མཚོ་བྱང་ཁུལ་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་བཏོད།
2021.07.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

ཡུལ་འདི་ན་རྔམ་བརྗིད་མཛེས་སྡུག་གི་མདོ་ལ་རིང་མོ་ཡོད་ལ། ཡུལ་འདི་ན་སྙན་གྲགས་ཀྱི་བ་དན་ཀུན་ན་གཡོ་བའི་མཚོ་སྔོན་པོ་ཡོད། ཡུལ་འདི་ན་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བའི་ལོག་དཀར་ཞིང་ཁམས་ཡོད་ལ། ཡུལ་འདི་ནས་འཛམ་གླིང་ན་སྙན་གྲགས་ཆེ་བའི་གླུ་དབྱངས་ཏེ《རྒྱང་རིང་གི་ཡུལ་གྲུ་དེ་ན》ཞེས་པ་བརྩམས་ལ། ཡུལ་འདི་ནས་སྐྱེ་འགྲོ་ཀུན་གྱིས་བརྩི་བཀུར་བྱེད་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྦྲུམ།

ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ཕུལ་དུ་བྱུང་བའི་མི་ཚུལ་རིག་གནས་སྙིང་སྟོབས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་མཉམ་འདྲེས་བྱུང་། དེ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཡུལ་སྐོར་ཆེན་མོ་འཕེལ་རྒྱས་ཀྱི་གདམ་ག་གཅིག་པུ་རེད། ལོ་ངོ་འགའི་རིང་འཕེལ་རྒྱས་བྱུང་བ་བརྒྱུད། མཚོ་བྱང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་དམིགས་འབེན་སྔར་ལས་གསལ་པོ་དང་ཕན་འབྲས་སྔར་ལས་འབུར་ཐོན་དུ་གྱུར། “ཐོན་ལས་ཡུལ་སྐོར་དང་འབྲེལ་ནས་འཕེལ་བ་དང་ཐོན་རྫས་ཡུལ་སྐོར་དང་འབྲེལ་ནས་བསྐྲུན་པ། གྲུབ་ཚུལ་ཡུལ་སྐོར་དང་འབྲེལ་ནས་ལེགས་སྒྲིག བྱེད་ནུས་ཡུལ་སྐོར་དང་འབྲེལ་ནས་སྡེབ་སྒྲིག དམངས་ཚིས་ཡུལ་སྐོར་དང་འབྲེལ་ནས་སྤེལ་བའི”རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་ཡོད།

མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཁུལ་གསར་སྐྲུན་བྱེད་པ་གོ་སྐབས་སུ་བརྩིས་ཏེ། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་དང་རྫོང་མཐུག་པའི་རིག་གནས་ཀྱི་ནང་དོན། སྣ་འཛོམས་པའི་ཡུལ་སྐོར་ཐོན་ཁུངས་བཅས་ཀྱི་ལེགས་ཆར་རྐང་ཚུགས་ཏེ། འཆར་འགོད་ཡོངས་སུ་ཁེབས་པ་དང་ཡུལ་ཁོངས་ཡོངས་འཛུགས་སྐྲུན་བྱེད་པ། ཐོན་ལས་ཡོངས་མཉམ་འདྲེས་བྱེད་པ་བཅས་ཀྱི་རྣམ་པ་གཅིག་འདོམས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་བྱེད་ཐབས་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག་གི་འཛིན་ལུང་གལ་ཆེན་དུ་བརྩིས་ནས།  ཡུལ་སྐོར་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཡུལ་སྐོར་གྱི་ཚོང་རྟགས་བསྐྲུན་པ། ཐོན་ལས་ཀྱི་རིམ་པ་མགྱོགས་པོར་སྤེལ་བ་བཅས་ལས་རིག་གནས་དང་ཡུལ་སྐོར་གྱི་བྱ་བ“ལོ་ངོ་གསུམ་ལ་རིམ་པ་གཅིག་སྤར་བ་དང་ལོ་ངོ་ལྔ་ལ་སྐས་རིམ་གཅིག་སྤོ་བའི”གོམ་སྟབས་ཆེན་པོའི་ཐོལ་བརྒལ་བྱུང་།

