རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ངེས་པར་དུ་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་བྱ་དགོས།
2021.07.19 ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ཀློག་གྲངས། 13

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

     མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ། 

“རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ལ་མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་མཆོག་ནོར་གལ་ཆེན་ཞིག་རེད”།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ངོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བཏོད་པའི་རླབས་ཆེན་གྲུབ་འབྲས་ལ་ཕྱིར་དྲན་ཟབ་མོ་གནང་སྟེ། “ལོ་རྒྱུས་དཔྱད་གཞིར་བཟུང་ནས་མ་འོངས་པ་གསར་གཏོད་བྱེད་པར་ངེས་པར་དུ་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་བྱ་དགོས”ཞེས་ནན་བཤད་གནང་ཡོད།

ཀྲུང་གོ་མི་དམངས་ནི་རླབས་ཆེན་གྱི་མཐུན་སྒྲིལ་གྱི་སྙིང་སྟོབས་ལྡན་པའི་མི་དམངས་ཡིན། ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཀྲུང་གོ་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྡོག་རྩ་གཅིག་སྒྲིལ་དང་དཀའ་བ་མཉམ་སེལ། ལྷག་པར་དུ་ཉེ་རབས་ཚུན་དུ་ཕྱི་རྒྱལ་གྱི་བཙན་འཛུལ་ཚབས་ཆེ་བའི་ཛ་དྲག་གི་གནས་བབ་འོག རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་དཔུང་པ་མཉམ་གཤིབ་དང་། དཔའ་ངར་ཆེན་པོས་འབད་འཐབ། ཁྲག་བཏོན་དམར་འཛིང་བཅས་བྱས་ཏེ། གདུག་རྩུབ་ཧ་ཅང་ཆེ་བའི་བཙན་འཛུལ་པ་མཐའ་དག་ཕམ་པར་བྱས་པ་དང་། མི་རིགས་རང་བཙན་དང་རང་དབང་སྲུང་སྐྱོབ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱིས་མེས་རྒྱལ་སྲུང་སྐྱོབ་དང་ཕྱི་རྒྱལ་གྱི་བཙན་འཛུལ་དང་གཉའ་གནོན་འགོག་པའི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་ཅིག་མཉམ་དུ་བརྩམས་ཡོད། ལོ་ངོ་བརྒྱའི་རིང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རླབས་ཆེན་གྱི་འགྲོ་ལམ་བཏོད་པ་དང་། རླབས་ཆེན་གྱི་བྱས་རྗེས་བཞག་པ། རླབས་ཆེན་གྱི་སྙིང་སྟོབས་བཏོད་པ། ཉམས་མྱོང་རྩ་ཆེན་བསགས་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་ལོ་རྒྱུས་ཐོག་བརྗིད་ཆགས་ཡིད་འོང་གི་ལེའུ་ཞིག་བརྩམས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་གནས་བབ་གལ་ཆེན་ཐོག་བཞག་ནས། ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། སྐོང་འཐེན་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐོང་འཐེན་བཅས་བྱས་ནས། ཐུན་མོང་འབད་འཐབ་ཀྱི་སྟོབས་ཤུགས་དེ་ཚད་གཞི་མཐོན་པོས་གཅིག་ཏུ་བསྒྲིལ་ཡོད”ཅེས་གསུངས་པ་རེད། འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ཆབ་སྲིད་ཀྱི་དགེ་མཚན་དང་འཐབ་ཇུས་ཀྱི་བྱེད་ཕྱོགས་ཤིག་དང་། གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་བྱ་གཞག་ལ་རྒྱལ་ཁ་ལེན་པའི་མཆོག་ནོར་གལ་ཆེན་ཞིག  ཏང་གི་གྲལ་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེར་གཏོང་བ། ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ་བཅས་ཀྱི་མཆོག་ནོར་གལ་ཆེན་ཞིག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་མཆོག་ནོར་གལ་ཆེན་ཞིག་བཅས་ཡིན་པ་ལག་ལེན་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད།

