས། ཟླ་ཕྱེད་ཙམ་གྱི་རིང་ལ། ཚང་མས་བརྩེ་བ་དང་རང་གི་ཡོད་ཚད་ཕུལ་བར་བརྟེན་ནས་ཡེ་རྡོ་རྗེ་ཚང་ལ་མུས་གྲུ་བཞི་མ་བརྒྱ་ལྷག་ཡོད་པའི་སོ་ཕག་གི་ཁང་བ་ལས། ཡེ་རྡོ་རྗེ་ཡིས་མིག་མདུན་གྱི་ཁང་བར་ལྟ་བཞིན་མིག་མཐར་མཆི་མ་འཁོར་བྱུང་། ཁོས་བཤད་རྒྱུར། ཁང་བ་འདི་འདྲ་ཞིག་ཁོའི་བློ་ཡུལ་ལའང་འཆར་མ་མྱོང་། གུང་ཁྲན་ཏང་གིས་ང་ཚོ་ཁྱིམ་ཚང་གང་བོར་འཚོ་བའི་རེ་བ་ཤིག་མཐོང་དུ་བཅུག་པ་ལ་བཀའ་དྲིན་ཆེ་ཞེས་བཤད།

ཡེ་རྡོ་རྗེ་ཁྱིམ་ཚང་གང་བོ་ཐད་ཀར་ཁང་བའི་འདུག་ཐུབ་པ་བྱ་ཆེད། ཐར་ཤུལ་ཡུལ་ཚོ་ཏང་ཨུ་ཡིས་ཀོས་ནན་རྫོང་དམངས་སྲིད་སྡེ་ཁག་དང་འབྲེལ་འདྲིས་མཐུན་སྦྱོར་བྱས་ཏེ། ཡེ་རྡོ་རྗེ་ཚང་ལ་གནས་སྐབས་མྱུར་སྐྱོབ་སྒོར་མོ་ཁྲི་གཉིས་བརྩོན་ལེན་བྱས།  དབང་ཕྱུག་གིས་བཤད་རྒྱུར། སྒོར་མོ་དེ་ཡོད་པས་ང་ཚོས་ཡེ་རྡོ་རྗེ་ཚང་གི་ཁང་བ་གསར་བར་མཛེས་བཟོ་བྱེད་ཆོག་པ་དང་། དེས་ཁོ་ཚང་སེམས་བདེ་མོའི་ངང་ནས་ཁང་གསར་དུ་གནས་སྤར་ཆོག་ལ། ཁྱིམ་ཚང་གང་བོས་ཏང་གི་སེམས་ཁུར་དང་། ཏང་གི་དྲོད་ཁོལ་ཚོར་ཐུབ་པ་བྱུང་ཟེར།

ད་ལྟ་དམངས་ལ་དོན་དངོས་སྒྲུབ་རྒྱུ་དེ་ཐར་ཤུལ་ཡུལ་ཚོ་ཡོངས་སུ་སྲོལ་བཟང་ཞིག་ཏུ་གྱུར་ཡོད།

