སེམས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
2021.08.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

 བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སམ་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱ་སྤྱོད་ལ་མཐོང་ཆེན་དང་དངོས་འབེབས་དམ་འཛིན་བྱེད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ནས་གཏན་ལ་ཕབ་པའི་ལས་འགན་སྣ་ཚོགས་ཁྲོད་གཅིག་སྡུད་བྱས་ཏེ། འབྱོར་ཕྱུག་དང་།  དཔལ་ཡོན།  འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་གྲུབ་འབྲས་གསར་བ་སྔར་ལས་ཆེ་བ་ལེན་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གྱིས་བསྟན།

ཟི་ལིང་གྲོང་ཁྱེར་ཏང་ཨུས་ཆེད་དོན་གྲོས་ཚོགས་བསྡུས་ཏེ།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས།  གྲོས་ཚོགས་ནས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་པར་འབད་བརྩོན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཏན་འབེབས》ལག་ལེན་མཐར་ཕྱིན་བྱེད་པ་དང་ ། སྔར་ལས་ཆེ་བ་དྲུག་དང་གསར་པ་དྲུག་སོགས་ཀྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞིབ་ཕྲ་དང་། དངོས་གནས། བྱེ་བྲག་ཅན་བཅས་སུ་བཏང་ནས། དམིགས་འབེན་ལས་འགན་སྣ་ཚོགས་ཟི་ལིང་དུ་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བྱེད་དགོས། བླང་བྱ་མཐོན་པོ་བཏོན་ཏེ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་འབུར་དུ་དོད་པ་དང་ཞིང་ཆེན་ཡོངས་ལ་ཕན་ཁེ་ཐོབ་པའི་འགན་འཁྲི་ཆེན་པོ་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་ངེས་ནས་ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱས་ཏེ།  མཐོ་ས་གསར་བ་བརྒྱད་བསྐྲུན་པའི་ཐད་མདུན་གྲལ་དུ་སྐྱོད་པ་དང་། འགན་འཁྲི་མཚོན་པ།  བྱས་རྗེས་འཇོག་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན།