མཐུན་སྒྲིལ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད། ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་ལྟ་སྐབས། མཐུན་སྒྲིལ་གཅིག་གྱུར་གྱི་ཀྲུང་ཧྭ་མི་རིགས་ནི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་ཐུན་མོང་རྩ་བ་དང་། རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་ནི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་ཐུན་མོང་གི་བླ་སྲོག ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་ཐུན་མོང་ཕུགས་འདུན་བཅས་ཡིན་པ་ང་ཚོར་ངོས་འཛིན་གཏིང་ཟབ་བྱུང་ཡོད། ཐུན་མོང་གི་རྩ་བ་ལས་ང་ཚོའི་བརྩེ་བ་ཇེ་ཟབ་ཏུ་འགྲོ་བ་དང་། ཐུན་མོང་གི་བླ་སྲོག་གིས་ང་ཚོའི་སེམས་པ་གཅིག་ཏུ་སྦྲེལ་བ། ཐུན་མོང་གི་ཕུགས་འདུན་གྱིས་ང་ཚོའི་བློ་སེམས་གཅིག་མཐུན་བྱུང་ཡོད། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཟམ་མི་ཆད་པར་སྐྱེད་སྲིང་དང་ལག་བསྟར་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཚེ། ང་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་ཐུབ་པ་དང་། ཀྲུང་ཧྭའི་བུ་བུ་མོས་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་ཀྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་ཐུབ་པ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ལེའུ་གསར་པ་ རྩོམ་ཐུབ་ངེས་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་ཡོངས་ཁྱབ་ཏུ་གཅིག་སྒྲིལ་བྱེད་པ།  གནམ་འོག་གི་ཤེས་ལྡན་པ་གཅིག་སྡུད་བྱེད་པ། མཐུན་རྐྱེན་ལེགས་པོ་འཚོལ་ཞིབ་བྱེད་པ། ཀུན་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པའི་གསོན་ཉམས་དོད་པའི་རྣམ་པ་ཆགས་པར་བྱས་ནས། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས”ཞེས་ནན་བཤད་གནང་ཡོད། དེང་སྐབས་འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དམིགས་འབེན་མངོན་འགྱུར་བྱེད་པའི་བར་ཐག་ཇེ་ཉེར་འགྲོ་བ་དང་བསྟུན་ནས་གནས་བབ་དེ་བས་རྙོག་འཛིང་ཆེ་བ་དང་། ལས་འགན་དེ་བས་དཀའ་ཚེགས་ཆེ་བས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དེ་བས་འདོན་སྤེལ་བྱས་ཏེ། ཕྱོགས་གང་ཅིའི་ཐད་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་ འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པར། ང་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་གཏོང་བ་དང་། ཏང་ཁག་སོ་སོ་དང་། ཚོགས་པ་སོ་སོ།  མི་རིགས་ཁག་བཅས་དང་དེ་བཞིན་ཕྱོགས་གང་ཅིའི་ཐད་ཀྱི་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། མི་དམངས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས། ཀྲུང་གོ་མི་དམངས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་འགོག་ཐབས་མེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་གོམ་སྟབས་འགོག་ཐབས་མེད།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་ཚུགས་ནས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་དུང་བརྡ་གྲགས་ཟིན། དེ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ངང་མདུན་སྐྱོད་བྱས་ནས། ཀྲུང་ཧྭའི་ཤེས་དཔལ་གྱི་འོད་སྟོང་འཕྲོ་བའི་ལེའུ་གསར་པ་རྩོམ་པའི་རླབས་ཆེན་གྱི་དུས་རབས་ཤིག་རེད།  ཀྲུང་གོ་མི་དམངས་ཀྱི་ཁོངས་མི་ཚང་མ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁོངས་མི་ཚང་མས་རླབས་ཆེན་གྱི་དུས་རབས་འདི་འདྲ་ཞིག་ཏུ་གནས་པར་སྤོབས་པ་ཆེན་པོ་སྐྱེས་འོས་པ་ཞིག་རེད། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་དང་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་བྱེད་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། མུ་མཐུད་དུ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱེད་པ། དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བཅས་བྱས་ཚེ། ང་ཚོས་མིའི་རིགས་ཀྱི་རླབས་ཆེན་དུས་སྐབས་ཀྱི་ལོ་རྒྱུས་ཁྲོད་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ལོ་རྒྱུས་ཀྱི་དུས་སྐབས་མུ་མཐུད་དུ་གཏོད་ཐུབ་ངེས་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།