2020ལོར། མཚོ་བྱང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ལོ་ཧྲིལ་པོར་རིག་གནས་དང་ཡུལ་སྐོར་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཅུ་གཅིག་དང་བྱེ་བ་བརྒྱད་ས་ཡ་དགུ་བཏང་བ་དང་། རིག་གནས་དང་ཡུལ་སྐོར་ཐོན་ལས་གཉེར་བའི་ཡོང་སྒོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དགུ་ཁྲི་བརྒྱད་ལྷག་ལ་སླེབས། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་དགུ་གསུམ་འཕར། རིམ་བསགས་ཀྱིས་ཡུལ་སྐོར་པ་མི་ཐེངས་ས་ཡ་བཞི་དང་འབུམ་བདུན་ཁྲི་དགུ་སྟོང་བཞི་ལྷག་སྣེ་ལེན་བྱས་ཏེ། ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར་ཉེར་གཅིག་དང་བྱེ་བ་བཞི་ས་ཡ་བཞི་འབུམ་གཅིག་ཁྲི་བཞི་ལྷག་བླངས།

རྐང་ཚ་རྫོང་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཁུལ་དང་། མདོ་ལ་རྫོང་གི་ཨ་མྱེས་སྟོང་སོ་ལྗོངས་ཁུལ་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་བདེ་བླག་གིས་གསར་སྐྲུན་བྱས། གསེར་དངུལ་ཐང་ནས་རྡུལ་ཕྲན་མཁར་གྱི་ལྗོངས་ཁུལ་ལ་རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ་རྒྱུ་སྤུས་ཞིབ་དཔྱད་ཐོབ་ནས་རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ་གསར་སྐྲུན་གྱི་མིང་ཐོའི་གྲས་སུ་ཚུད། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དང་རྐང་ཚ་རྫོང་། ཧའེ་ཡན་རྫོང་གསུམ་རང་ཞིང་གི་ཞིང་ཆེན་རིམ་པའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཁུལ་སྐོར་དང་པོའི་གྲས་སུ་ཚུད། མིན་ཡོན་རྫོང་གི་ཅུས་དབྱང་ལུང་བའི་ལྗོངས་ཁུལ་དང་མདོ་ལ་རིང་མོའི་སྐྱེ་ཁམས་ཕྱུགས་ར། ཆི་ལེན་རྫོང་གི་བཙུན་མོ་གཞོང་གི་གནའ་མཁར་རྗེས་ཤུལ་སྤྱི་གླིང་། མདོ་ལའི་ཤྭ་གསོ་ར་བ་བཅས་ཀྱི་ལྗོངས་ཁུལ་བཞི་རྒྱལ་ཁབ་རིམ་པའིA3ལྗོངས་ཁུལ་དུ་ངོས་འཛིན་བྱས། ཧའེ་ཡན་རྫོང་གསེར་དངུལ་ཐང་གི་རྡུལ་ཕྲན་མཁར་ནི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་མཚོན་རྟེན་གཞི་རུ་བདམས།

འཆར་འགོད་ཡོངས་ལ་ཁེབས་སུ་བཅུག་སྟེ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒྲོམ་གཞི་བརྟན་པོར་བཏང་།

“སྤྱི་ཡོངས་མ་བསམས་པར་སྣ་གཅིག་ནི་འཁྱོངས་ཐབས་མེད”ཅེས་པ་ལྟར། མཚོ་བྱང་ཁུལ་གྱིས་སྟེང་གི་ཇུས་འགོད་འབུར་དུ་དོད་ནས། “ཡུལ་ཁོངས་ཡོངས་ཀྱི་བསམ་གཞིག”ཇེ་དྲག་ཏུ་བཏང་བ་དང་། “ལྗོངས་ཁུལ་ཆེན་མོ”ཡི་ལྟ་བ་བརྟན་པོར་བཟུང་སྟེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འདུ་ཤེས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཁེབས་སུ་བཅུག་པ་དང་། ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་འཁོར་དམིགས་འབེན་དཔྱད་ཞིབ་ཀྱི་ཁྱབ་ཁོངས་སུ་ཚུད་དུ་བཅུག་ནས། ཐོན་ཁུངས་མཉམ་སྡེབ་དང་ལེགས་བསྒྱུར་ཇེ་མགྱོགས་སུ་བཏང་བས། གནས་དང་ཐིག ངོས་གསུམ་མཐུན་སྦྱོར་མཉམ་སྒུལ་གྱི་འཕེལ་སྟངས་དང་བར་སྟོང་གི་རྣམ་པ་ཆགས་ཏེ་ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

