《བུ་སྐྱེ་སྲིད་ཇུས་ཇེ་ལེགས་སུ་བཏང་ནས་མི་གྲངས་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》དངོས་སུ་ཁྱབ་བསྒྲགས་བྱས།
2021.07.30 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 17

 ཉེ་ལམ། 《བུ་སྐྱེ་སྲིད་ཇུས་ལེགས་སུ་བཏང་ནས་མི་གྲངས་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

《གཏན་འབེབས》ནང་བསྟན་དོན། མི་གྲངས་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལ་རག་ལས་པའི་དོན་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་མི་གྲངས་གྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། རང་རྒྱལ་གྱི་མི་གྲངས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གནས་བབ་ལ་དམིགས་ནས་བུ་སྐྱེ་སྲིད་ཇུས་རིམ་བཞིན་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་མི་གྲངས་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་བཏོན་པས། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། མི་གྲངས་གནས་བབ་ཀྱི་འགྱུར་ལྡོག་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་གསར་པ་དང་སྔར་བས་འཚམ་པར་བྱས་ཏེ། བྱིས་པ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་དེ་བཞིན་མ་ལག་ཚང་བའི་རྒྱབ་སྐྱོར་བྱ་ཐབས་ལག་བསྟར་བྱས་པ་དེས། མི་གྲངས་གྱི་གྲུབ་ཆ་ཇེ་ལེགས་སུ་འགྲོ་བ་དང་མི་གྲངས་ན་རྒས་ཅན་ལ་ཧུར་ཐག་གིས་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། མི་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་རྒྱུན་འཁྱོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་ཁ་གཏད་གཅོག་པ། བྱིས་པ་སྐྱེ་ཚད་ཀྱི་བསྡོམས་གྲངས་མར་ཆག་པ་ཞི་ལྷོད་དུ་གཏོང་བ་དང་བྱིས་པ་སྐྱེ་ཚད་འོས་འཚམ་ཡོང་བར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད།

《གཏན་འབེབས》ནང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ལྟེ་བར་འཛིན་པ་དང་། དོ་སྙོམས་གཙོ་རྐང་དུ་བྱེད་པ། བཅོས་སྒྱུར་སྒུལ་ཤུགས་སུ་བྱེད་པ། ཁྲིམས་སྐྱོང་འགན་ལེན་དུ་བྱེད་པ་བཅས་བྱས་ནས། 2025ལོར་སླེབས་སྐབས། བུ་སྐྱེ་ལ་རྒྱབ་སྐྱོར་ལེགས་པོ་བྱེད་པའི་སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་འཛུགས་པ་དང་། ཞབས་ཞུའི་དོ་དམ་ལམ་ལུགས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་བ། ལེགས་སྐྱེ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་འཛུགས་པ་ཇེ་མགྱོགས་སུ་འགྲོ་བ། བུ་སྐྱེ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་གྲོན་དངུལ་མངོན་གསལ་དོད་པོས་ཇེ་དམའ་རུ་འགྲོ་བ། བུ་སྐྱེའི་ཆུ་ཚད་འོས་འཚམ་ངང་ཇེ་མཐོར་འགྲོ་བ། གསར་སྐྱེས་མི་གྲངས་གྱི་ཕོ་མོའི་བསྡུར་ཚད་རྒྱུན་གཏན་ཡིན་པ། མི་གྲངས་གྱི་གྲུབ་ཆ་རིམ་བཞིན་ཇེ་ལེགས་སུ་འགྲོ་བ། མི་གྲངས་གྱི་བྱང་ཚད་སྔར་བས་མཐོ་རུ་འགྲོ་བ་བཅས་བྱ་རྒྱུ་དང་། 2035ལོར་སླེབས་སྐབས། མི་གྲངས་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་ཚང་དུ་འགྲོ་བ་དང་། ཞབས་ཞུའི་དོ་དམ་རྐྱེན་སྲོལ་འཁོར་སྐྱོད་ལ་ཕན་འབྲས་ཐོན་པ། བུ་སྐྱེའི་ཆུ་ཚད་སྔར་བས་དོ་སྙོམས་དང་། མི་གྲངས་གྱི་གྲུབ་ཆ་སྔར་བས་ཇེ་ལེགས་སུ་འགྲོ་བ། ལེགས་སྐྱེ་ལེགས་གསོ་དང་བྱིས་པ་སྐྱོང་མཁན་ཡོད་པའི་ཞབས་ཞུའི་ཆུ་ཚད་དེ་མཛེས་སྡུག་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པ་དང་། ཁྱིམ་ཚང་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་བྱ་དགོས།