མཚོ་ཤར་གྲོང་ཁྱེར་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ།   མཐོ་ས་གསར་བ་བརྒྱད་ལ་དམ་པོར་དམིགས་པ་དང་། མཚོ་ཤར་གྱི་གནས་ཐིག་འཚོལ་ཞིབ་ལེགས་པོ་བྱས་ནས།  མཚོ་ཤར་གྱི་གསར་པ་ལྔའི་འཛུགས་སྐྲུན་གྱི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས།  རང་འགུལ་གྱིས་དོན་འཁྱོལ་མཐར་ཕྱིན་ཡོང་བར་དམ་འཛིན་ལེགས་པོ་བྱས་ཏེ།  ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》དང《བྱ་སྤྱོད་འཆར་གཞི》དང་ཞིབ་བསྡུར་བྱས་ནས། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་ཤར་བཅད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་།  རྒྱལ་ཁོངས་ལྗང་བསྒྱུར་བྱ་སྤྱོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་བྱེད་པ། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱེད་པ། རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་བཀོད་སྒྲིག་ཁྲོད་ཟབ་ཞུགས་བྱས་ནས།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཚོ་ཤར་གྱི་འགན་འཁྲི་ཏན་ཏིག་གིས་འཁུར་དགོས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མཚོ་ནུབ་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ་སོགས་ཀྱི་འཐབ་ཇུས་ཁྲོད་ཐབས་ལམ་འཚོལ་ཞིབ་དང་ཐོད་བརྒལ་མངོན་འགྱུར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། ལོ་འཁོར་གྱི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ།  བརྟན་འཇགས་དྲུག་དང་འགན་སྲུང་དྲུག་འབུར་དུ་ཐོན་པར་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་སྲིང་ངང་ཇེ་ལེགས་སུ་གཏོང་བ། སེམས་ཤུགས་གཅིག་ཏུ་བསྡུས་ནས་འཕར་ཚད་དང་སྔོན་དཔག་བརྟན་པོ་ཡོང་བར་བྱེད་པ། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  གྲོས་ཚོགས་ནས་མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ བ་དང་། མཚོ་ལྷོ་ཁུལ་གྱི་ཐཱན་སྙོམས་འཛིན་དཔེ་སྟོན་ཁུལ་བསྐྲུན་པ་སོགས་བཀོད་སྒྲིག་གལ་ཆེན་གཙོ་གནད་དུ་བཟུང་སྟེ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་ པའི་ཁྲོད་གུང་ཧོ་གཞོང་སའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་།  མཆོང་སྐྱོད་གཉིས་བརྩོན་ལེན་བྱེད་དགོས། དེ་ཡང་ས་གནས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ལ་མཆོང་སྐྱོད་གསར་པ་ཡོང་བར་བརྩོན་ལེན་བྱེད་པ་དང་ས་ཁོངས་ཀྱི་འགྲན་རྩོད་ལེགས་ཆ་དེ་རིམ་པ་སྤོར་བའི་ཐད་མཆོང་སྐྱོད་གསར་པ་ཡོང་བར་བརྩོན་ལེན་བྱེད་དགོས།  དཔེ་སྟོན་གསུམ་བསྐྲུན་རྒྱུ་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་ལག་ལེན་དཔེ་མཚོན་དང་། བོད་འབྲེལ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ལྡན་དཔེ་མཚོན། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་བཅོས་སྐྱོང་གི་གསར་བསྐྲུན་དཔེ་མཚོན་བཅས་བསྐྲུན་དགོས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་ཁུལ་ཡོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་བརྟན་བརླིང་ངང་ལག་བསྟར་བྱེད་པ། ཞིང་ཕྱུགས་ཐོན་རྫས་ཚད་གཞི་ཅན་དང་ལྗང་མདོག་ཅན་གྱི་ཐོན་སྐྱེད་ལ་ཤུགས་སྣོན་བཅས་བྱས་ནས།  ལྗང་མདོག་སྐྱེ་ལྡན་ཐོན་རྫས་མཁོ་སྤྲོད་ཇེ་མང་དུ་གཏོང་དགོས་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས5Aརིམ་པའི་མཛེས་ལྗོངས་ཁུལ་གསར་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་།  སྐྱེ་ཁམས་ཡུལ་སྐོར་གྱི་མ་ལག་འཐུས་ཚང་དུ་གཏོང་དགོས། ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ནུས་ཁུངས་གཙང་མ་གསོག་འཇོག་དང་།  ཕྱིར་གཏོང་སོགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།   གྲོས་ཚོགས་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། མིག་སྔའི་གཙོ་གནད་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་རང་འགུལ་ངང་འཁུར་བ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་དགོས། གནོད་འཚེ་སྔོན་འགོག་དང་ཇེ་ཆུང་དུ་གཏོང་བའི་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས། དུས་བཅད་ལྟར་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། གནོད་འཚེའི་གནམ་གཤིས་སྔོན་དཔག་སྔོན་བརྡ་དང་འཕྲལ་བསྟུན་མཐུན་སྦྱོར་མཉམ་འགུལ་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་གནོད་འཚེ་སྔོན་འགོག་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་མགོ་ལོག་གི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ།  མཐོ་ས་གསར་བ་བརྒྱད་བསྐྲུན་པའི་བཀོད་སྒྲིག་བླང་བྱ་ལྟར། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས། སྐྱེ་ཁམས་དཔལ་ཡོན་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་བར་གྱི་འབྲེལ་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་བར་གྱི་འབྲེལ་བ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པའི་བར་གྱི་འབྲེལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་བར་གྱི་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱས་ཏེ། བརྟན་ཤུགས་སྲུང་འཛིན་དང་། དངོས་སྒྲུབ་འབད་བརྩོན། ཚད་གཞི་མཐོན་པོས་ལོ་འཁོར་གྱི་གཏན་ཁེལ་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ་དང་། སྤུས་ཚད་མཐོན་པོས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོ་དགོས་པའི་བླང་བྱ་བཏོན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས། ཚང་འཛོམས་གྲོས་ཚོགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། གཏན་འབེབས་ཀྱི་བྱ་སྤྱོད་གནས་ཐུབ་པ་དང་རང་འདེམས་བྱ་སྤྱོད་ནུས་ལྡན་ཡོང་བར་འགན་ལེན་བྱས་ཏེ། དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས”“ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཞེས་པ་སོགས་བརྗོད་དོན་སློབ་གསོའི་ལག་ལེན་བྱེད་སྒོ་རྒྱུན་མཐུད་ངང་ལེགས་པོར་སྤེལ་བ་དང་། རྒྱུན་ཆད་མེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ་དང་། ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་སྒོ་ནས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཏེ་ལས་གཞིར་མ་དངུལ་གཏོང་བ་དང་། དམངས་ཚིས་ལེགས་བཅོས།  ཞིང་སྡེ་དར་སྤེལ། ཐོན་ལས་སྐྱེད་སྲིང་སོགས་བརྟན་བརླིང་ངང་འཕར་བའི་འགག་རྩའི་བྱེད་ཐབས་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས། ལོ་འཁོར་གྱི་དམིགས་འབེན་བདེ་བླང་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།