ལོ་སྟོད་དུ་རང་ཞིང་གི་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཉམ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་གཅིག་འཕར།
2021.08.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་སྡོམ་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པའམ་གསར་འགྱུར་མགྲིན་ཚབ་པ་དབྱི་ཧྥེང་གིས་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཁྱབ་སྒྲོག་བྱས། ལོ་སྟོད་ལ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྔོན་དཔག་དང་མཐུན་ཞིང་། བརྟན་བརླིང་ཁྲོད་བཟང་ཕྱོགས་སུ་འཕེལ་བ་དང་། དགོས་མཁོ་སྒྲིག་གཞི་རྒྱུན་ཆད་མེད་པར་ལེགས་བསྒྱུར། གསར་གཏོད་འགུལ་ནུས་བསྟུད་མར་ཇེ་ཆེར་སོང་བ། སྤུས་ཀའི་ཕན་འབྲས་རིམ་གྱིས་མཐོར་འདེགས། དམངས་འཚོའི་འགན་སྲུང་ཏན་ཏིག་ནུས་ལྡན་ཡིན་པ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བསྒྱུར་བཅས་བྱུང་ཡོད།

ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལ་གཅིག་གྱུར་ཞིབ་རྩིས་བྱས་པའི་མཇུག་འབྲས་ལྟར་ན། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔ་ཐེར་འབུམ་ལྔ་དུང་ཕྱུར་བདུན་ལྷག་ལེགས་འགྲུབ་བྱུང་ལ། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་གཅིག་འཕར་སྣོན་བྱུང་བ་དང་། ལོ་གཉིས་ཀྱི་རིང་ལ་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་རེ་འཕར་སྣོན་བྱུང་ཡོད། དེའི་ཁྲོད། ཐོན་ལས་དང་པོའི་འཕར་ཐང་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་དྲུག་བྱེ་བ་དྲུག་ཡིན་ལ་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་འཕར་སྣོན་བྱུང་ཞིང་། ལོ་གཉིས་ཀྱི་རིང་ལ་ཆ་སྙོམས་ཀྱིས་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་འཕར་སྣོན་བྱུང་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་མོ་ཐེར་ཆེན་དྲུག་དང་ཐེར་འབུམ་གསུམ་དུང་ཕྱུར་གསུམ་བྱེ་བ་དགུ་ཡིན་ལ་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་ཡོད་ལ། ལོ་གཉིས་ཀྱི་རིང་ལ་ཆ་སྙོམས་ཀྱིས་བརྒྱ་ཆའི་དྲུག་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་དྲུག་དུང་ཕྱུར་དྲུག་བྱེ་བ་དགུ་ཡིན་ལ། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་གསུམ་འཕར་སྣོན་བྱུང་བ་དང་། ལོ་གཉིས་ཀྱི་རིང་ལ་ཆ་སྙོམས་ཀྱིས་བརྒྱ་ཆའི་བཞི་དང་གྲངས་ཆུང་གཅིག་འཕར་སྣོན་བྱུང་ཡོད།

