བཙན་མོ་སྡེ་བའི་འགྱུར་ལྡོག་གསར་པ།
2021.08.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

དེ་སྔོན། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙན་མོ་སྡེ་བར་བཅར་འདྲིར་སོང་མྱོང་ལ། ཉེ་ལམ། གསར་འགོད་པ་ཡང་བསྐྱར་གནས་དེར་བཅར་འདྲིར་ཐོན་དུས། སེམས་སུ་ཚོར་བ་ཞིག་དབང་མེད་དུ་སྐྱེས་ཡོང་བ་ནི། “གྱེས་པ་ཉིན་གསུམ་གྱེས་ཀྱང་། ། འགྱུར་བ་ཧང་སང་བྱུང་འདུག ”ཟེར་བ་དངོས་གནས་བདེན་པ་ལ་ཨང་།

གཡུ་ཡི་མཚོ་མོ་སྔར་བཞིན་མཛེས་ཤིང་རི་བོ་བརྗིད་ཆགས་པར་སྣང་། ཟམ་འོག་གི་ཆུ་བོ་སྔར་བཞིན་ཤག་ཤག་ཏུ་བཞུར། མེ་ཏོག་གིས་གྲུབ་པའི་ཁྱམས་རིང་ལམ་ཕྲན་སྔར་བཞིན་གནས་ཤིང་། ངོ་མཚར་བྲག་རི་དང་སྡོང་རྒན་ཡང་སྔར་བཞིན་ཡིད་དུ་འོང་། མི་འདྲ་ས་ཞིག་ཡོད་པ་ནི། རྡོ་བས་རགས་གསར་བརྒྱབ་པའི་ཆུ་ལམ་དང་། ཤིང་ཁང་ཆུང་བའི་ནང་ནས་ལྡང་བའི་བོད་སྤོས་ཀྱི་དྲི་ཞིམ་དེ་རེད། རང་བྱུང་ཁམས་ཀྱི་པང་དུ་སླེབས་ཚེ། དབྱར་གཞུང་གི་བྱ་བྱེའུ་འབའ་འབུ་ཐམས་ཅད་ཀྱིས་སྙན་འགྱུར་ངག་གི་སྐད་གང་ཡོད་བཏོན་ནས་བོད་ཡུལ་གྱི་ཉམས་འགྱུར་ལ་བསྟོད་གླུ་ལེན་པ་དང་འདྲ། ཚུལ་དེས་ཁྱེད་ལ་འུར་ཟིང་གི་ཚོར་བ་སྤུ་ཙམ་ཡང་སྐྱེ་རུ་འཇུག་མི་སྲིད།

སྲོལ་རྒྱུན་གྲོང་གསེབ་རིག་གནས་ཀྱིས་ཡུལ་གྱི་གདུང་བ་བསྣམས་ཡོད་ལ། དེ་ནི་མི་རེ་རེའི་སེམས་ཀྱི་ཚང་མལ་དང་སྦྲེལ་བའི་ཚེ་སྲོག་གི་ལྟེ་ཐག་ཏུ་གྱུར་ཡོད།

“གཡུ་ཡི་མཚོ་མོར་སྔོ་ལྗང་རི་བོའི་གཟུགས་བརྙན་བཀྲ། ། དཀན་གཟར་བྲག་དང་སྡོང་རྒན་བྱེ་ལེབ་ཐང་དུ་འགྲེང་། །”འདི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ནུབ་ལྷོའི་མཚམས་སུ་སྤྱི་ལེ35ཡིས་ཆོད་པའི་བཙན་མོ་ཡུལ་ཚོ་བཙན་མོ་སྡེ་བ་རེད། དེའི་མངའ་ཁོངས་སུ་རང་བྱུང་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་། ཐུན་མོང་མ་ཡིན་པའི་མི་ཆོས་ལོ་རྒྱུས་ཀྱི་ཐོན་ཁུངས་མོད་པོ་ཡོད། འོན་ཀྱང་ལོ་འགའི་སྔོན་ལ། སྡེ་བ་འདིའི་ནང་དུ་གཅིག་ནས་ཐུན་མོང་དཔལ་འབྱོར་མེད་པ་དང་། གཉིས་ནས་རྨང་གཞིའི་སྒྲིག་བཀོད་མེད་ལ། གསུམ་ནས་སྲོག་ཤིང་ཐོན་ལས་མེད་པས། རོང་མ་འབྲོག་གི་སྡེ་བ་འདིས། ཕྱི་རོལ་ཏུ་སོང་ནས་དབྱར་རྩྭ་དགུན་འབུ་འཐུ་བ་ཁོ་ནར་བརྟེན་ནས་ཡོང་འབབ་འཚོལ་བཞིན་ཡོད།