ང་ཚོས་བཅར་འདྲིའི་ཁྲོད་རྒྱུས་ལོན་བྱུང་བ་ལྟར་ན། ཐར་ཤུལ་ཡུལ་ཚོ་འབའ་ཐང་སྡེ་གསར་གྱིས་སྡེ་བའི་ནང་གི་ན་གཞོན་ངལ་རྩོལ་པ་ཕྱིར་ཞོར་ལས་ལ་འགྲོ་བ་ཅུང་མང་བ་དང་སྡེ་བའི་ནང་དུ་གཞིས་སྲུང་རྒན་པོ་རིམ་བཞིན་ཇེ་མང་དུ་འགྲོ་བའི་དོན་དངོས་གནས་ཚུལ་ལ་དམིགས་ནས། “འབའ་ཐང་སྡེ་གསར་ཕན་ཚུན་རོགས་རེས་བདེ་སྐྱིད་ཁང་”ཞིག་བཙུགས་པར་མ་ཟད། ལོ་ན་ང་ལྔ་ཡན་གྱི་གཞིས་སྲུང་རྒན་པོ་རྣམས་ལ་དྲོས་ཇ་མཁོ་འདོན་བྱས། ཕན་ཚུན་རོགས་རེས་བདེ་སྐྱིད་ཁང་གི་རྒན་པ་རྣམས་ལ་ངལ་གསོའི་རོལ་རྩེད་དང་། འཚོ་བའི་ལྟ་སྐྱོང་། བདེ་ཐང་ཁམས་གསོ། སེམས་ཁམས་ཁྲིད་སྟོན་སོགས་ཀྱི་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང་། དེ་ཡིས་རྒན་པ་རྣམས་ཀྱི་ཉིན་རྒྱུན་གྱི་རྒན་གསོའི་དགོས་མཁོ་བསྐང་བར་མ་ཟད། ད་དུང་རྒན་པ་རྣམས་ལ་ཉིན་དཀར་ལྟ་སྐྱོང་བྱེད་པའི་ཐབས་ལམ་ཡང་ཕན་འབྲས་ལྡན་པའི་སྒོ་ནས་རྒྱ་སྐྱེད་དེ། རྒན་པ་རྣམས་ཀྱི་རྒན་གསོ་དེ་ལྟ་སྐྱོང་ནས་ནད་གཡོག་ཕྱོགས་སུ་བསྒྱུར་བ་མངོན་འགྱུར་བྱུང་།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བ་སྤེལ་བ་ནས་བཟུང་། ཀོས་ནན་རྫོང་གིས་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་། དམར་པོའི་སྙིང་སྟོབས་དར་སྤེལ་གཏོང་བར་དམིགས་ཏེ། མིན་ཧི་དཔའ་བོའི་རྗེས་དྲན་ཁང་དེ་དུས་རབས་གསར་བའི་སྣེ་ཁྲིད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་ཏང་འཛུགས་བཀོད་སྒྲིག་གལ་ཆེན་དང་ས་ཁོངས་ཅན་གྱི་ཏང་འཛུགས་སྤུས་རྟགས་ལེགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། དམར་པོའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཇེ་བརྟན་དུ་བཏང་།

དེ་བས། ཀོས་ནན་རྫོང་གི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་མིན་ཧི་སྙིང་སྟོབས་ལ་གོ་བ་སྔར་ལས་ཟབ་མོ་བླངས་པ་དང་། རང་སྟེང་གི་བྱེད་ཐབས་ངོ་མ་གཏན་འཁེལ་གསལ་བོ་བྱས་ནས་ཐར་ཤུལ་ཡུལ་ཚོའི་དོན་དངོས་ལ་རྐང་ཚུགས་ཏེ། སྡེ་བ་དགུ་དང་། སྡེ་ཁུལ་གཅིག་དུ་ཞབས་ཞུའི་ས་ཚིགས་བཙུགས་ཏེ། རོང་འབྲོག་མང་ཚོགས་ཀྱིས་བྱ་བ་མྱུར་དུ་སྒྲུབ་ཐུབ་པར་བྱས། མང་ཆུ་གྲོང་རྡལ་ཤྭ་རྭ་སྡེ་བས་ཡུལ་བབ་དང་བསྟུན་ནས་གསོག་འབོར་ཐོན་ཁུངས་ཇེ་མང་དུ་གཏོང་བར་གཞི་རིམ་ཏང་ཡོན་གྱིས་སྔར་ལས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྡེ་བའི་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཐབས་ལམ་ཇེ་ཡངས་སུ་གཏོང་བར་སྣེ་ཁྲིད་བྱས། མང་ར་ཡུལ་ཚོ་རབ་རྒན་སྡེ་བས་རྒན་པ་དང་། འདེབས་འཛུགས་དང་། ཞིང་ལས་འཕྲུལ་ཆས།  སློབ་གསོ་སོགས་ཀྱི་མཐུན་ཚོགས་བཞི་བཙུགས་ཏེ། དམངས་ཚིས་ཧུར་ཐག་སྒོས་ལེགས་བཅོས་བྱས་ཏེ། ཞིང་སྡེའི་དར་སྤེལ་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིངས། ང་ཚོས་དམར་པོའི་ཁྲག་རྒྱུན་གཏོར་སའི་གནས་འདི་ནས་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་བྱ་བ་དམ་འཛིན་བྱས་ནས་མིན་ཧི་སྙིང་སྟོབས་དར་རྒྱས་གོང་འཕེལ་གཏོང་བཞིན་པ་མཐོང་།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།