2020ལོའི་ཟླ4པར། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐེངས་ལྔ་པ་བསྡུས་ནས། ཚོགས་འདུའི་སྟེང《རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་ཡར་སྐུལ་བྱས་ཏེ“ཡོངས་གསུམ”ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》དང《མཚོ་བྱང་ཁུལ་གྱི་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་བའི་ལྟ་ཞིབ་དང་ཞིབ་བཤེར། དཔྱད་ཞིབ་གསུམ་གྱི་བྱེད་ཐབས》བཏོན། ཟླ7པར། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་ཡར་སྐུལ་བྱེད་པའི་སྲོལ་ཡིག》བཀྲམ་ནས་ལག་བསྟར་བྱས། དམངས་ཆེན་གྱིས་ཁྲིམས་འཛུགས་པའི་རྣམ་པས་མཚོ་བྱང་ཁུལ་གྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། སྔ་གཞུག་ཏུ《མཚོ་བྱང་ཁུལ་གྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཆར་འགོད》དང《མཚོ་བྱང་ཁུལ་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད》སོགས་བསྒྲིགས་ནས། རིག་གནས་དང་ཡུལ་སྐོར་གྱི་འཆར་འགོད་དེ་མཁར་གྲོང་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱས། རྫོང་བཞི་པོས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཆར་གཞི་དང་ལག་བསྟར་བྱེད་པའི་བྱེད་ཐབས་སྒྲིག་བཟོའི་བྱ་བ་ཡོངས་འགྲུབ་བྱས་པས། ཡུལ་ཁོངས་ཡོངས་ལ་ཁེབས་པ་དང་གནས་རེ་རེར་ཐུག་པའི་རིག་གནས་དང་ཡུལ་སྐོར་གྱི་འཆར་འགོད་མ་ལག་ཅིག་ཆགས་ཡོད།

མཚོ་བྱང་ཁུལ་གྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཐུས་ཚབ་ཡིན་པའི་གསར་བརྗེ་རིག་གནས་ཀྱི་ཐོན་ཁུངས་དང་མདོ་ལ་རིང་མོའི་རྩྭ་ཐང་འཐུས་ཚབ་ཡིན་པའི་ལྗང་མདོག་མཐོ་སྒང་སྐྱེ་ཁམས་ཀྱི་རང་བྱུང་མཛེས་ལྗོངས། ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་འཐུས་ཚབ་ཡིན་པའི་མི་རིགས་ཡུལ་སྲོལ་གྱི་ཁྱད་ཆོས་ལྡན་པའི“མདོག་གསུམ”རིག་གནས་ཀྱི་ནང་དོན་བཅས་གཏིང་ཟབ་ཏུ་སྔོག་འདོན་བྱས་པ་དང་། “ཡུལ་སྐོར་མ་ལག་ཆེན་མོ”རིམ་སྤར་གྱི་འཐབ་ཇུས་ལག་བསྟར་བྱས་ནས། སྲོལ་རྒྱུན་གྱི་ལྟད་མོའི་ཡུལ་སྐོར་ལས་རྣམ་དེ་རྒྱུ་མང་ཅན་དང་གཞི་གཅིག་ཅན་གྱི་རིམ་པ་མཐོན་པོའི་ལས་རྣམ་དུ་འཕར་དུ་བཅུག་པ་དང་། རྣམ་པ་མི་འདྲ་བའི་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་བཞི་བསྐྲུན།

མདོ་ལ་རིང་མོའི་རྩྭ་ཐང་དང་ལེ་དབར་བརྒྱའི་ལོག་དཀར་ཞིང་ཁམས་དང་། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གསུམ་སྲོག་ཤིང་བྱས་ཏེ། “གསེར་མདོག་གི་མིན་ཡོན། མེ་ཏོག་ཞིང་ཁམས་ཀྱི་ཡུལ་སྐོར”བསྐྲུན། གདོད་མའི་སྐྱེ་ཁམས་ས་གཤིས་ཐོན་ཁུངས་དང་ཁྱད་ལྡན་གྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྲོག་ཤིང་བྱས་ཏེ“མདོ་ལ་རིང་མོའི་རི་འདབས། ལྷའི་ཞིང་ཁམས་ཡུལ་སྐོར”བསྐྲུན། མཚོ་ངོགས་བོད་མཁར་སྲོག་ཤིང་ཡིན་པ་དང་མཚོ་སྔོན་པོའི་བྱང་ངོགས་ཀྱི་ཡུལ་སྐོར་དཔལ་འབྱོར་ཞབས་ཞུ་ས་རྒྱུད་ལ་བརྟེན་ནས“བོད་མཁར་རྐང་ཚ། དྭངས་གཙང་གི་ཡུལ་སྐོར”བསྐྲུན། “མདེལ་གཉིས་སྐར་གཅིག”གི་ཕུགས་བསམ་འདུ་ཤེས་གསོ་སྦྱོང་སློབ་གསོ་སྲོག་ཤིང་བྱས་ཏེ། རོལ་དབྱངས་རིག་གནས་དང་ལུས་རྩལ་རིག་གནས་ཡུལ་སྐོར་དང་འདྲེས་སུ་བཅུག་ནས། “དྭངས་མོ་ཆུ་ཡི་ཧའེ་ཡན། རོལ་དབྱངས་སྙན་མོའི་ཡུལ་སྐོར”བསྐྲུན།