2014ལོའི་ལོ་མགོ་ནས་བཟུང་སྟེ། བཙན་མོ་སྡེ་བས་འཕེལ་རྒྱས་ཀྱི་དཔྱིད་དཔལ་བསུས་བྱུང་།“མཐོ་སྒང་གི་མཛེས་པའི་གྲོང་གསེབ”དང་། “ཁྱད་ཆོས་ལྡན་པའི་བོད་གྲོང”དང་། “སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ”བཅས་ཀྱི་ལས་གཞི་གཅིག་འཕྲོར་གཅིག་བྱས་ཏེ་སླེབས་པས། གནའ་བོའི་སྡེ་བའི་རྣམ་པ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག

སྔོན་ཆད་ཀྱི་སྡེ་བ་རྙིང་བ་དེ་རུ་གནའ་ཉམས་དོད་པའི་བོད་ལུགས་སྡོད་ཁང་ཤར་མར་འཛུགས་སྐྲུན་བྱས་ཏེ། ངོས་སྙོམས་པའི་སྲང་ལམ་གཞོགས་གཉིས་སུ་ཁྱད་ལྡན་ཚོང་ཁང་བསྟར་ཕྲེང་བཞིན་དུ་བསྒྲིགས་འདུག ཡུལ་སྐོར་དྲིལ་སྒྲོག་དང་མཚམས་སྦྱོར་ངོ་སྤྲོད་བྱས་པ་དང་བསྟུན་ནས། བོད་ཀྱི་ཟློས་གར་དང་ཀླུ་རོལ་བཅས་སྲོལ་རྒྱུན་རིག་གནས་ཀྱིས་ཀྱང་དེའི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་རིམ་གྱིས་མངོན་པར་བྱས་ལ། བཙན་མོ་སྡེ་བའི་མི་རྣམས་ཀྱི་སེམས་སུ། ལོ་ངོ་མང་པོ་ཞིག་ལ་རང་ཉིད་འཚོ་བ་རོལ་སའི་ཕ་ཡུལ་འདི་ནི་ད་གཟོད་ཁོ་རང་ཚོ་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་རེ་བ་ཡིན་པ་ཚོར་བྱུང་།

སྡེ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཁང་དུ། བཙན་མོ་ཡུལ་ཚོའི་ཏང་ཨུའི་རྩ་འཛུགས་ཨུ་ཡོན་ཝུའུ་ཅུན་ནན་གྱིས་ང་ཚོར་བཙན་མོ་སྡེ་བའི་ཏང་འཛུགས་དང་། གྲོང་གསེབ་ཡུལ་སྐོར་གྱི་འཕེལ་རྒྱས་རྣམ་པ་ངོ་སྤྲོད་བྱས། སྡེ་བ་འདིས་ཁྱད་ལྡན་དམངས་སྲོལ་གྱི་ཡུལ་སྲོལ་གོམས་གཤིས་དང་ཟུང་འབྲེལ་བྱས་ཏེ། “ཁྱད་ཆོས་ལྡན་པའི་བོད་གྲོང”དང“སྲོལ་རྒྱུན་གྲོང་ཚོ”ཕྱོགས་བསྡུས་སྒོས་གསར་འཛུགས་བྱེད་པར་ནུས་ཤུགས་གང་ཡོད་ཀྱིས་ཡར་སྐུལ་བྱས་པ་དང་། སྲོལ་རྒྱུན་བོད་ཀྱི་ཟློས་གར་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཐོན་ལས་ནི་འདེགས་སྐྱོར་བྱས་ཏེ། ཡུལ་སྐོར་པར་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རོལ་མྱོང་བྱེད་དུ་བཅུག ད་ལྟའི་བར་དུ་རིམ་བསགས་བྱས་ན“གྲོང་གསེབ་ཡུལ་སྐོར”གྱི་ཐོན་ལས་ལས་གཞིའི་ཐད་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་བཏང་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་མོ་འབུམ་གསུམ་དང་ཁྲི་ལྔ་ལྷག་གིས་ཇེ་མང་དུ་བཏང་།

