རི་བོའི་ཕ་རོལ་གྱི་བདེ་སྐྱིད་ཀྱི་གཏམ་རྒྱུད།
2021.09.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

རྒྱལ་ལམ་གཉིས་གཅིག་བཞི་དེད་ནས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ནུབ་ལྷོའི་ཕྱོགས་སུ་རླངས་འཁོར་ལ་བསྡད་དེ་དུས་ཚོད་གཅིག་ལྷག་བསྐྱོད་ཚེ། རི་བོ་ཆུང་ཆུང་མང་པོས་བསྐོར་བའི་རག་ཤེད་ཞོལ་མ་གྲོང་རྡལ་དུ་ཐོན་ཐུབ།

སྲང་ལམ་དུ་མི་དང་རླངས་འཁོར་མང་པོ་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག་ལ་ཚོང་ཁང་མང་པོ་གྲལ་ལྟར་བསྒྲིགས་འདུག འགྲིམ་འགྲུལ་སྣ་ཚོགས་གྲོང་རྡལ་གྱི་ཕྱི་ནང་ཀུན་ཏུ་ཤར་གཏོང་བྱེད་བཞིན་ཡོད་པས་མི་རྣམས་ཀྱི་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་འདུག

རག་ཤེད་ཞོལ་མ་གྲོང་རྡལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མི་དམངས་མང་ཚོགས་ཀྱི་འཚོ་བ་བཟང་མི་བཟང་དེ་སྡེ་བའི་ནང་དུ་ཐོན་ན་ཤེས་ཐུབ་ཅེས་རག་ཤེད་ཞོལ་མ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་འོད་ཡོད་ཚེ་རིང་གིས་ང་ཚོ་ལམ་དུ་ཆས་སྐབས་སུ་སྟབས་བདེ་ལ་ཅུང་ཡིད་ཆེས་དང་བཅས་དེ་ལྟར་མཚམས་སྦྱོར་བྱས།

རི་བོ་དེའི་ཕ་རོལ་ན་བདེ་སྐྱིད་ཀྱི་གཏམ་རྒྱུད་ཅི་ཞིག་ཡོད་པར་བལྟ་རུ་འགྲོ།

འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་ནི་སྐར་མ་སྡེ་བ་རེད། མཐིང་མདོག་གི་ནམ་མཁའ་དང་སྤྲིན་དཀར་གྱི་འོག་ཏུ་མིག་ལམ་དུ་གསལ་བོར་འཆར་བའི་སྐར་མ་སྡེ་བའི་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་སྒོ་ཁ་རུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བཀྲ་ཤིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ང་ཚོ་སྣེ་ལེན་བྱས་བྱུང་།

ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ཏུ་སྐར་མ་སྡེ་བའི་ཏང་ཀྲི་པུའུ་དེ་ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུ་རྩ་འཛུགས་པུའུ་ཡིས་ནུས་མེད་ཁ་འཐོར་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་གྲས་སུ་བཞག སྡེ་བའི་ཏང་ཀྲི་པུའུ་ཡིས་ནུས་པ་འདོན་སྤྲོད་བྱས་པ་མི་འདང་བ་དང་དམངས་ལ་ཞབས་ཞུ་སྒྲུབ་སྟངས་རྗེས་ལུས་ཡིན་པ། སྡེ་བའི་ཐུན་མོང་དཔལ་འབྱོར་དོ་དམ་ཁ་འཐོར་ཡིན་པ་བཅས་ཀྱི་གནད་དོན་དེ་དུས་ཡུན་རིང་པོར་གནས་པས་སྐར་མ་སྡེ་བར་གྲོང་རྡལ་ཡོངས་ནས་མི་ལེགས་པའི་མིང་དེ་འདྲ་ཞིག་ཐོགས་པ་རེད།

གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་སྣ་ཚོགས་ཤིག་ཐོན་ནའང་ཏང་ཡོན་ལས་བྱེད་པར་བརྩོན་སེམས་མི་ལྡན་པས་སྡེ་མི་རྣམས་ཀྱིས་དེ་བས་ཀྱང་དེའི་སྐོར་ལ་རྒྱུས་ལོན་དང་ཡིད་ཆེས་བྱེད་ཀྱི་མེད། ལོ་ངོ་བཅུ་དྲུག་གི་རིང་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་མྱོང་བའི་ཚེ་བཀྲ་ཤིས་ཀྱིས་ཁྱིམ་མཚེས་སྡེ་བ་དག་གིས་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་སྙེག་བྱེད་པའི་རྣམ་པ་དེ་མཐོང་དུས་སེམས་སུ་བྲེལ་བ་ཆེན་པོ་ཞིག་ལངས། ཁོས་ཐོག་མར་སྡེ་བའི་ལས་བྱེད་པས་བསམ་བློའི་གོ་རྟོགས་སེལ་དགོས་པ་གསལ་བོར་ཤེས།  སྐབས་དེ་ནས་བཟུང་ཚེ་བཀྲ་ཤིས་ཀྱིས་ཇི་ལྟར་བྱས་ནས་སྡེ་བའི་མགོ་ཁྲིད་ཚན་ཁག་རྩ་འཛུགས་བྱས་ནས་སྡེ་མི་རྣམས་ལ་སྣེ་ཁྲིད་བྱེད་པའི་སྐོར་ལ་བསམ་བློ་ཡང་ཡང་བཏང་།

ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པར། ཡུས་ཧྲུའ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ནུས་མེད་ཁ་འཐོར་གྱི་ཏང་རྩ་འཛུགས་ལ་གཅིག་སྡུད་དག་ཐེར་བྱེད་པའི་བྱ་བར་ནན་ཏན་གྱིས་ཡར་སྐུལ་བྱེད་པའི་བྱེད་ཐབས་བཏོན་ཏེ། ཏང་ཀྲི་པུའུ་གཞི་ཁྱོན་ཅན་དུ་འཛུགས་སྐྲུན་བྱེད་པའི་ཚད་གཞི་ལག་བསྟར་བྱས་ནས།  རག་ཤེད་ཞོལ་མ་གྲོང་རྡལ་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་གི་ལྟ་སྐུལ་འོག ཚེ་བཀྲ་ཤིས་ཀྱིས་ཐེངས་མང་པོར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་དང་ཏང་ཡོན། མང་ཚོགས་བཅས་སྡེ་བའི་ཚོགས་འདུར་ཞུགས་ནས་བསམ་འཆར་བསྡུ་ལེན་བྱེད་པར་སྐུལ་སློང་བྱས། དེ་ལྟར་སྐར་མ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྡེ་བའི་མགོ་ཁྲིད་ཀྱི་ཁོངས་མི་རེ་གཉིས་བརྗེས་པ་དང་ཏང་ཡོན་ལས་བྱེད་པ་ཡར་འཐེན་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ། ནུས་པ་དང་འགན་འཁྲིའི་བསམ་པ་ལྡན་པའི་སྡེ་བའི་མགོ་ཁྲིད་པའི་དཔུང་སྡེ་ཞིག་གྲུབ་པར་བྱས།

ཡིན་ནའང་གསར་དུ་བསྐོ་འཇོག་བྱས་པའི་སྡེ་བའི་མགོ་ཁྲིད་པ་རྣམས་ཀྱི་མདུན་དུ་ལྷགས་པ་ནི་སྡེ་སྲོལ་དམངས་ཆིངས་གཏན་འཁེལ་བྱེད་རྒྱུ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་སོགས་ཀྱི་གནད་དོན་དེ་དག་རེད།

རག་ཤེད་ཞོལ་མ་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅིའི་འགན་གསར་དུ་ཁུར་བའི་འོད་ཡོད་ཚེ་རིང་སྡེ་བ་སོ་སོར་སོང་ནས་གནས་ཚུལ་སྣ་ཚོགས་ལ་རྒྱུས་ལོན་བྱས་རྗེས།  སྐར་མ་སྡེ་བའི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་རྒྱུ་དེ་བྱ་བའི་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས། ཚེ་བཀྲ་ཤིས་སོགས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་རྣམས་སྡེ་བའི་ཁྱིམ་ཚང་རེ་རེར་སོང་ནས་འཚོ་བའི་གནས་ཚུལ་ལ་ཞིབ་བཤེར་དང་ཕན་ཚུན་ཁ་བརྡ་བྱེད་པ། མང་ཚོགས་ཀྱི་ཚོགས་འདུ་བསྡུ་བ། ཁྱིམ་ཚང་རེ་རེ་ནས་སྲིད་ཇུས་སྒྲོག་བཤད་བྱེད་པ་བཅས་བྱས་ནས། ཡུལ་ཚོ་དང་གྲོང་རྡལ་གྱི་འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་དང་གཞོགས་འདེགས་བྱས།