《གཏན་འབེབས》ནང་གསལ་བོར་བསྟན་དོན། བྱིས་པ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུར་སྒྲིག་འཛུགས་ཡག་པོ་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་བཅའ་ཁྲིམས》ལ་བཟོ་བཅོས་བྱས་ནས་ལོ་ཚད་ལོན་པའི་མིས་གཉེན་སྒྲིག་བུ་སྐྱེ་དང་ལེགས་སྐྱེ་ལེགས་གསོ་བྱ་རྒྱུ་དར་སྤེལ་གཏོང་དགོས། སྤྱི་ཚོགས་ཀྱི་གསོ་རིན་མེད་པར་བཟོ་བ་དང་འབྲེལ་ཡོད་ཆད་གཅོད་གཏན་འབེབས་གཙང་བཤེར་དང་མེད་པར་བཟོ་དགོས། “རྒན་རྒོན་གཅིག་དང་བྱིས་པ་གཅིག”གཙོ་གནད་དུ་བྱས་ཏེ། ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་མི་གྲངས་ལ་ཞབས་འདེགས་ཞུ་བའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་ཚེ་སྲོག་ཐོ་འགོད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མི་ཚོགས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་མི་གྲངས་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་བཏང་ནས་བུ་སྐྱེའི་གནས་བབ་དང་མི་གྲངས་འགྱུར་ལྡོག་འགྲོ་ཚུལ་ལ་ལྟ་ཞིབ་ཚད་ལེན་ལེགས་པོ་བྱེད་དགོས།

《གཏན་འབེབས》ནང་། སྦྲུམ་མ་དང་བྱིས་པའི་བདེ་ཐང་འགན་ལེན་བྱེད་པ་དང་། བྱིས་པ་ཡ་མ་གཟུགས་སྐྱེ་བར་ཕྱོགས་བསྡུས་འགོག་བཅོས་བྱེད་པ། མིའི་རིགས་ཀྱི་སྐྱེ་འཕེལ་ལ་རམ་འདེགས་བྱེད་པའི་ལག་རྩལ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ལེགས་སྐྱེ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

《གཏན་འབེབས》ནང་བསྟན་དོན། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཚད་ལྡན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གསར་སྐྱེས་བྱིས་པའི་ལྟ་སྐྱོང་ཞབས་ཞུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་སྟེ། སྲིད་ཇུས་ལ་བརྟེན་ནས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བྱས་ནས་ས་ཞིང་དང་། སྡོད་ཁང་། ནོར་སྲིད། དངུལ་རྩ། ཤེས་ལྡན་མི་སྣ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྲོད་ཧུར་ཐག་གིས་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་གྱི་ཁྲིད་སྟོན་དང་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཏེ་སྟབས་བདེ་ཞིང་རིན་གོང་དང་ལེན་ཐུབ་པ། སྤུས་ཚད་ལ་འགན་ལེན་ཡོད་པ་བཅས་ཀྱི་བཅོལ་གསོའི་ཞབས་ཞུའི་སྒྲིག་གཞི་ཁག་གཅིག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། ཕྱོགས་བསྡུས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས།

