ང་རང་ཏང་ནང་དུ་ཞུགས་འདོད།
2021.07.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཆུ་མགོ་ཐང་ཆེན་གྱི་ནམ་མཁའ་སྔོ་ཞིང་བསངས་ལ་སྤྲིན་དཀར་གྱི་འདབ་མ་རྒོད་ཅིང་། མཛེས་ཤིང་ལྟ་ན་སྡུག་པའི་རྒྱལ་དར་ལྷབ་ལྷུབ་ཏུ་སྐྱོད་ཀྱིན་ཡོད། རྒྱལ་དར་གྱི་འོག་ཏུ། ལྭ་བ་དཀར་པོ་གྱོན་པའི“ཕོ་ཉ”ཚོ་སྦྲ་གུར་གྱི་བར་དུ་བྲེལ་འཚུབ་ཀྱིས་ཁེངས་འདུག ཉེ་སར་བཅར་ནས་བལྟས་ཚེ། སྦྲ་གུར་སྟེང་གི་མདོག་དམར་པོའི་ངོས་འཛིན་བྱང་བུ་ཐོག་ཏུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ཚན་ཁག་གི་མིང་སྟེ། བྱིས་ནད་ཚན་ཁག་དང་གནམ་ཁབ་རྒྱག་ས། དངུལ་བསྡུ་ས། སྨན་ལེན་ས་སོགས་བྲིས་འདུག

སྦྲ་གུར་རེ་རེ་དེད་ནས་གནས་སྐབས་ཀྱི་འགོག་སྨན་རྒྱག་སར་སོང་ཚེ། ཁང་པའི་ནང་དུ་ཅོག་ཙེ་གཅིག་དང་རྐུབ་སྟེགས་རིང་པོ་གཅིག་ཡོད། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་འཇུ་བྱེད་ཚན་ཁག་ནས་ཐོན་པའི་སྨན་པ་ལི་ཡན་ཀྲེན་གྱིས་འགོག་སྨན་རྒྱག་ཏུ་ཡོང་བའི་རིན་ཆེན་ལ“རིམས་འགོག་སྨན་ཁབ་དང་པོ་དུས་ནམ་ཞིག་ལ་བརྒྱབ་པ་ཡིན་ནམ”“སྨན་ལོག་བྱུང་བ་འདྲ་ཡོད་དམ” “ཉེ་ལམ་ཆམ་ནད་དང་ཚ་རྒྱག་གམ”ཞེས་ཞིབ་ཚགས་ཀྱིས་ནད་རྟགས་འདྲི་བཞིན་འདུག རིན་ཆེན་གྱིས་ཕྱོགས་གཅིག་ནས་སྨན་པར་ལན་འདེབས་པ་དང་ཕྱོགས་གཅིག་ནས་ལག་གི་རིམས་འགོག་སྨན་ཁབ་བརྒྱབ་པའི་དཔང་ཡིག་སྨན་པར་བྱིན་ཏེ་བཤད་རྒྱུར“སྨན་ལོག་བྱུང་མ་མྱོང”“ཆམ་ནད་དང་ཚ་ཡང་བརྒྱབ་མེད”ཅེས་བཤད།

ད་ལོའི་ཟླ་དང་པོར། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་རིག་གཞུང་ཚན་ཁག་གི་སྨན་བཅོས་ལས་སྒྲུབ་པ་བཅུ་གཅིག་རྨ་སྟོད་མི་དམངས་སྨན་ཁང་ལ་མངགས་གཏོང་བྱས་ཏེ། དུས་ཡུན་ལོ་གཅིག་རིང་གི་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་མགོ་བརྩམས་པ་དང་། སྨན་པ་ལི་ཡན་ཀྲེན་ནི་དེའི་ཁྲོད་ཀྱི་གཅིག་རེད།

ལི་ཡན་ཀྲེན་རང་ཉིད་ཀྱང་མཐོ་སྒང་ནས་སྐྱེས་པའི་བོད་རིགས་སྤུན་ཟླ་ཞིག་ཡིན་པས། རྩྭ་ཐང་དང་འབྲོག་ཁུལ་གྱི་བོད་རིགས་མང་ཚོགས་ལ་བརྩེ་བ་ཟབ་མོ་ཆགས་ཡོད། ཁོ་མོས་རང་འགུལ་གྱིས་མིང་ཐོ་བཀོད་དེ་རྨ་སྟོད་དུ་སྨན་བཅོས་རོགས་སྐྱོར་གྱི་ལས་སུ་ཞུགས།