དུས་སྐབས་དེའི་རིང་ལ་སྐར་མ་སྡེ་བའི་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས། རག་ཤེད་གྲོང་རྡལ་གྱི་གཞི་རིམ་ཏང་རྩ་འཛུགས་གྲུབ་འབྲས་ཀྱི་དཔེ་སྟོན་ལྟ་བུར་གྱུར་ཅིང་། ཟླ་གཉིས་ཀྱི་རྗེས་སུ་སྐར་མ་སྡེ་བས་ནུས་མེད་ཁ་འཐོར་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཞྭ་མོ་དེ་བདེ་བླག་ངང་ཕུད་ཐུབ་པར་གྱུར།

རག་ཤེད་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་འོད་ཡོད་ཚེ་རིང་གིས་བཤད་པ་ལྟར་ན།  གཞི་རིམ་ཏང་རྩ་འཛུགས་ནི་མི་དམངས་མང་ཚོགས་ཀྱི་བློ་གཏོད་ས་ཡིན། སྔོན་ཆད་ཀྱི་ནུས་མེད་ཁ་འཐོར་གྱི་ཏང་རྩ་འཛུགས་དེ་ད་ལྟ་གཞི་ནས་མེད་པར་མ་ཟད། ཡུས་ཧྲུའུ་གྲོང་ཁྱེར་གྱིས་བཏོན་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་ཚད་ལྡན་ཡིན་པས་ཕན་འབྲས་ཐོབ་ཡོད་པ་དང་། སྡེ་མི་རྣམས་ཀྱི་འདུ་ཤེས་དང་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ལའང་དེ་དང་མཉམ་དུ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཟེར།

ཏང་ལ་ཞུགས་ནས་ལོ་བཅུ་གསུམ་འགོར་ཡོད་པའི་བསྟན་དགའ་ཚེ་རིང་ནི་སྐར་མ་སྡེ་བའི་རུ་ཁག་དང་པོའི་རུ་གཙོ་རེད། དུས་རྒྱུན་དུ་ཁོ་ནི་རང་གི་བྱ་བར་བརྩོན་སེམས་ལྡན་པ་ཞིག་ཡིན་པར་མ་ཟད་སྡེ་བའི་ནང་མིང་དུ་གྲགས་པའི་སྲིད་ཇུས་སྒྲོག་འགྲེལ་པ་ཞིག་ཀྱང་ཡིན།  ཏང་གི་ལོ་རྒྱུས་སློབ་སྦྱོང་དང་རིམས་ནད་སྔོན་འགོག་སྐོར་གྱི་ཤེས་བྱ། ཁྲིམས་ལུགས་དྲིལ་སྒྲོག་སོགས་གང་ཞིག་ཡིན་ཡང་སྡེ་བའི་ནང་དུ་ཁྱིམ་ཚང་རེ་རེར་སོང་ནས་དྲིལ་སྒྲོག་བྱེད་དགོས་པའི་བྱ་བ་བཀོད་སྒྲིག་བྱས་ཚེ།  ཁོས་མྱུར་དུ་བྱ་བ་དེ་དང་ལེན་བྱེད་བཞིན་ཡོད་པ་དང་། ཁོ་ལ་མཚོན་ན་སྲིད་ཇུས་ལ་རྒྱུས་ལོན་བྱེད་ཚད་མགྱོགས་ལ་གནད་དུ་འཁེལ་ཞིང་། དྲིལ་སྒྲོག་བྱེད་སྟངས་ཀྱང་ལེགས་པས་མི་དམངས་མང་ཚོགས་ཀྱིས་གོ་བ་ཡང་དག་ལེན་ཐུབ་ཀྱི་ཡོད།

