བརྩོན་པའི་ལས་ལ་འབྲས་བུའི་ཁུར་གྱིས་གཏམས།
2021.08.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 108

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དྷི་མདའ་ཡུལ་ཚོ་པན་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ཀརྨ་ཆོས་ཀྱི་གནས་ཚུལ་བཀོད་པ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དྷི་མདའ་ཡུལ་ཚོ་པན་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་ཀརྨ་ཆོས་ནི་མི་ཚེ་གང་པོར་རང་ནུས་ཡོད་ཚད་མང་ཚོགས་ལ་བསྟིམས་པའི་མི་བུ་རླབས་ཆེན་ཞིག་རེད།

ཕྱིར་དྲན་ཁྲོད་མི་ལོ་སུམ་ཅུ་ནི་མིག་རྡེབ་དབང་ཙམ་གྱི་དུས་ཡུན་ཞིག་ཏུ་སྣང་མོད། མི་ལོ་སུམ་ཅུའི་རིང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་མང་ཚོགས་ཀྱི་དོན་དུ་ཤ་འབད་རུས་འབད་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན།

ཀརྨ་ཆོས་ཀྱིས1994ལོ་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་པ་ནས་ད་ལྟའི་བར་དུ་འཚོ་བར་དཀའ་ཁག་ཆེ་བའི་པན་ཆེན་སྡེ་བའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མི་ལོ་དུ་མའི་རིང་འབད་བརྩོན་བྱས་པས། ད་ལྟ་སྡེ་བ་དེ་མགོ་ལོག་རྩྭ་ཐང་སྟེང་གི་ཕྱུག་བསྒྱུར་སྡེ་བ་དང་དཔལ་ཡོན་ལྡན་པའི་སྡེ་བ་ཞིག་ཏུ་གྱུར་ཡོད།

ལོ་ངོ་སུམ་ཅུའི་སྔོན་གྱི་པན་ཆེན་སྡེ་བ་ནི་ཐག་ཉེ་རིང་ཀུན་ལ་གསལ་ཆ་ཡོད་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན་ཞིང་། གྲོང་ཁྱེར་དང་བར་ཐག་རིང་ས་རུ་གཞིས་ཆགས་ཡོད་པས་འགྲིམ་འགྲུལ་སྟབས་མི་བདེ་ལ། ཆ་འཕྲིན་བཀག་སྡོམ་ཡིན་པ། དེ་མིན་འབྲོག་པ་མང་ཚོགས་ཀྱིས་ཉི་མ་ཤར་དུས་ཕྱུགས་ཟོག་རི་ལ་དེད་ནས་ཕྱུགས་འཚོ་བ་དང་། ཉི་མ་ནུབ་ལ་ཉེ་དུས་ཕྱུགས་ཟོག་ལྷས་རར་བསྐོར་བའི་འཚོ་བརོལ་སྟངས་དེར་གོམས་ཡོད།

སྐབས་དེར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་མ་ཐག་པའི་ཀརྨ་ཆོས་ཀྱི་སེམས་སུ་རང་བྱུང་རྩྭ་ས་ཉུང་ངུ་དེ་ཙམ་ལ་བརྟེན་ནས་ཕྱུགས་འཚོ་བ་དང་ས་ཞིང་ཉུང་ཙམ་ལ་བརྟེན་ནས་ཞིང་ལས་གཉེར་ན་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་གསལ་པོར་ཤེས།

ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་་བརྒྱ་འཁོར་བའི་དུས་འདིར་གསར་འགོད་པས་ཁོ་ལ་བཅར་འདྲི་བྱེད་དུས། སྡེ་བ་ཡོངས་ཕྱུག་པོར་གྱུར་པའི་གནས་ཚུལ་གླེང་སྐབས་ཁོའི་གདོང་ལ་སྤོབས་ཉམས་ཀྱིས་ཁེངས་པར་གཞིགས་ན། ཀརྨ་ཆོས་ཀྱི་ཐོག་མའི་གདམ་ག་དེ་འཁྲུལ་མེད་ཅིག་ཡིན་པ་གདོན་མི་ཟ། དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་རྩ་བ་ནས་བསྒྱུར་བསམས་ན་ངེས་པར་དུ་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་དགོས་ཞེས་པའི་གནས་ལུགས་དེར་ངོས་འཛིན་ཟབ་མོ་བྱུང་བ་རེད།

ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་འགན་ཁུར་རྗེས་བློ་ཐག་རྦད་ཆོད་ཀྱིས་དབུལ་ཕོངས་ལས་ཐར་དུ་འཇུག་དགོས་པའི་དམ་བཅའ་ཡིད་ལ་བཅངས་པ་དང་། གནས་དེ་རུ་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཁོ་བོར་མཚོན་ན་པན་ཆེན་སྡེ་བའི་དོན་དངོས་གནས་ཚུལ་ལ་ཆ་རྒྱུས་གསལ་པོ་ཡོད། པན་ཆེན་སྡེ་བ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་འཛམ་ཐང་རྫོང་དང་ཐག་ཉེ་བས། ཁོས་སྔོན་ཆད་ནས་བཟུང་སྡེ་བའི་མི་རྣམས་སྐྱེལ་འདྲེན་ལས་རིགས་གཉེར་བར་དགའ་བོ་ཡོད་པ་ཤེས། དོན་དེར་དམིགས་ནས་ཀརྨ་ཆོས་ཀྱིས་མང་ཚོགས་རྩ་འཛུགས་བྱས་ཏེ་སྔར་ཡོད་ཀྱི་སྐྱེལ་འདྲེན་རུ་ཁག་གི་རྨང་གཞིའི་ཐོག་རོང་འབྲོག་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཐོན་སྐྱེད་མཉམ་ལས་ཁང་བཙུགས་ནས་སྐྱེལ་འདྲེན་རུ་ཁག་གི་གཞི་ཁྱོན་རྒྱ་བསྐྱེད་པས། ཐོན་ལས་ཚད་ལྡན་ཅན་གྱི་གཉེར་སྐྱོང་གི་ལམ་དུ་རིམ་བཞིན་བསྐྱོད་པ་དང་། སྡེ་བའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཡུན་རིང་ཁེ་ཕན་དང་མཐུན་པའི་བགྲོད་ལམ་ཞིག་ཆགས་པར་མ་ཟད། སྡེ་བ་ཡོངས་ཀྱི་རོང་འབྲོག་མང་ཚོགས་རྣམས་ཕྱིར་ཞོར་ལས་ལ་སོང་ནས་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་བུར་ཡང་བསྐྱོད་ཐུབ་པ་བྱུང་།

བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར། སྡེ་བའི་ཏང་ཀྲི་པུའུ་གཙོ་བྱས་པའི་འགོ་ཁྲིད་ཚན་ཆུང་རང་འགུལ་ངང་ཕྱིར་སོང་ནས། ས་གནས་གཞན་གྱི་ཕྱུག་བསྒྱུར་ཉམས་མྱོང་སློབ་སྦྱོང་དང་མ་དཔེར་བཟུང་ནས་པན་ཆེན་སྡེ་བ་རུ་ནགས་ལས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན་ནས་ནགས་ལས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་བ་དང་། ངལ་རྩོལ་པ་ཕྱིར་གཏོང་བྱས་ནས་ཁེ་བཟང་ལེན་པར་འབད་བརྩོན་བྱས།

2018ལོར་སྡེ་བ་ཡོངས་ཀྱི་ངལ་རྩོལ་ཡོང་སྒོ་སྒོར་མོ་འབུམ་གསུམ་དང་ཁྲི་བརྒྱད་སྟོང་དྲུག་ལྷག་ལ་སླེབས་པ་དང་། དེ་དང་ཆབས་ཅིག ལོ་དེར་ནགས་ལས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྡེ་བ་ཡོངས་སུ་ཇ་སྡོང་འདེབས་འཛུགས་དང་ཇ་ལོ་ཕྱིར་འཚོང་བྱས་པའི་ཡོང་འབབ་སྒོར་མོ་འབུམ་ལྔ་དང་ཁྲི་གཉིས་ལྷག་དང་། ནས་བཏབ་པའི་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་ལ་སླེབས་ནས་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་བདུན་བརྒྱ་དང་བརྒྱད་ཅུས་ཇེ་མང་དུ་སོང་། ཁོས་གོང་རིམ་ལ་མཐུན་སྦྱོར་བྱས་ཏེ་མ་དངུལ་སྒོར་མོ་ས་ཡ་བདུན་ལྷག་བརྩོན་ལེན་བྱས་ནས་པན་ཆེན་གནའ་གྲོང་ཡུལ་སྲོལ་གླིང་གཉེར་བ་དང་། ཧྲང་ཧའེ་ཡི་རོགས་སྐྲུན་ལས་གཞི་བརྩོན་ལེན་བྱས་ཏེ་བོད་ཁྱིམ་གསོལ་ཚིགས་བཅུ་དྲུག་འཛུགས་གཉེར་བྱས་པ་སོགས་ཀྱིས་མང་ཚོགས་རང་ཉིད་ཀྱིས་ཚོང་ལས་གཉེར་བའི་ལམ་ཁ་རྒྱ་བསྐྱེད་དེ་ཡོང་སྒོ་ཇེ་མང་དུ་བཏང་། 2019ལོ་ནས་བཟུང་། ཀརྨ་ཆོས་ཀྱིས་སྡེ་བ་ཡོངས་ཀྱི་འབྲོག་པ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞིང་སྡེ་དར་རྒྱས་ཡོང་བར་འཆར་འགོད་བྱེད་མགོ་བརྩམས་ཤིང་། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྔར་བས་ཇེ་མཐོར་བཏང་བ་རེད།

ད་ལོའི་ཟླ་དང་པོ་ནས་བཟུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལས་རྐང་ནས་བུད་ཡོད་ནའང་། ཀརྨ་ཆོས་ཀྱིས་རྫོང་དང་ཡུལ་ཚོ་རིམ་པའི་བཀོད་སྒྲིག་འོག དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་ཞིང་སྡེ་དར་སྤེལ་གཏོང་བར་སྔར་བཞིན་འབད་པ་བྱེད་བཞིན་ཡོད། ཁོའི་སྣེ་ཁྲིད་འོག2014ལོར་པན་ཆེན་སྡེ་བར་ཀྲུང་གོའི་ལོ་རྒྱུས་རིག་གནས་སྡེ་བའི་མཚན་སྙན་ཐོབ་པ་དང་། 2018ལོར་ཀྲུང་གོའི་ཆེས་མཛེས་པའི་ཞིང་སྡེ་ཡི་མཚན་སྙན་ཐོབ།

དེ་མིན་ཀརྨ་ཆོས་ཁོ་རང་ལ་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་སོགས་ཀྱི་གཟི་བརྗིད་མཚན་སྙན་དང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་ཐད་ཀྱི་སྔོན་ཐོན་མི་སྒེར། མགོ་ལོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་ཐད་ཀྱི་སྔོན་ཐོན་མི་སྒེར། པདྨ་རྫོང་གི་ངལ་རྩོལ་དཔེ་ལེགས་ཅན། མགོ་ལོག་ཁུལ་སྲིད་གཞུང་གི་ངལ་རྩོལ་དཔེ་ལེགས་མི་སྣ། མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་ཀྱི་མཚན་སྙན་མང་པོ་ཐོབ་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།