དང་ཐོག་རྨ་སྟོད་ལ་སླེབས་དུས་ཀྱི་གནས་ཚུལ་གླེང་ཚེ། ལི་ཡན་ཀྲེན་གྱིས་བཤད་རྒྱུར“དང་ཐོག་རྨ་སྟོད་དུ་ཐོན་དུས་རྫ་དུག་ཕོག་པ་དང་མགོ་ན་བ། སྙིང་མི་བདེ་བ། ཞག་གང་བོར་གཉིད་ཀྱང་མི་ཁུགས། དེ་མིན་ད་དུང་རང་ལུས་ཀྱི་རྒྱུད་འགྱུར་སྒལ་ཚིགས་ཚ་ནད་དེར་སྨན་འཐུང་ནས་ཚོད་འཛིན་བྱེད་དགོས། སྐབས་དེར་བསམ་རྒྱུ་མང་པོ་ཞིག་མེད་པར། རང་གིས་སྦྱངས་པའི་རྩལ་ནུས་ཀྱིས་ས་གནས་མང་ཚོགས་ཀྱི་ཆེས་དངོས་ཡོད་དང་ཆེས་རྒྱུན་ལྡན་གྱི་རྒྱུན་འབྱུང་ནད་ལ་བལྟ་བ་དང། འབྲོག་པ་མང་ཚོགས་རྫོང་ཕྱི་རུ་འགྲོ་མི་དགོས་པར་ཞིང་ཆེན་རིམ་པའི་སྨན་བཅོས་ཞབས་ཞུ་རོལ་མྱོང་བྱེད་དུ་འཇུག་རྒྱུ་དེ་ཡིན”ཟེར།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ས་འགུལ་བྱུང་དུས། ལི་ཡན་ཀྲེན་གྱིས་མྱུར་སྐྱོབ་རླངས་འཁོར་སྟེང་ནད་པ་ལྕི་མོ་ཞིག་ཞིང་ཆེན་སྨན་ཁང་དུ་སྲུང་སྐྱེལ་བྱེད་བཞིན་འདུག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཐོན་དུས་རྨ་སྟོད་ལ་ས་འགུལ་བྱུང་བའི་གནས་ཚུལ་ཐོས་པ་དང་། མོས་དེ་མ་ཉིད་དུ་རྨ་སྟོད་ཀྱི་ཡུལ་མི་ཡོངས་ལ་སེམས་ཁུར་བྱས། ནད་པ་ཞིང་ཆེན་སྨན་ཁང་དུ་བསྐྱལ་ནས་རྩིས་སྤྲོད་བྱ་བ་ཡོངས་འགྲུབ་བྱེད་དུས་ཞོགས་པའི་དུས་ཚོད་དྲུག་པར་སླེབས་པ་དང་། སྐབས་དེར་དངངས་འཚབ་དྲག་པོས་ཕྱིར་རྨ་སྟོད་དུ་ལོག་པའི་རླངས་འཁོར་བཙལ་མོད། འོན་ཀྱང་གཅིག་ཀྱང་མ་རྙེད་པར་ལུས།

“ངའི་ཁྱིམ་མིས་ཀྱང་ང་རང་མྱུར་བ་མྱུར་དུ་ལས་རྐང་དུ་ཞུགས་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། ཨ་ཕ་དང་ཨ་མ་གཉིས་ཀྱིས་བཤད་རྒྱུར‘ཉེན་ཁར་འཕྲད་པའི་སྐབས་འདིར། ཁྱོད་ངེས་པར་དུ་ལས་གྲོགས་ཚོ་དང་མཉམ་དུ་འདུག་དགོས། ཁྱོད་ཀྱིས་རྨ་སྟོད་དུ་སྨན་བཅོས་རོགས་སྐྱོར་བྱེད་ཀྱིན་ཡོད་པས། རྨ་སྟོད་མི་དམངས་དང་མཉམ་དུ་འདུག་པར་འགན་འཁྲི་ཡོད་ཟེར།’ལས་རིགས་གཅིག་པའི་ཁྱོ་གས་ཀྱང་ཉེན་ཁ་ཅི་འདྲ་ཆེ་རུང་། མྱུར་བ་མྱུར་དུ་རྨ་སྟོད་དུ་ལོག་པར་རྒྱབ་སྐྱོར་བྱས། ཟླ5པའི་ཚེས23ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་ཡས་མས་སུ་ཕྱིར་ལས་རྐང་སྟེང་ལོག་པ་ཡིན”ཞེས་ལི་ཡན་ཀྲེན་གྱིས་བཤད་བྱུང་།