བོད་ཁྱིམ་སྤྲོ་སྐྱིད་ཁང་ཆུང་ཆུང་དེའི་མདུན་དུ། ལོ་ན་ཉེར་བཞི་ལ་སོན་པའི་བུ་མོ་ལྕགས་མོ་ཚེ་རིང་གིས་བཤད་རྒྱུར། རང་གིས་ཟི་ལིང་དུ་ཞོར་ལས་གཉེར་མྱོང་། ཡོང་འབབ་ཅུང་མཐོ་ནའང་། སྒོར་མོ་མང་ཆེ་བ་ས་དེའི་འགྲོ་སྒོ་ལ་ཤོར་འགྲོ། ཟས་གོས་འགྲོ་འཆག་གང་ཡིན་ཚང་མར་སྒོར་མོ་བརླག་དགོས། ད་ལྟ་རང་ཡུལ་ནས་ཞོར་ལས་གཉེར་ན། ཟླ་ལྔ་བ་ནས་ཟླ་དགུ་བའི་བར་ལས་ཀ་བྱས་ན། ཟླ་རེར་ཡོང་འབབ་སྒོར་མོ་སྟོང་གསུམ་ཡས་མས་ཡོད་པ་དང་། གཅིག་བྱས་ན་སྒོར་མོ་ཡོད་ཚད་གསོག་ཐུབ་ལ། གཉིས་བྱས་ན་འཚོ་བའི་གོམས་གཤིས་ཀྱང་རང་མོས་ལྟར་ཡིན། ཟླ་འགའ་རེར་ཞོར་ལས་བྱས་ན་སྒོ་ཕྱི་ནས་ལོ་གཅིག་གི་རིང་དཀའ་ལས་བརྒྱབ་ནས་ཞོར་ལས་གཉེར་བའི་ཡོང་སྒོ་ལས་ཀྱང་ལྷག་པ་བཙལ་ཐུབ་ཟེར།

ཆུ་གློག་ལམ་གསུམ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན་པ་དང་། ལག་འཁྱེར་ཁ་པར་དང་། དྲ་རྒྱ། ཁྱིམ་སྤྱོད་རླངས་འཁོར་བཅས་ནི་ཕྱི་ཚུལ་གྱི་འགྱུར་ལྡོག་ཙམ་ཡིན་ལ། ཞིབ་ཏུ་ལྟོས་ཚེ། འགྱུར་ལྡོག་ངོ་མ་ནི་བཙན་མོ་སྡེ་བའི་མི་དམངས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་ཕྱིན་ཡོད་པ་དེ་རེད། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ་དེས། བཙན་མོ་སྡེ་བའི་མི་རྣམས་ལ་རང་ཉིད་ཀྱི་ཁྱིམ་གཞིས་ལ་སྔར་ལས་དགའ་ཞེན་ཆེ་རུ་བཅུག་པ་དང་། མཐོང་ཐོས་གསར་པའི་བཙན་མོ་གསར་པ་དེ་ཚང་མའི་མིག་མདུན་དུ་མངོན་པ་ན། སྡེ་སྲོལ་དམངས་ཆིངས་ཀྱིས་ཤེས་མེད་ཚོར་མེད་ངང་ནུས་པ་གལ་ཆེན་ཐོན་འདུག གད་སྙིགས་གང་སར་འཕེན་པའི་སྣང་ཚུལ་དེ་དུས་ཡུན་ཐུང་ངུའི་ནང་མེད་པར་བཟོས་ལ། སྒྲིག་འགལ་ངང་ཁང་པ་གང་སར་ལས་པའང་མཚམས་ལན་རེར་འབྱུང་བཞིན་ཡོད་ནའང་། བཙན་མོ་སྡེ་བའི་སྡེ་མིས་མཛེས་པའི་གྲོང་གསེབ་ཀྱི་ཁོར་ཡུག་ལ་རང་རྟོགས་ཀྱིས་སྲུང་སྐྱོབ་བྱེད་མགོ་བརྩམས་ཞེས་བཙན་མོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁོན་ཐར་ཚེ་རིང་གིས་དེ་ལྟར་སྡོམ་ཚིག་བཀོད་དེ་བཤད།

ད་ལྟའི་བཙན་མོ་སྡེ་བ་རུ་རི་བོའི་བརྗིད་ཉམས་མཐོང་ཐུབ་ལ། ཆུ་མོའི་བཞུར་སྒྲ་ཡང་ཐོས་ཐུབ། གདོད་མ་ཡི་ཁྱད་ཆོས་དང་ད་ལྟའི་སྔོ་ལྗང་གིས་ཏག་ཏག་འདས་སོང་དང་ད་ལྟ་སྦྲེལ་བའི་མཛེས་སྡུག་གི་རྣམ་པ་ཕྱིར་མངོན་ཡོད་པ་དང་། དེ་ཡིས་སྡེ་བའི་མང་ཚོགས་ཀྱིས་འབྱུང་འགྱུར་ལ་བཅངས་པའི་རེ་སྨོན་ཡག་པོ་བསྣམས་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།