ལོ་སྟོད་དུ་རང་ཞིང་གི་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་གནས་བབ་བརྟན་བརླིང་ཡིན་པ་དང་། འདེབས་འཛུགས་ལས་རིགས་དང་ཕྱུགས་ལས་ཐོན་སྐྱེད་བརྟན་བརླིང་ཡིན། ཕྱུགས་ལས་ཐོན་རྫས་གཙོ་བོའི་ཐོན་ཚད་འཕར་བ་སྲུང་འཛིན་བྱས་ཡོད། བཟོ་ལས་ཐོན་སྐྱེད་ཅུང་མགྱོགས་མྱུར་ངང་འཕར་སྣོན་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་གསུམ་འཕར་སྣོན་བྱུང་ཡོད་ལ། 2019ལོའི་ལོ་སྟོད་དང་བསྡུར་ན་བརྒྱ་ཆའི་བཅུ་དང་གྲངས་ཆུང་བདུན་འཕར་སྣོན་བྱུང་བ་དང་། ལོ་གཉིས་ཀྱི་རིང་ལ་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་ཡོད། བརྒྱ་ཆའི་བདུན་ཅུ་ལས་བརྒལ་བའི་ལས་རིགས་ཀྱིས་འཕར་ཚུལ་སྲུང་འཛིན་བྱས་ཡོད། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་ཁྲོད་ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་དངུལ་གཏོང་22.3%འཕར་སྣོན་བྱུང་བ་དེས་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་དངུལ་གཏོང་གི38%ཟིན་ཡོད། ཐོན་ལས་གསུམ་པའི་དངུལ་གཏོང་ལོ་སྔོན་མའི་དུས་མཉམ་ལས17.4%འཕར་སྣོན་བྱུང་ཡོད་ལ། ལོ་གཉིས་ཀྱི་རིང་ལ་ཆ་སྙོམས་ཀྱིས4.7%་འཕར་སྣོན་བྱུང་ཡོད། ཞབས་ཞུའི་ལས་རིགས་མགྱོགས་མྱུར་ངང་སླར་གསོ་བྱུང་ཞིང་། ཞིང་ཆེན་ཡོངས་ཀྱི་ཐོན་ལས་གསུམ་པའི་འཕར་ཐང་ལོ་སྔོན་མའི་དུས་མཉམ་ལས9.3%འཕར་ལ2019ལོའི་ལོ་སྟོད་དང་བསྡུར་ན8.4%འཕར་སྣོན་བྱུང་ཡོད། ཟླ་དང་པོ་ནས་ཟླ5པའི་བར། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་ཡོང་སྒོ་ལོ་སྔོན་མའི་དུས་མཉམ་ལས14.2%འཕར་སྣོན་བྱུང་ཞིང་། འཛད་སྤྱོད་དངོས་པོའི་ཚོང་ར་བསྟུད་མར་སླར་གསོ་བྱུང་བ་དང་རིམ་པ་འཕར་བའི་རིགས་ཀྱི་ཚོང་ཟོག་འཛད་སྤྱོད་བཟང་ཕྱོགས་སུ་འཕེལ། ཞིང་ཆེན་ཡོངས་སུ་སྤྱི་ཚོགས་འཛད་སྤྱོད་དངོས་པོ་སིལ་ཚོང་བྱས་པའི་བསྡོམས་འབོར་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་གསུམ་དུང་ཕྱུར་བདུན་མངོན་འགྱུར་བྱུང་བ་དེ། ལོ་སྔོན་མའི་དུས་མཉམ་ལས14.9%འཕར་སྣོན་བྱུང་བ་དང་། 2019ལོའི་ལོ་སྟོད་དང་བསྡུར་ན0.5%འཕར་སྣོན་བྱུང་ལ། ལོ་གཉིས་ཀྱི་རིང་ལ་ཆ་སྙོམས་ཀྱིས0.3%འཕར་སྣོན་བྱུང་། ལོ་ངོ་གཉིས་རིང་གི་ཆ་སྙོམས་ཀྱི་འཕར་ཚད་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་ཆ0.9ཡིས་ཇེ་མགྱོགས་སུ་སོང་ཡོད།

ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱིས་དམངས་འཚོའི་དོན་དངོས་བཟོ་འགོད་ཧུར་ཐག་གིས་ལག་བསྟར་བྱས་ཤིང་། ཞན་ཆ་དང་སྟོང་ཆ་ཧུར་ཐག་གིས་ཁ་བསྐངས་པས། དམངས་འཚོའི་འགན་སྲུང་ཏན་ཏིག་ནུས་ལྡན་དུ་གྱུར། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་མི་གྲངས་ཁྲི་བཞི་དང་སྟོང་གཅིག་གསར་དུ་ལས་ཀར་ཞུགས་ཤིང་ལོ་སྔོན་མའི་དུས་མཉམ་ལས12.8%འཕར་སྣོན་བྱུང་ཡོད། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་འབུམ་བརྒྱད་དང་ཁྲི་གཅིག་ལྷག་ལས་ཞུགས་སྤོ་བསྒྱུར་བྱས་པས། 2.8%འཕར་སྣོན་བྱུང་། ཟླ་དྲུག་པའི་ཟླ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱས་ཚད2.1%ཡིན་ལ། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཆ0.1གིས་མར་ཆག་ཡོད། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱིས་སྤྱད་ཆོག་པའི་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་ཉེར་དགུ་ལ་སླེབས་ཡོད་ཅིང་། ལོ་སྔོན་མའི་དུས་མཉམ་ལས9.4%འཕར་སྣོན་བྱུང་ཡོད་ལ། འཕར་ཚད་དུས་མཉམ་ལས་བརྒྱ་ཆའི་4.5ཡིས་ཇེ་མཐོར་སོང་ཡོད་པ་དང་། ལོ་གཉིས་ཀྱི་རིང་ལ་ཆ་སྙོམས་ཀྱིས7.1%འཕར་སྣོན་བྱུང་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།