ཉེ་འཁོར་གྱི་བློ་མཐུན་ཚོས་མཚམས་སྦྱོར་བྱེད་རྒྱུར། ལི་ཡན་ཀྲེན་དང་ཁོ་ཚོ་ཟླ་དྲུག་པའི་ཚེས་གཅིག་ཉིན་འགོག་སྨན་རྒྱག་པའི་ས་ཚིགས་སུ་འགོག་སྨན་རྒྱག་པའི་བྱ་བར་ཞུགས་པ་ནས་བཟུང་། རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་སྟབས་བདེ་བསྐྲུན་ཆེད། ཉིན་གུང་ཡང་ངལ་གསོ་མ་བྱས་པར། འགོག་སྨན་རྒྱག་པའི་དུས་ཚོད་སྔ་དྲོའི་དུས་ཚོད་དགུ་ནས་དགོང་མོའི་དུས་ཚོད་དགུ་བར་བསྒྱུར། འགོག་སྨན་རྒྱག་པའི་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། འཛེམ་བྱའི་ནད་འཚག་བཤེར་ཁྲོད་ཡང་དང་བསྐྱར་དུ་ནན་ཏན་བྱེད་པ་དང་། སྐད་བརྡའི་དཀའ་ཁག་སེལ་བ། དེ་མིན་རྒྱུན་དུ་རྣམ་འགྱུར་སྣ་ཚོགས་བསྟན་ནས་ནད་རྒྱུས་རྩད་འདྲི་བྱས་པར་མ་ཟད། སྐད་ཆ་གཅིག་ཉིན་རེར་ཐེངས་བརྒྱ་ལ་བསྐྱར་ཟློས་བྱེད་པ་དང་། བྲེལ་འཚུབ་ཆེ་བའི་སྐབས་སུ་སྔ་དྲོ་ནས་དགོང་མོའི་བར་དུ་ཆུ་ཁམ་གང་ཡང་འཐུང་ཁོམ་མེད་ལ། སྤྱོད་ཁང་དུའང་འགྲོ་ཁོམ་མེད། སྐད་འགག་ཚེ་སྨན་ཁ་ནང་དུ་བཟུང་ནས་མུ་མཐུད་དུ་བྱ་བ་བསྒྲུབས་པ་ཡིན་ཟེར།

སྐབས་དེའི་བྱ་བའི་གནས་ཚུལ་གླེང་ཚེ། སྨན་པ་ལི་དགོད་ཞོར་དུ་བཤད་རྒྱུར“བྱ་བར་བྲེལ་འཚུབ་ཆེ་ནའང་། ནང་སེམས་ནི་སྤྲོ་བ་ལྡན་པ་ཞིག་རེད། མ་མཐའ་ཡང་རྨ་སྟོད་མང་ཚོགས་ལ་རང་གི་ནུས་པ་ཆུང་ཆུང་ཞིག་འདོན་ཐུབ་སོང”ཟེར།

བཅར་འདྲི་བྱེད་པའི་སྐབས་དེར། གློ་བུར་དུ་རླུང་འཚུབ་ཆེན་པོ་ཞིག་གཡུགས་ནས་སྦྲ་གུར་གཡོ་འགུལ་བྱུང་སྟེ། ཙི་ཙི་ཡི་སྒྲ་ཞིག་གྲག་ལ། ཅོག་ཙེ་སྟེང་གི་ཤོག་བུ་ཡང་ས་ལ་ལྷུང་། མགོ་ཐོག་གི་གློག་སྒྲོན་མཚམས་མི་ཆད་པར་གཡོ་ཞིང་འགུལ། ནད་གཡོག་མ་ཨོ་མོས་སྦྲ་གུར་འགྱེལ་བར་དོགས་ནས་མགྱོགས་པོར་ཕར་སོང་ནས་སྦྲ་གུར་སྐྱོར་བྱུང་། སྨན་པ་ལི་ཡིས་སྦྲ་གུར་གྱི་སྒོ་ཡོལ་དང་དྲ་ཡོལ་མར་ཕབ་ནས་བཤད་རྒྱུར“སྐྲག་མི་དགོས། ས་འདིའི་རླུང་འཚུབ་དང་དྲག་ཆར་ནི་རྒྱུན་ལྡན་ཞིག་ཡིན། ཐེངས་ཤིག་ལ་སྦྲ་གུར་ཚང་མ་འགྱེལ་སོང་། དེའི་རྗེས་སུ་ང་ཚོས་སྦྲ་གུར་ཐམས་ཅད་གཅིག་གཅིག་ལ་སྦྲེལ་ནས་རླུང་གིས་ཁུར་མི་ཐུབ་པར་བྱེད་པའི་ཉམས་མྱོང་ཞིག་ཐོབ་སོང”ཟེར།

