དམངས་ལ་དོན་དངོས་བསྒྲུབས་ནས་བདེ་སྐྱིད་བསྐྲུན།
2021.08.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

 —རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝང་ཡའོ་ཁྲུན་ལ་བཅར་འདྲི་བྱས་པའི་གནས་ཚུལ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བ་མགོ་རྩོམ་པའི་ལོ་ཡི་ལོ་རྒྱུས་གལ་ཆེན་གྱི་གནད་འགག་འདིའི་སྟེང་ནས་ལངས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དགོངས་དོན་རྟོགས་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་པ་བཏོད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། “ངས་མང་ཚོགས་ལ་དོན་དངོས་སྒྲུབ”པའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་ནི། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཏན་འབེབས་འགུལ་སྐྱོད་དང་བླང་བྱ་ཡིན་ལ། ས་གནས་ཀྱི་ཏང་ཨུའི་མགོ་ཁྲིད་ཀྱིས་ཐོག་མའི་བསམ་འདུན་དང་ལེན་དང་དམངས་ལ་འགན་འཁུར་པ། དངོས་སྒྲུབ་ལས་སྐྲུན་བཅས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན། གླེང་གཞི་དེའི་ཐད་ནས།  ཉེ་ལམ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་ཆེད་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཡའོ་ཁྲུན་ལ་བཅར་འདྲི་བྱས།

གསར་འགོད་པས་དངོས་སུ་མང་ཚོགས་ཀྱི་ཁྲོད་དུ་སོང་ན། ད་གཟོད་མང་ཚོགས་ཀྱི་གང་བསམ་ཅི་དྲན་རྟོགས་ཐུབ་ལ། མང་ཚོགས་ཀྱི་དཀའ་ཁག་དང་དཀའ་སྡུག་ཀྱང་རྒྱུས་ལོན་བྱེད་ཐུབ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། རྨ་ལྷོ་ཁུལ་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཇི་ལྟར་དམངས་ཚིས་འཕེལ་རྒྱས་དང་ཞབས་ཞུ་སྒྲུབ་པའི་ཞིབ་ཕྲའི་ལག་ལེན་ལ་སྐུལ་འདེད་བྱེད་པར་བསྒྱུར་བ་ཡིན་ཞེས་དྲིས་པར།

ཝང་ཡའོ་ཁྲུན་གྱིས་བཤད་རྒྱུར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། རྨ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། ཀུན་སྤྱོད་ལ་གོང་བཀུར་བྱེད་པ། ལག་བསྟར་ཏན་ཏིག་བྱེད་པ་དང་བཅས་ཆབས་ཅིག རང་འགུལ་གྱིས་དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ། མང་ཚོགས་དང་འབྲེལ་ནས་བཅར་འདྲི་ཆེན་པོ་ཡི་མགོ་རྩོམ་པ་དང་། དམངས་ཚིས་དཀའ་ཁག་ལ་ཞིབ་བཤེར་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་མཐོར་འདེགས་ཆེན་པོར་སྐུལ་འདེད་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་དོན་དངོས་སྒྲུབ་པ་དང་དཀའ་ཁག་སེལ་རོགས་བྱེད་པའི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་བ། ཏང་དང་མི་དམངས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཇེ་དྲག་ཏུ་བཏང་བ་ཡིན།

དེ་ལས་གཞན། ད་ལོའི་ལོ་སྟོད་ནས་བཟུང་། རྨ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལས་ཡུལ་དང་པོ་ནས་དམངས་ལ་དོན་དངོས་སྒྲུབ་པ་དང་དམངས་ཀྱི་དཀའ་ཁག་སེལ་རོགས་བྱེད་པ་ཡི་དམ་བཅའ་ཁས་ལེན་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ཁུལ་ཡོངས་ཀྱིས་བསྡོམས་པས“སྐོར་གཅིག་ཅན་བཞི”ཡི་ལས་གཞི་གཙོ་བོ57གསེད་གྲོལ་བཏང་བ་དང་།    དོན་ཚན36ཡོངས་འགྲུབ་བྱས།  ཏང་ཀྲི་པུའུ་ཡིས་དམངས་ལ་དོན་དངོས157སྒྲུབ་རྒྱུ་ཁས་བླངས་པ་དང་། ཁས་བླངས་པའི་དོན་ཚན118བསྒྲུབས་ཟིན། ཏང་ཡོན་དང་བླངས་པས་ཞབས་ཞུ་སྒྲུབ་པའི་དོན་ཚན580ཡོད་པ་དང་། དོན་ཚན360ལེགས་འགྲུབ་བྱུང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཅེས་པའི་བྱ་འགུལ་ཐེངས2600ལྷག་སྤེལ་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་འཁོར་མོའི་འཆར་གཞིའི་མཛུབ་སྟོན་འཐུས་ཚང་དུ་བཏང་སྟེ། ལས་གཞིའི་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དྲུག་ལྷག་བརྩོན་ལེན་བྱས།