ཞིང་ཆེན་ཡོངས་ཀྱི“ས་རྒྱུད་གཅིག་དང་ལམ་ཐིག་གསུམ། ཁྱམས་རིང་གསུམ། ཡུག་གསུམ”གྱི་འཐབ་ཇུས་ཁྱབ་སྟངས་ནང་དུ་ཧུར་བརྩོན་གྱིས་འདྲེས་སུ་བཅུག་པ་སྟེ། མདོ་ལ་རིང་མོའི་མཛེས་ལྗོངས་དང་མཚོ་སྔོན་པོའི་བསྐོར་ལམ་གྱི་ཡུལ་ཁོངས་ཡོངས་ཀྱི་ལྟད་མོའི་ཁྱམས་རིང་གཉིས། གསེར་དངུལ་ཐང་ནས་རྡུལ་ཕྲན་མཁར་སོགས་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ལྗོངས་ཁུལ་བཞི་གཙོ་གནད་དུ་བརྩིས་ནས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྗོངས་ཁུལ་དང་མཚོ་སྔོན་པོ་མཐའ་འཁོར་གྱི་སྐྱེ་ཁམས་རང་བཞིན་གྱི་ལྗོངས་ཁུལ་གཉིས་བདེ་བླག་གིས་བསྐྲུན་པས། ཁ་ཐོར་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་གནས་ལམ་ཐིག་གཅིག་ཏུ་སྦྲེལ་བ་དང་ལམ་ཐིག་སྦྲེལ་ནས་ལེབ་མོར་གྱུར་པ། ལེབ་མོ་མང་པོ་ཡུག་གཅིག་ལ་འགྱུར་དུ་བཅུག

ཆི་ལེན་རྫོང་དང་རྐང་ཚ་རྫོང་གིས་སྔ་གཞུག་ཏུ་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཁུལ་བསྐྲུན་པ་སྟེ། ཆི་ལེན་རྫོང་གི་བཙུན་མོ་གཞོང་གྲོང་རྡལ་གྱི་དུང་སོ་ཆེ་བ་སྡེ་བ་སོགས་སྡེ་བ་བཞི་རྒྱལ་ཡོངས་ཀྱི་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་སྡེ་བར་བདམས་པ་དང་། ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་སྡེ་བའི་ཁ་གྲངས་ཉི་ཤུ་ལ་སླེབས། སྐར་རིམ་གྲོང་གསེབ་ཡུལ་སྐོར་གྱི་སྣེ་ལེན་གནས་བརྒྱ་དང་གཅིག་ཡོད། འདི་དག་ཚང་མས་མཚོ་བྱང་གི་རིག་གནས་དང་ཡུལ་སྐོར་དེ“ལྗོངས་ཁུལ་ཡུལ་སྐོར”ནས“ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར”ལ་མགྱོགས་མྱུར་གྱིས་འགྱུར་བཞིན་པ་མཚོན་ཡོད།

ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཛུགས་སྐྲུན་བྱས་ཏེ་རིག་གནས་དང་ཡུལ་སྐོར་སྒྲིག་བཀོད་ཀྱི“རིམ་འཕར”ལ་སྐུལ་འདེད་བཏང་།

“ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཛུགས་སྐྲུན་བྱེད་དགོས་ན་འགན་ནུས་སྡེ་ཁག་སོ་སོས་རང་རང་ས་ནས་སྒྲུབ་པ་དང་ལས་གཞི་ལག་བསྟར་བྱེད་པའི་ཐར་ཐོར་གྱི་ལས་ཕྱོགས་དོར་ནས། ཁྱོན་ཡོངས་དང་ཡུལ་ཁོངས་ཡོངས་ཀྱི་མ་ལག་གིས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་སྟག་ཚེ་རྒྱལ་གྱིས་དེ་ལྟར་བཤད།

མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྒྲིག་བཀོད་དང་སྐྱེ་ཁམས་དག་ཐེར་བཅོས་སྐྱོང་། གྲམ་པ་དག་ཐེར་བཅོས་སྐྱོང་། མཁར་གྲོང་གི་རྣམ་པ་བསྒྱུར་བ་སོགས་ཀྱི་ལས་གཞི་སྡེབ་གཅིག་ཏུ་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ལས་གཞི་མཛོད་ནང་དུ་བཞག་སྟེ། 《མཚོ་བྱང་ཁུལ་གྱི་རྫོང་སོ་སོ་དང་ཁུལ་ཐད་གཏོགས་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་བའི་ལས་འགན་ཏེ་ལོ་ངོ་གསུམ་གྱི་རིམ་སྤར་ལས་གཞིའི་དབྱེ་ཕྲལ་རེའུ་མིག(2017ལོ་ནས2019ལོའི་བར)》གཏན་འབེབས་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་ཕུགས་བསམ་འདུ་ཤེས་ཀྱི་སློབ་གསོ་སློབ་གླིང་དང་མཚོ་སྔོན་པོའི་སྐྱེ་ཁམས་བཤམས་སྟོན་ཁང་། མདའ་བཞི་དམངས་སྲོལ་སྡེ་བ། མདོ་ལ་རིང་མོའི་སྐྱེ་ཁམས་ཕྱུགས་ར། ལྷ་ཡུལ་ལྟ་བུའི་མདོ་ལའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད། རྐང་ཚ་རྫོང་གི་འོམ་ཆུའི་གསེར་ཉའི་གཞིས་ཁྱིམ། ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན་སོགས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་བྱེ་བ་གཉིས་ས་ཡ་ལྔ་བཏང་བའི་རིག་གནས་དང་ཡུལ་སྐོར་གྱི་གཙོ་གནད་ལས་གཞི་སྐོར་ཞིག་ཡོངས་འགྲུབ་བྱས།

སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་བ་ལྡིང་ཆུ་བོའི་གྲོག་རོང་ཆེན་མོའི་ནགས་ཚལ་སྤྱི་གླིང་། ཁྱིམ་ཚང་སྤྲོ་གསེང་ར་བ་སུམ་བརྒྱ་སོ་བདུན། ནོར་དཀར་སྤྱི་གླིང་། ནགས་ཚལ་ཁམས་གསོ་ཡུལ་སྐོར་རྟེན་གཞི་སོགས་ཞིང(ཕྱུགས)ལས་ཡུལ་སྐོར་གྱི་དཔེ་སྟོན་བཟོ་འགོད་སྐོར་ཞིག“གནས”སུ་བརྩི་བ་དང་། “གངས་འཁྱགས་གྲོང་རྡལ”དང“འཕུར་བསྐྱོད་གྲོང་རྡལ”“ནགས་ཚལ་གྲོང་རྡལ”སོགས་ཀྱི་ཁྱད་ལྡན་གྲོང་རྡལ་སྐོར་ཞིག་བསྐྲུན་པ“ངོས”སུ་བརྩིས་ནས། གནས་ངོས་ཟུང་སྦྲེལ་སྒོས་ལྗོངས་ཁུལ་དང་གྲོང་རྡལ་གཞི་གཅིག་དང་མཁར་གྲོང་གི་གཞི་གཅིག་མངོན་འགྱུར་བྱས། བགྲོད་ལམ་གྱི་ལམ་བར་དང་ལྗོངས་ཁུལ་གྱི“གསང་སྤྱོད་ཁང་གི་བཅོས་བསྒྱུར”ཡོངས་འགྲུབ་བྱས་ཏེ། གསང་སྤྱོད་ཁང་ལྔ་བརྒྱ་ང་བདུན་གསར་སྐྲུན་དང་བསྐྱར་སྐྲུན་བྱས།

ཀན་སུའུ་ཞིང་ཆེན་དང་ཉེ་བའི་གནས་ཡུལ་གྱི་ལེགས་ཆར་བརྟེན་ནས། “ཀན་སུའུ་དང་མཚོ་སྔོན་གྱི་ཡུལ་སྐོར་བསྐོར་ལམ་ཆེན་མོ”དང་ཧུར་བརྩོན་གྱིས་འདྲེས་སུ་བཅུག་སྟེ། མཚོ་བོད་ལྕགས་ལམ་གྱི་མཐའ་འཁོར་དང་མཚོ་སྔོན་པོ་མཐའ་འཁོར་ས་ཁུལ་གྱི་ལེགས་ཆས་ཕན་ཚུན་དུ་ཁ་གསབ་བྱེད་པའི་ཡུལ་སྐོར་ཆེན་མོའི་ས་རྒྱུད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས།