དེ་ལས་གཞན་ཞིག་ནི། སྐར་མ་སྡེ་བའི་མགོ་ཁྲིད་གསར་བ་རྣམས་ཀྱི་ཧུར་བརྩོན་ལ་བརྟེན་ནས། སྔོན་ཆད་ལོ་རེ་རེའི་ཡོང་སྒོ་དེ་སྒོར་མོ་འབུམ་གཅིག་ལ་མི་འབུད་པའི་སྐར་མ་སྡེ་བའི་མཉམ་ལས་ཁང་དེ་ལས་ད་ལྟ་ནོར་ནག་གསོ་ཁ་ནས་བུད་ཚད་མཐོ་ལ་འོ་མའི་ཐོན་རྫས་ཀྱི་སྤུས་ཚད་ཀྱང་ཇེ་ལེགས་སུ་སོང་ཡོད་པས། སྡེ་བའི་ནང་གི་མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་ལྔ་བཅུ་ཡི་འབྲོག་པ་རྣམས་ཀྱི་ལོ་རེའི་ཆ་སྙོམས་ཡོང་སྒོ་བགོ་བཤའ་དེ་སྒོར་མོ་སུམ་བརྒྱ་ཡིས་ཇེ་མཐོར་ཕྱིན་པ་དང་། མཉམ་ལས་ཁང་གི་སྤྱིའི་ཡོང་འབབ་དེ་ལོ་རེ་བཞིན་སྒོར་མོ་འབུམ་གཅིག་ལས་བརྒལ་བཞིན་ཡོད་པ་རེད།

འགྱུར་ལྡོག་ཆུང་ངུ་དེ་རིགས་ནི་ཆུ་རྒྱུན་ཞིག་དང་འདྲ་བར་སྐར་མ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པ་རེ་རེའི་སེམས་སུ་ལྷོད་ཀྱིས་བཞུར་བཞིན་འདུག་ལ་དེ་ལས་ཀྱང་སྐར་མ་སྡེ་བའི་སྡེ་མི་རྣམས་ཀྱི་སེམས་ཀྱི་གཤིན་ས་བརླན་པར་བྱས་སོང་།

སྐར་མ་སྡེ་བ་དང་ཁ་བྲལ་ནས་རྒྱལ་ལམ་གཉིས་གཅིག་བཞི་དེད་ནས་སྤྱི་ལེ་གཉིས་ཙམ་སོང་མཐར་ཐེངས་འདིའི་འགྲུལ་བཞུད་ཀྱི་ས་ཚུགས་གཉིས་པ་སྟེ་མཛོད་མདོ་སྡེ་བར་ཐོན་སོང་།

རག་ཤེད་ཞོལ་མ་གྲོང་རྡལ་ནི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ཆེས་ཆེ་བའི་ཕྱུགས་ལས་ཀྱི་གྲོང་རྡལ་ཞིག་ཡིན་པ་དང་། མཛོད་མདོ་སྡེ་བར་མཚོན་ནའང་སྡེ་བའི་ཐོན་ཁུངས་དང་འགྲིམ་འགྲུལ་སོགས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་ཕན་འབྲས་མངོན་གསལ་ཡིན་ལ་མིང་གྲགས་ཆེ་བའི་མཛོད་མདོ་རང་ཉིད་ཀྱི་རྣམ་པ་དེ་ཆགས་པར་བྱས་ཡོད།

མཛོད་མདོ་སྡེ་བར་ཁྱིམ་ཚང་བཞི་བརྒྱ་ཉེར་ལྔ་དང་མི་གྲངས་སྟོང་གཅིག་དང་བདུན་བརྒྱ་ང་གཉིས་ཡོད། ཉིས་སྟོང་བཅུ་བཞི་ལོར་མཛོད་མདོ་སྡེ་བའི་ཁྱིམ་ཚང་བཞི་བརྒྱ་ཉེར་ལྔ་བོ་ཚང་མ་མཉམ་ལས་ཁང་གི་མ་རྐང་ནང་དུ་ཞུགས།