གསར་འགོད་པས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་ཁག་སེལ་རོགས་བྱེད་པའི་གནད་འགག་ནི་དོན་དངོས་ལ་རག་ལས་པ་རེད། དམངས་ལ་དོན་དངོས་སྒྲུབ་པ་དང་དཀའ་ཁག་སེལ་བའི་དོན་དངོས་བྱེད་སྟངས་དེ་རྒྱུན་ཆད་མེད་པར་སྦྱོང་བརྡར་བྱེད་པ་དང་། རྨ་ལྷོ་ཁུལ་གྱི་རང་འགུལ་གྱི་བྱེད་སྟངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བཅོས་བསྒྱུར་ལ་སྐུལ་འདེད་དང་འཕེལ་རྒྱས་དོན་གཉེར་གྱི་བྱེད་སྟངས་སུ་བསྒྱུར་ཏེ། མང་ཚོགས་ཀྱི་དམངས་ཚིས་བདེ་སྐྱིད་ཀྱི“འགན་སྲུང་དྲ་བ”ཇི་ལྟར་བཟོས་པ་ཡིན་ཞེས་དྲིས་པར།

ཝང་ཡའོ་ཁྲུན་གྱིས་བཤད་རྒྱུར། མང་ཚོགས་ཀྱི“ཆེས་བྲེལ་འཚུབ་ཆེ་ས་དང་དཀའ་ཁག་ཡོད་ས། སེམས་ཁྲལ་བྱེད་ས། རེ་ལྟོས་བྱེད་ས”ཡི་གནད་དོན་ལ་དམིགས་ཏེ། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་དམངས་ལ་དོན་དངོས་སྒྲུབ་པའི་བཟོ་འགོད10ལ་ཏན་ཏིག་གིས་སྐུལ་འདེད་དང་། སློབ་གསོ་དང་སྨན་བཅོས། ཚན་རྩལ། རིག་གནས་སོགས་སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ། རྒན་པའི་ཁ་གསབ་སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཁྱོན་ཡོངས་འབྱོར་འབྲིང་གི་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་གྱི་དམིགས་འབེན་མངོན་འགྱུར་བྱུང་ཚད95.5%ལ་སླེབས་སུ་བཅུག་ཡོད།

དམངས་ལ་ཞབས་ཞུ་སྒྲུབ་པར་དམིགས་ཏེ། རྨ་ལྷོ་ཁུལ་གྱིས་ད་དུང་སྲིད་འཛིན་ཆོག་འཐུས་དོན་ཚན་གྱི་འགུལ་རྣམ་ཞིབ་ཐོ་དཔེ་དབྱིབས་ཁྱོན་ཡོངས་ནས་བསྐྲུན་པ་དང་། བདེན་དཔང་དོན་ཚན་དང་ཁེ་ལས་དང་འབྲེལ་བའི་ལས་གཉེར་ཆོག་འཐུས་དོན་ཚན་གསལ་བསྒྲགས་ཁས་ལེན་ལམ་ལུགས་ལ་སྐུལ་འདེད་བྱེད་པ།  མཁྲེགས་གཏོར་ཞིབ་བཤེར་ཆོག་མཆན་ལ་མ་དངུལ་གཏོང་བ་དང་བཟོ་འགོད་འཛུགས་སྐྲུན་ལས་གཞིར་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ།  དྲ་བ་གཅིག་ལས་སྒྲུབ་པ་དང་ཞིང་ཆེན་བརྒལ་ནས་སྒྲུབ་པ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ། ལས་གཞིར་མ་དངུལ་བཏང་བའི་ཕན་འབྲས་ཇེ་མཐོར་བཏང་ལ། སྲིད་དོན་ཞབས་ཞུས་དམངས་ལ་སྟབས་བདེ་སྐྲུན་པའི་ཁ་པར་དུས་ཚོད24རིང་ལ་སྒོ་མི་རྒྱག་པ་དང་སྤུས་ཚད་མཐོ་བའི་ཞབས་ཞུར་རིན་མི་ལེན་པ་བྱས་ཏེ།  ཁེ་ལས་དང་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་སྒྲུབ་ཐེངས་གཅིག་གིས་སྒྲུབ་ཐུབ་པ་ཧུར་ཐག་གིས་མངོན་འགྱུར་བྱས་བར་མ་ཟད། གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱས་པ་དང་། སྡེ་བའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས་འགལ་བ་དང་རྩོད་གཞིར་ཞིབ་བཤེར་བྱེད་པའི་བྱ་འགུལ་ཏན་ཏིག་གིས་སྤེལ་ཞིང་། “ལྟེ་བ་གཅིག་དང་བཅོས་སྐྱོང་གསུམ”གྱི་ས་གནས་བཅོས་སྐྱོང་གི་རྨ་ལྷོའི་དཔེ་དབྱིབས་ཁྱོན་ཡོངས་ནས་བསྐྲུན་ཏེ། མི་ཚང་མ་ཟབ་ཞུགས་དང་མི་རེ་རེར་འགན་འཁྲི་ཡོད་པ། མི་རེ་རེས་མཉམ་སྤྱོད་བྱེད་པའི་གཞི་རིམ་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་ཞིག་ཤུགས་གང་ཡོད་ཀྱིས་གསར་སྐྲུན་བྱས་ཡོད།