གསར་འགོད་པས་སྦྲ་གུར་གྱི་འདབས་རྐང་པས་མནན་ཞིང་ལག་པས་ཀ་ར་སྐྱོར་ཏེ། ཚང་མ་དང་མཉམ་དུ་ཡ་ང་ལ་དངངས་སྐྲག་ཆེ་བའི་དྲག་རླུང་དང་དྲག་ཆར་འགོག་རྒོལ་བྱས། ཕྱིའི་དྲག་རླུང་རྒོད་པོ་དང་ལྡིར་ལྡིར་གྲག་པའི་འབྲུག་སྒྲ། དྲག་ཆར་འབབ་པ་བཅས་ལས་ཅི་ཡང་མི་ཐོས། ཡིན་ཡང་རྨ་སྟོད་རྫོང་གི་མང་ཚོགས་ལ་མཚོན་ན་གནམ་གཤིས་དེ་ནི་ཕལ་ཆེར་གོམས་ལོབས་སུ་སོང་བས་ཡིད་འཇོག་བྱེད་ཀྱིན་མེད་པར། སྐབས་སྐབས་སུ་མི་རྣམས་ཆར་ནང་དུའང་འགོག་སྨན་རྒྱག་ཏུ་ཡོང་།

བྱ་བའི་བར་གསེང་དུ། ལི་ཡན་ཀྲེན་གྱིས་རང་ཉིད་ཀྱི་མྱོང་ཚོར་ཟབ་མོ་གླེང་དུས་བཤད་རྒྱུར། “ཐེངས་འདིའི་ས་འགུལ་གྱིས་ང་ལ་ཕྱོགས་གཅིག་ལ་དཀའ་ཁག་བྱུང་ན། ཕྱོགས་མང་པོས་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྟོབས་ཤུགས་ཚོར་དུ་བཅུག་པ་དང་། ངས་སྔར་བས་ཀྱང‘ཏང་གི་དྲིན་ཤེས་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ’ཡི་དོན་སྙིང་ཟབ་མོ་རྟོགས་བྱུང་། ཐེངས་འདིར་རྨ་སྟོད་དུ་བྱ་བ་བསྒྲུབས་པའི་མྱོང་བ་དེ་ནི་ང་ལ་ཚེ་གང་བོར་ཕན་པ་ཞིག་རེད”ཟེར།

ཁོ་མོར་རེ་བ་ཅི་ཞིག་ཡོད་ཅེས་འདྲི་དུས། ལི་ཡན་ཀྲེན་གྱིས་སྦྲ་གུར་ཕྱི་ཡི་ཐང་ཆེན་དུ་ལྷབ་ལྷུབ་སྐྱོད་པའི་སྐར་ལྔའི་དར་དམར་ལ་བལྟས་ནས་བཤད་རྒྱུར“ང་རང་ཏང་ནང་དུ་ཞུགས་འདོད་པ་ཡིན”ཟེར། སྟབས་བདེའི་སྐད་ཆ་ཐུང་ངུ་དེས་གསར་འགོད་པར་ལྗིད་ཏིག་ཏིག་གི་སྟོབས་ཤུགས་ཤིག་ནང་སེམས་ཀྱི་ཟབ་སར་བརྡབ་བྱུང་བ་ལྟ་བུའི་ཚོར་བ་བྱིན་ལ། བརྗིད་ཉམས་ཆེ་བའི་བརྩེ་དུང་རིགས་ཤིག་གིས་ཀུན་ནས་བསྐོར་ཡོང་བས། མིག་མདུན་གྱི་མི་དང་དངོས་པོ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་སྐྱེ་སྟོབས་ཀྱིས་ཁེངས་བའི་ཚོར་བ་ཞིག་ཀྱང་དབང་མེད་དུ་སྦྱིན་བྱུང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།