མཚོ་བོད་ལྕགས་ལམ་དང་ལན་ཞིན་མྱུར་བགྲོད་ལྕགས་ལམ། རྒྱལ་ལམ315དང227། ཞིང་ཆེན་གཞུང་ལམ་གྱི་ཙོང་ཀྱ་གཞུང་ལམ། ཆི་ལེན་གནམ་གྲུ་ཐང་སོགས་རིམ་པ་མཐོན་པོའི་གཞུང་ལམ་དང་ལྕགས་ལམ(མྱུར་བགྲོད་ལྕགས་ལམ) མཁའ་འགྲུལ་བཅས་གཞི་གཅིག་ཡིན་པའི་ལངས་གཟུགས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ཆགས་སྟངས་གྲུབ་ཡོད་ལ། ནུབ་མཚོ་ནས་ཚ་ཧན་ནོ་བར་གྱི་གཞུང་ལམ་དང་ཕེན་མིན་མགྱོགས་ལམ་ལས་བཞིན་པའི་སྒང་ཡིན། དེ་དག་གིས་ཁུལ་ནང་རོལ་གྱི་རྫོང་བཞི་པོའི་ཡུལ་སྐོར་བསྐོར་ལམ་མཐུད་པ་དང་ཁུལ་ཕྱི་རོལ་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ། མཚོ་ལྷོ་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀྲང་ཡེ་གྲོང་ཁྱེར་བཅས་ཀྱི་ཡུལ་སྐོར་བསྐོར་ལམ་དང་འདྲེས་ཡོད།

“རྨི་ལམ་ཞིང་ཁམས་མཚོ་བྱང་གི་བརྩེ་ཆེན་ཡུལ་སྐོར”གྱི་ཉིན་བཞིའི་ཡུལ་སྐོར་དང་ཀྲུང་གོའི་རྡུལ་ཕྲན་མཁར་གྱི་གསང་བ་ལྐོག་གྱུར་འཚོལ་བའི་ཡུལ་སྐོར་གྱི་ཉིན་གཉིས་ཀྱི་ཡུལ་སྐོར། མདོ་ལ་རིང་མོའི་མཛེས་ལྗོངས་རྒྱུད་ཀྱི་ཁམས་གསོ་ཡུལ་སྐོར་གྱི་ཉིན་གསུམ་གྱི་ཡུལ་སྐོར། མཚོ་སྔོན་པོའི་སྤྲོ་གསེང་ཡུལ་སྐོར་གྱི་ཉིན་བཞིའི་ཡུལ་སྐོར། ཀན་སུའུ་མཚོ་སྔོན་གྱི་བསྐོར་ལམ་ཆེན་མོའི་མཚོ་བྱང་སྐྱེ་ཁམས་ཡུལ་སྐོར་གྱི་ཉིན་གསུམ་གྱི་ཡུལ་སྐོར་སོགས་ཡུལ་སྐོར་རྩེ་གྲས་ལམ་ཐིག་ལྔ་གཅིག་རྗེས་གཉིས་མཐུད་དུ་གསར་སྤེལ་བྱས་པར་མ་ཟད། གཞུང་ལམ་གྱི་ལམ་ཐིག་གཙོ་བོའི་ཡུལ་སྐོར་མཛེས་ལྗོངས་བཟོ་འགོད་དང་སྐྱེ་ཁམས་རླངས་འཁོར་འཇོག་ས་སོགས་ཀྱི་ཞབས་ཞུ་སྒྲིག་བཀོད་སྡེབ་སྒྲིག་དང་འཛུགས་སྐྲུན་བྱས་པ་དང་། ཡུལ་སྐོར་བགྲོད་ལམ་གྱི་མཚོན་རྟགས་འཐུས་ཚང་དུ་བཏང་བས་ལྗོངས་ཁུལ་དུ་ཐོན་པའི་ནུས་པ100%ལ་སླེབས།

ཐོན་ལས་ཡོངས་རྫོགས་མཉམ་འདྲེས་བྱས་ཏེ། རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས“སྒོར་མོ”རུ་བསྒྱུར་བ།

མཚོ་བྱང་ཁུལ་གྱིས“ཡུལ་སྐོར”གྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། ཞིང་ཕྱུགས་ལས་དང་རིག་གནས། དྲ་སྦྲེལ། དབུལ་སྐྱོར་སོགས་ཀྱི་རྒྱུ་ཆ་གཅིག་བསྡུས་བྱས་པ་དང་། ཡུལ་སྐོར་ཐོན་ཁུངས་ཀྱི“མཚམས་བརྒལ་མཉམ་བསྲེས”དང་ཐོན་ལས་འདྲེས་སྦྱོར་གྱི“རྫས་འགྱུར་ཚུར་སྣང”བྱུང་དུ་བཅུག་པས། ཐོན་ཁུངས་སྔར་ལས་མང་པོ་ཞིག་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་སུ་བསྒྱུར་བ་དང་། “སྔོ་ལྗང་ལས་གསེར་འཚོལ་བ་དང་ལྗོངས་ཁུལ་ལས་དངུལ་འཚོལ་བ”མངོན་འགྱུར་བྱས།

