སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ།
“ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ལ། ཏང་ཀྲུང་དབྱང་གིས་ཁྱེད་ཚོར་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་བ་དང་། ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ། ཏང་གི་དམིགས་འབེན་ལག་བསྟར་བྱེད་པ། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་ལས་ཀ་བྱེད་པ། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ཏེ་མཛེས་སྡུག་གི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྨོན་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱས་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས”ཞེས་འབོད་སྐུལ་གནང་ཡོད།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གདེང་ཚོད་ཆེན་པོ་དང་བློ་གཤོག་ཆེན་པོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་བརྗིད་ཉམས་ཆེན་པོའི་ངང་ཁྱབ་བསྒྲགས་གནང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་ཆོད་སེམས་བརྟན་པོ་ཁྱབ་བསྒྲགས་གནང་ཤིང་། ལོ་རྒྱུས་དཔྱད་གཞིར་བཟུང་ནས་མ་འོངས་པ་གསར་གཏོད་བྱེད་པའི“ངེས་པར་དགུའི”རྩ་བའི་བླང་བྱར་གསལ་འགྲེལ་གཏིང་ཟབ་གནང་བ། ཏང་ཀྲུང་དབྱང་གི་ཚབ་མཛད་ནས་ཏང་ཡོན་ཡོངས་ལ་ཏང་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་ཆེན་པོ་གནང་བས། ཏང་ཡོངས་ཀྱི་བློ་མཐུན་ཚོར་བབ་བསྟུན་འཕྲལ་སྒྲུབ་དང་། ཡང་འབད་བསྐྱར་འབད། རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་དུ་ཏང་དང་མི་དམངས་ལ་བྱས་རྗེས་འཇོག་པའི་ལྕག་སྐུལ་ཚད་མེད་ཐེབས་ཡོད། མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གསུང་བཤད་ཀྱི་མགོ་མཇུག་བར་གསུམ་དུ་ཁྱབ་པའི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་དགོས། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་དཔྱད་གཞིར་བཟུང་ནས་མ་འོངས་བ་གསར་གཏོད་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་ཡིན། གསུང་བཤད་ཀྱི་དོན་སྙིང་གལ་ཆེན་དང་། གཏིང་ཟབ་པའི་ནང་དོན། དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་བསྒྲགས་དང་། རླབས་ཆེན་གྱི་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་དར་སྤེལ། དཔའ་མཛངས་རྟུལ་ཕོད་ཀྱི་སྟོབས་ཤུགས་སྐུལ་སློང་བཅས་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་སྟེང་ངོ་མཚར་གྱི་བྱས་རྗེས་དེ་བས་ཆེ་བ་བསྐྲུན་དགོས།
ལོ་བརྒྱའི་རིང་དཀའ་སྤྱད་འབད་བརྩོན་དང་དཀའ་སྡུག་ཚད་མེད་མྱངས་ནས་འོད་སྟོང་འཕྲོ་བའི་བྱས་རྗེས་བསྐྲུན་ཡོད། ལོ་བརྒྱའི་གོང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་པའི་སྐབས་ཏང་ཡོན50ལྷག་ཙམ་ལས་མེད། ད་ལྟ་ཏང་ཡོན་བྱེ་བ་དགུ་ས་ཡ་ལྔ་ལྷག་ཙམ་ཡོད་པ་དང་། མི་གྲངས་དུང་ཕྱུར14ལྷག་ཙམ་ཟིན་པའི་རྒྱལ་ཁབ་ཆེན་པོར་འགོ་ཁྲིད་བྱེད་བཞིན་ཡོད་པས། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་སྲིད་སྐྱོང་ཏང་ཆེན་པོ་ཨང་དང་པོར་གྱུར་ཡོད། ལོ་བརྒྱའི་གོང་། འཛམ་གླིང་གི་མདུན་དུ་མངོན་པའི་ཀྲུང་ཧྭ་མི་རིགས་ནི་ཉམས་རྒུད་ཀྱི་རྣམ་པ་ཞིག་ཡིན་ཞིང་། ད་ལྟ་འཛམ་གླིང་གི་མདུན་དུ་མངོན་པའི་ཀྲུང་ཧྭ་མི་རིགས་ནི་ཡར་ངོའི་ཟླ་ལྟར་དར་རྒྱས་གོང་འཕེལ་འགྲོ་བཞིན་པའི་རྣམ་པ་ཞིག་ཡིན་པས། འགོག་ཐབས་བྲལ་བའི་གོམ་པ་བརྟན་པོ་སྤོས་ནས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། འདས་ཟིན་པའི་ལོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་སྤྲད་ཡོད། ད་ལྟ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་འབུལ་གྱི་ལམ་བུ་གསར་པར་སླར་ཡང་སྐྱོད་འགོ་ཚུགས་ཡོད།