《གཏན་འབེབས》ནང་།  བྱིས་པ་སྐྱེ་བ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་གྲོན་དངུལ་ཇེ་དམའ་རུ་གཏོང་བར་དམིགས་ནས། བུ་སྐྱེའི་ངལ་གསོ་དང་ནུ་མ་སྣུན་དུས་ཀྱི་ངལ་གསོ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ཕ་མས་བྱིས་པ་གསོ་སྐྱོང་བྱེད་པའི་ངལ་གསོའི་ཚོད་ལྟར་རྒྱབ་སྐྱོར་བྱས་ནས། ངལ་གསོའི་སྐབས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་འགྲོ་གྲོན་འགན་འཁུར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གོམ་སྟབས་རྗེས་མར་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པ་དང་ཟུང་འབྲེལ་བྱས་ནས་ལོ3མན་གྱི་བྱིས་པའི་ལྟ་སྐྱོང་གྲོན་དངུལ་དེ་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་ནང་འཇུག་རྒྱུར་ཞིབ་འཇུག་དང་སྐུལ་འདེད་གཏོང་དགོས། ས་གནས་སྲིད་གཞུང་གིས་སྤྱི་པའི་བོགས་གཏོང་ཁང་པ་བོགས་མར་གཏོང་སྐབས། ས་གནས་ཀྱི་སྡོད་ཁང་འགན་ལེན་གྱི་ཆ་རྐྱེན་དང་མཐུན་པ་མ་ཟད། ནར་མ་སོན་པའི་བྱིས་པའི་ཁྱིམ་ཚང་ལ་ནར་མ་སོན་པའི་བྱིས་པའི་གྲངས་ཀ་གཞིར་བཟུང་ནས་ཁང་པ་འདེམས་པ་སོགས་ཀྱི་ཐད་ལྟ་རྟོག་འོས་འཚམ་བྱེད་དགོས། ས་གནས་སྲིད་གཞུང་གིས་ནར་མ་སོན་པའི་བྱིས་པ་གསོ་སྐྱོང་གི་ཁུར་པོ་ལྕི་ཡང་གི་གནས་ཚུལ་གཞིར་བཟུང་ནས།  བར་ཁྱད་ཡོད་པའི་ངང་ཁང་པ་བོགས་མར་གཏོང་བ་དང་ཁང་པ་ཉོ་བའི་གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་ཆོག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་ཆུང་བའི་མ་ལག་ཚང་བའི་བུ་བཅོལ་ཁང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྱབ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་ནས།  བུ་བཅོལ་ཁང་དུ་སྡོད་པའི་དུས་ཚོད་རིང་དུ་གཏོང་བའམ་ཡང་ན་བཅོལ་ཉར་ཞབས་ཞུ་མཁོ་འདོན་བྱེད་དགོས། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས།  སློབ་གྲྭ་བཟང་པོ་ཁོ་ན་འདེམས་པའི་གནད་དོན་ནུས་ལྡན་སྒོས་ཐག་གཅོད་བྱེད་དགོས། སློབ་གྲྭའི་སློབ་གསོའི་ཐོན་ཁུངས་ལ་བརྟེན་པ་དང་སྤྱི་ཕན་ཀུན་ཕན་རྩ་དོན་དུ་བྱས་ཏེ་སློབ་ཚན་གྲོལ་རྗེས་ཀྱི་རིག་གནས་དང་ལུས་རྩལ་བྱེད་སྒོ་དང་། སྤྱི་ཚོགས་ལག་ལེན་རྣམ་གྲངས། བཅོལ་ཉར་ཞབས་ཞུ་བཅས་ཕྱོགས་ཡོངས་ནས་སྤེལ་ཏེ་སློབ་གྲྭ་གྲོལ་བའི་དུས་ཚོད་དང་ཕ་མ་ལས་ཚོགས་གྲོལ་བའི་དུས་ཚོད་ དང་མཐུན་པར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཁྱིམ་ཚང་དང་སློབ་གྲྭའི་སློབ་གསོའི་ཁུར་པོ་དོ་སྙོམས་ཡོང་བ་བྱས་ནས་སློབ་ཕྱིའི་གསོ་སྦྱོང་ཚད་ལྡན་དུ་གཏོང་དགོས། ལས་ཁུངས་དང་ཁེ་ལས་ལས་དོན་སོགས་མི་སྤྱོད་སྡེ་ཁག་གིས་ལས་མི་བསྡུ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་བུད་མེད་འདྲ་མཉམ་ངང་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་ནས་བུད་མེད་ཀྱི་ལས་ཞུགས་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས་པ་བཅས་བཏོན་ཡོད།