ལོག་དཀར་དང་ཤ་མོ། གྲོ་མ། ནོར་དཀར་སོགས་གཙོ་བོ་ཡིན་པའི་ཁྱད་ལྡན་ཕྱུགས་རྒྱུད་གསོ་སྤེལ་རྟེན་གཞི་བཙུགས་ཏེ། “ཀྲུང་གོའི་ཆེས་མཛེས་པའི་ལོག་དཀར་མེ་ཏོག་གི་ཞིང་ཁམས”དང“མཚོ་སྔོན་གྱི་ཤ་མོའི་ཕ་ས།”“གྲོ་མ་འདེབས་འཛུགས་དཔེ་སྟོན་རྟེན་གཞི།”“མཐོ་སྒང་གི་ཧའོ་ཡན་ཧྲེན་འདེབས་འཛུགས་རྟེན་གཞི”སོགས་ཀྱི་ཁྱད་ལྡན་འདེབས་གསོ་ཚོང་རྟགས་གྲགས་ཅན་རེ་བཞི་བཙུགས། ལྗང་མདོག་སྐྱེ་ལྡན་གྱི་གྲུབ་ཆ་འབུར་དུ་དོད་དེ་ལོག་དཀར་དང་འབྲོག་ལུག ནོར་གནག་སོགས་ཀྱི་ཞིང་ཕྱུགས་ཐོན་རྫས་གཙོ་བོ་བྱས་ཏེ་ཐོན་ལས་བསྐྲུན་པ་དང་། ཐོན་ལས་སྦྲེལ་ཐག་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ་དང་རྒྱུན་བསྲིངས་བྱས་ནས། ཡུལ་ཁོངས་ཀྱི་མཁར་རྫོང་གཏོར་བ་དང་། ཞིང་ལས་གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་ཞིང་ལས་ལྟད་མོའི་ཚོང་གཉེར། གདོད་མའི་སྐྱེ་ཁམས་ཕྱུགས་ལས་དེ་ལྟད་མོའི་ཞིང་ཕྱུགས་ལས་དང་སྤྲོ་གསེང་ཞིང་ཕྱུགས་ལས། ཉམས་ལེན་ཅན་གྱི་ཞིང་ཕྱུགས་ལས་བཅས་དང་ཕན་ཚུན་ཟུང་འབྲེལ་ཡིན་པའི་ཐོན་འདོན་བཙོང་གསུམ་གྱི་སྐྱེ་ལྡན་སྦྲེལ་ཐག་མངོན་འགྱུར་བྱས།

རྩྭ་ཐང་རིག་གནས་དང་གངས་འཁྱགས་རིག་གནས། དམངས་སྲོལ་རིག་གནས། མཐོ་སྒང་གི་ཞིང་ལས་རིག་གནས་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་ངོམས་ཅི་ཐུབ་བྱས་ཏེ། མིན་ཡོན་གྱི་ལོག་དཀར་རིག་གནས་ཡུལ་སྐོར་དུས་ཆེན་དང་ཧའེ་ཡན་གྱི་ཝང་ལའོ་པེན་རིག་གནས་ཡུལ་སྐོར་དུས་ཆེན་སོགས་ཞིང་ཆེན་ཕྱི་ནང་དུ་སྙན་གྲགས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་སྐོར་ཞིག་བདེ་བླག་ངང་བསྐྲུན། གཟུགས་འདས་ཤུལ་བཞག་རིག་གནས་དང་དམངས་སྲོལ་རིག་གནས། དམངས་ཁྲོད་ལག་རྩལ་བཅས་གཙོ་བོ་བྱས་ཏེ་ཐང་ག་དང་ལུག་པགས་རི་མོ། ནོར་རྭའི་ཐོན་རྫས་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཚོང་རྫས་བཞི་བཅུ་ལྷག་གསར་སྤེལ་བྱས།

“དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས”ནས་མཉམ་འདྲེས་ཕྱིར་འཚོང་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཀུན་འདུས་སྨྱན་བྱད་ཀྱི་བརྙན་ཐུང་བེད་སྤྱོད་གང་ལེགས་བྱས་ཏེ། གསར་འགོད་པ“ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར། རྨི་ལམ་ཞིང་ཁམས་ཀྱི་མཚོ་བྱང”དུ་བསྐྱོད་པ་དང་། མཚོ་བྱང་ཡུལ་སྐོར་གྱི་རྫོགས་ལྡན་གཟའ་འཁོར་གྱི་འོས་སྦྱོར་འདུ་ཚོགས། “ཧྲན་ཏུང་པ་འབུམ་གཅིག་མཚོ་བྱང་དུ་ཡུལ་སྐོར་བྱེད་པ”སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ། “རབ་མཛེས་མཚོ་སྔོན། སྤྲོ་འཕེལ་མཚོ་བྱང”གི་དྲ་སྟེང་གི་ཕྱིར་འཚོང་བྱ་འགུལ་སྤེལ་ནས། “རྨི་ལམ་ཞིང་ཁམས་ཀྱི་མཚོ་བྱང”གི་སྤུས་ལེགས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་གཅིག་བསྡུས་སྒོས་འོས་སྦྱོར་བྱས་པས། དྲ་ངོས་ནས་བརྗོད་དོན་དེའི་གཏོང་ཐེངས་ཁྲི་ཉིས་སྟོང་ལས་བརྒལ། སྤྲིན་སྣེའི་ཀྲུང་གོའི་ཡུལ་སྐོར་ཞེས་པའི་ལེ་ཚན་རབ་དང་རིམ་པའི་ཁྲོད་ནས་མཚོ་བྱང་གི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་བརྩམས་ཆོས་ལ་རིམ་བསགས་ཀྱིས་ལྟ་མཁན་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གསུམ་ཁྲི་དགུ་སྟོང་གསུམ་ལྷག་ལ་སླེབས།

རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱིས་མང་ཚོགས་རྣམས“ཡུལ་སྐོར་རླངས་འཁོར”ལ་སྡོད་དུ་བཅུག་པ་དང“སྐྱེ་ཁམས་ཟ་མ”ཟ་རུ་བཅུག་ནས་ཕྱུག་འགྱུར་གྱི་ལམ་ལ་བསྐྱོད་དུ་བཅུག ཐོན་ལས་དབུལ་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས་མཚོ་བྱང་ཁུལ་གྱིས“ཡུལ་སྐོར་དང་རི་ཆུ་བར་གྱི་ཞིང་ཁ། ཁྱད་ལྡན་བཟའ་བཏུང”དང“ཡུལ་སྐོར་དང་ཁྱད་ལྡན་ཡུལ་སྲོལ་གྲོང་རྡལ། ཁྱད་ལྡན་འགྲུལ་ཁང་།” “ཡུལ་སྐོར་དང་ཡུལ་ཐོན་དངོས་རྫས་ཀྱི་ཚོང་ལས། རྩལ་ནུས་གསོ་སྦྱོང”སོགས་ཀྱི་ཡུལ་སྐོར་གནད་ཁེལ་དབུལ་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱས། “ཡུལ་སྐོར་ལྗོངས་ཁུལ་དང་སྣེ་ཁྲིད་ཁེ་ལས། ཆེད་ལས་མཉམ་ལས་ཁང་། དབུལ་ཕོངས་ཁྱིམ་ཚང”བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་གནད་ཁེལ་དབུལ་སྐྱོར་བྱེད་སྟངས་འཚོལ་སྙེག་བྱས་ཏེ། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་གསོན་ཤུགས་ལྡན་པར་བཏང་བ་དང་། ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡུལ་སྐོར་ལ་ཞུགས་ཏེ་ཕྱུག་པོར་འགྱུར་བར་རོགས་རམ་བྱས། མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གཅིག་འབུམ་དགུ་ཁྲི་བདུན་བཏང་ནས་ཞིང་ཆེན་རིམ་པའི་ཡུལ་སྐོར་དབུལ་སྐྱོར་སྡེ་བ་བཅུ་དྲུག་དང་སྐར་རིམ་ཞིང་པའི་སྤྲོ་སྐྱིད་ཁང་བརྒྱ་དང་ཉེར་དགུ་བཙུགས་ནས། རིམ་བསགས་ཀྱིས་དབུལ་ཕོངས་ཁྱིམ་ཚང་དགུ་བརྒྱ་དོན་དྲུག་གི་མང་ཚོགས་སྟོང་གསུམ་བརྒྱ་དང་དོན་ལྔ་ལ་སྣེ་ཁྲིད་ནས་མི་རེར་ཆ་སྙོམས་ཀྱིས་ཡོང་སྒོ་སྒོར་སྟོང་གཅིག་དང་སུམ་བརྒྱ་རེ་འཕར་དུ་བཅུག  དབུལ་ཕོངས་མང་ཚོགས་སྟོང་གཉིས་དང་ཉིས་བརྒྱ་ལྷག་གིས་སྐྱེ་ཁམས་མཉམ་དུ་སྲུང་བ་དང་ཡུལ་སྐོར་ཁེ་ཕན་མཉམ་སྤྱོད་ཀྱི་ཁེ་ཕན་མཉམ་སྦྲེལ་གྱི་ནང་རྐྱེན་བརྒྱུད་ནས། “སྐྱེ་ཁམས་ཀྱི་ཡུལ་སྐོར་ཟ་མ”བཟའ་ཐུབ་པ་བྱུང་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།