གསར་འགོད་པས་སྲིད་ཀྱི་དར་རྒུད་དམངས་ལ་བརྟེན། དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན།  ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གོ་རིམ་ཡོངས་སུ་ཁྱབ་པར་བྱས་ཤིང་། སླད་ཕྱིན་རྨ་ལྷོ་ཁུལ་གྱིས་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྤེལ་ལེགས་སྒྲུབ་དང་། འཕེལ་རྒྱས་ཀྱི་དགོས་མཁོ་དང་གཞི་རིམ་གྱི་རེ་ལྟོས། དམངས་ཀྱི་འདོད་བློ་དང་གནད་ཁེལ་མཐུན་སྦྱོར་བྱས་ཏེ།  དོན་དངོས་ཇི་ལྟར་སྒྲུབ་པ་དང་རྣམ་པ་གསར་པ་ཇི་ལྟར་བསྐྲུན་པ་ཡིན་ཞེས་དྲིས་པར།

ཝང་ཡའོ་ཁྲུན་གྱིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འཕྲོས་པའི་འོག་ཏུ། རྨ་ལྷོ་ཁུལ་གྱིས་དམངས་སེམས་ལ་དྲོད་ཁོལ་སྦྱིན་པ་དང་དམངས་སེམས་འགུག་པའི་བྱ་བ་མང་པོ་ཞིག་སྒྲུབ་པ་དང་། ཆུ་བེད་དང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་སྐོར་ཞིག་བསྟུད་མར་འཆར་འགོད་འཛུགས་སྐྲུན་བྱས་ལ། མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ལ་གྲུབ་འབྲས་ཆེན་པོ་བླངས་པས། དབུལ་ཕོངས་གཙང་སེལ་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱུང་ཡོད།

ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་འགུལ་ཐེབས་པའི་ངང་ནས“རྨ་ལྷོས་སྒོར100བཀོལ་རུང་། དེའི་ནང་གི་སྒོར97ནི་ཀྲུང་དབྱང་གིས་གནང་བ་ཡིན་པས། ང་ཚོས་གུང་ཁྲན་ཏང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཡི་ཐུགས་ཁུར་ནམ་ཡང་སེམས་ལ་བརྟན་པོར་བཅངས་ཡོད་ཅེས་བཤད་པ་དང་། སྐད་ཆ་དེ་དག་གིས་ང་ཚོར་དམངས་ཚིས་ལེགས་བཅོས་བྱེད་པ་ནི་ཏང་གིས་མི་རིགས་ས་ཁུལ་དུ“མི་དམངས་ལྟེ་བ་ཡིན”པའི་འཕེལ་རྒྱས་བསམ་བློ་མཚོན་པའི་ཆེས་ཐད་ཀར་དང་ཆེས་ཞིབ་ཕྲ། ཆེས་གལ་ཆེ་བའི་ཐབས་ལམ་ཞིག་ཡིན་པར་དྲན་སྐུལ་བྱེད་ཀྱིན་ཡོད།

དེར་བརྟེན། རྨ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུས་བཏོན་པའི“ཕྱུག་པོ་དྲུག”གི་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ཐད་གཟབ་ནན་ཏན་ཏིག་གིས་སྐུལ་འདེད་བྱེད་པ། “རི་ཆུ་མཛེས་པའི་རྨ་ལྷོ”དང“ཆུས་གསུམ་འཛུགས་སྐྲུན”ལ་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་བྱེད་པ།  རང་ཞིང་གི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”“ས་གནས་བཞི”ཡི་འཐབ་ཇུས་དང“དཔེ་སྟོན་ལྔ་ཡི་ཞིང་ཆེན”འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་རྨ་ལྷོའི་འགན་འཁྲི་སྔར་བས་ཕྱིར་མངོན་པ་དང་རྨ་ལྷོའི་གྲུབ་འབྲས་བླངས་ཏེ། མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་རྨ་ལྷོའི་དཔེ་མཚོན་གསར་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།