《གཏན་འབེབས》ནང་། སྲིད་ཇུས་ལེགས་སྒྲིག་དང་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཡོངས་ནས་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལེགས་སྒྲིག་མ་བྱས་གོང་གི་བྱིས་པ་གཅིག་ལས་མེད་པའི་ཁྱིམ་ཚང་དང་གྲོང་གསེབ་ཀྱི་འཆར་ལྡན་བུ་སྐྱེའི་བྱིས་པ་བུ་མོ་གཉིས་ཡོད་པའི་ཁྱིམ་ཚང་ལ་ད་ལྟ་ལག་བསྟར་བྱེད་བཞིན་པའི་བྱ་དགའི་རོགས་སྐྱོར་ལམ་ལུགས་དང་གཟིགས་སྐྱོང་སྲིད་ཇུས་ཁག་མུ་མཐུད་དུ་ལག་བསྟར་བྱེད་དགོས་པ་དང་། བུ་ཕྲུག་གཅིག་རང་གི་ཕ་མར་ནད་གཡོག་ངལ་གསོའི་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས། འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་རྩ་འཛུགས་ཞུགས་པའི་རོགས་སྐྱོར་དང་ཐུགས་ཁུར་གྱི་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

《གཏན་འབེབས》ནང་།  འགན་ལེན་སྒྲིག་འཛུགས་དང་ལག་བསྟར་ལ་ཤུགས་སྣོན་བྱེད་པའི་ཐད་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། རྒྱལ་བབ་དང་རྒྱལ་ཇུས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། འགོ་ཁྲིད་པ་གཙོ་བོས་དམ་འཛིན་དང་འགན་གཙོ་བོ་འཁུར་རྒྱུ་རྒྱུན་འཁྱོངས། བུ་སྐྱེས་དགེ་མཚན་ལྡན་པའི་རྒྱབ་སྐྱོར་སྲིད་ཇུས་འདོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་འགན་ལེན་བྱེད་དགོས་པ། སྲིད་གཞུང་དང་སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་བྱས་ནས་མི་གྲངས་འཕེལ་རྒྱས་དང་། ཁྱིམ་ཚང་འཛུགས་སྐྱོང་། བུ་སྐྱེར་རྒྱབ་སྐྱོར་སོགས་ཀྱི་ཐད་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་པ། འཐབ་ཇུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། མི་གྲངས་གྱི་བར་སྟོང་བཀོད་པ་འཐུས་ཚང་དུ་གཏོང་བ། མི་ཤུགས་ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་མི་གྲངས་གྱི་རིག་ཚན་དང་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པ། དྲིལ་བསྒྲགས་ཁྲིད་སྟོན་གྱི་ལས་དོན་ཡག་པོར་བསྒྲུབས་ནས་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པར་ཤུགས་སྣོན་བྱེད་དགོས་པ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གིས་གཏན་འབེབས་ཀྱི་བླང་བྱར་གཞིགས་ནས་ལག་བསྟར་གྱི་ཇུས་གཞི་བཟོས་ཏེ། བུ་སྐྱེ་སྲིད་ཇུས་ཇེ་ལེགས་སུ་གཏོང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་པ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ལོ་ལྟར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ས་ཁུལ་དེ་གའི་མི་གྲངས་ལས་དོན་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་། ཀྲུང་དབྱང་གིས་འོས་འཚམ་སྒོས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་ བཅས་བཏོན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།