རྒྱུགས་འབུལ་གྱི་ལམ་བུ་གསར་བའི་སྟེང་ཏང་དང་མི་དམངས་ལ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུར་འཕྲོ་བ། དད་སེམས་དང་ཡིད་ཆེས་བཅས་ཇེ་བརྟན་དུ་གཏོང་བ། ནམ་ཡང་ཏང་ལ་ཡིད་ཆེས་དང་། དགའ་ཞེན། ཏང་གི་དོན་དུ་འབད་པ། རང་འཁྲིའི་ལས་གནས་སུ་དཀའ་སྤྱད་འབད་འབུངས་དང་བླ་ན་མེད་པའི་ཕུགས་བསམ་དོན་གཉེར་བྱེད་པའི་ལག་ལེན་ལ་བརྟེན་ནས་ཟམ་མི་ཆད་པར་མདུན་སྐྱོད་བཅས་བྱེད་དགོས། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་བ་དང་། མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་མིའི“བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན”པའི་བླ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་པའི་དམ་བཅའ་འཇོག་དགོས། གསར་བརྗེ་མཐར་ཕྱིན་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་རྒྱུན་མཐུད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཕོད་པ་བྱེད་དགོས། མུ་མཐུད་ནས་རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་པའི་གནད་དོན་མཐའ་དག་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་པ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་མི་ཉམས་པ་བཅས་བྱས་ནས། ང་ཚོའི་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མདུན་སྐྱོད་ཀྱི་ལམ་བུར་ཏང་གི་འབད་འཐབ་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་བརྟེན་ནས་ངར་སེམས་འཕེལ་བ་དང་ཁ་ཕྱོགས་ལ་ཁྲིད་སྟོན་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་དད་སེམས་ཇེ་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དང་ལག་ལེན་གསར་གཏོད་ལ་བརྟེན་ནས་བློ་སྒོ་འབྱེད་པ་དང་གཤིས་རྒྱུད་ལ་ཞུན་བརྡར་བཅས་བྱས་ཏེ། སྔ་འཛིན་ཕྱི་གཏོད་དང་གསར་གཏོད་ཡར་བརྩོན་བྱས་ཚེ། ང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་རྔུལ་ཁྲག་བཏོན་པ་དང་རང་སྲོག་བློས་བཏང་ནས་བྱུང་བའི་གསར་བརྗེའི་རྒྱལ་སྲིད་སྲུང་སྐྱོབ་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱེད་ཐུབ་པ་བྱས་ནས། གསར་བརྗེའི་སྔོན་བྱོན་པའི་རེ་བ་ཆུད་ཟོས་སུ་མི་གཏོང་བ་དང་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་བསྐྲུན་ཐུབ་ངེས་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལས་ལ་གཞོལ་བའི་ལོ་བརྒྱ་ནི་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པ་ཞིག་རེད”ཅེས་ནན་བཤད་གནང་ཡོད། ང་ཚོས་དཀའ་སྤྱད་འབད་འཐབ་དང་དཀའ་ངལ་ཁྱད་བསད་ཀྱིས་རི་ཀླུང་མང་པོ་བརྒལ་ཡོད། ང་ཚོས་ད་དུང་མུ་མཐུད་དུ་དཀའ་སྤྱད་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་སྔར་བས་འོད་སྟོང་འཕྲོ་བའི་བྱས་རྗེས་བསྐྲུན་དགོས། རྒྱང་སྐྱོད་ཀྱི་ལམ་ཐག་རིང་བས་འབད་འཐབ་དེ་བས་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ནམ་ཡང་འབད་འཐབ་ལྷོད་མེད་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།