མཉམ་ལས་ཁང་དེ་ཐོག་མར་འཛུགས་པའི་སྐབས་སུ་འབྲོག་ལུག་བཞི་བརྒྱ་ཙམ་ལས་མེད་པ་དང་། ད་ལྟ་ནོར་གནག་སྟོང་གཅིག་དང་བདུན་བརྒྱ་དང་འབྲོག་ལུག་སྟོང་གཅིག་ཙམ་ཡོད་པ་དང་། གྲངས་འབོར་ཆེས་མང་པའི་དུས་སུ་ནོར་ལུག་སྟོང་དྲུག་ལྷག་ལ་འབུད།

མཉམ་ལས་ཁང་གི་གཞི་ཁྱོན་རྒྱ་བསྐྱེད་རྗེས་སུ་སྐབས་རེ་རེའི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཁོངས་མི་རྣམས་ཀྱིས་ཕྱུགས་ལས་ཞིབ་གཉེར་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་ཕྱོགས་སུ་ནུས་པ་བཏོན། མཉམ་ལས་ཁང་གི་གཞི་ཁྱོན་ཉིན་རེར་བཞིན་རྒྱ་ཆེ་རུ་སོང་བ་དང་བསྟུན་ནས་ཐོན་རྫས་ཀྱི་རིགས་ཀྱང་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ། ཤ་སྐམ་དང་མར་ཆུར། ཞོ་དང་འོ་མ་སོགས་ཐོན་རྫས་མང་པོ་ཞིག་ད་ལྟ་ཁུལ་ཡོངས་ཀྱི་ཚོང་རར་ཐོན་ཡོད་པ་རེད།

མཛོད་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་འབུམ་པས་མཚམས་སྦྱོར་བྱས་པ་ལྟར་ན། མཉམ་ལས་ཁང་གི་ལོ་རེའི་བརྟན་འཇགས་ཡོང་འབབ་སྒོར་མོ་འབུམ་བཞི་ལྷག་ལ་འབུད་པ་དང་། དེ་ལས་ཕྱེད་ཀ་ཙམ་སྡེ་བ་ཡོངས་ཀྱི་སྡེ་དམངས་ཀྱི་སྨན་བཅོས་དང་རྒན་གསོ་འགན་སྲུང་དངུལ་ལ་སྤྲོད་བཞིན་ཡོད་ཅིང་། ལོ་རེའི་འཕྲུལ་ཆས་ཞིག་གསོའི་རིན་གོང་དང་ལས་བཟོ་བའི་གླ་ཕོགས་ཕུད་རྗེས། དེ་ལས་ལྷག་པའི་སྒོར་མོ་ཚང་མ་ཆ་སྙོམས་ལྟར་སྡེ་མི་རྣམས་ལ་བགོ་བཤའ་རྒྱག་བཞིན་ཡོད་པ་རེད།

ད་ལྟ་མཛོད་མདོ་སྡེ་བའི་འབྲོག་པ་མང་ཆེ་བ་ཞིག་ཕྱུག་པོར་གྱུར་རྗེས་སུ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཡོང་ནས་ཚོང་ལས་གཉེར་བཞིན་ཡོད་པ་དང་། སྔར་བཞིན་སྡེ་བའི་ནང་དུ་བསྡད་ཡོད་པའི་སྔོན་ཆད་ཀྱི་དབུལ་ཕོངས་ཁྱིམ་ཚང་རྣམས་ཀྱིས་ཀྱང་ད་ལྟ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ཟེར།

དེའི་ཁྲོད་ཀྱི་འགྱུར་ལྡོག་ཅིག་ནི་རི་རྒྱལ་ལ་མཚོན་ན་ཚོར་སྣང་ཟབ་མོ་ཡོད་པ་རེད། ལོ་ངོ་བཅུའི་སྔོན་དུ་རི་རྒྱལ་དང་ལོ་ན་བརྒྱད་ཅུར་སོན་པའི་ཁོའི་ཨ་མ་གཉིས་ཀྱིས་མཉམ་དུ་འཚོ་བ་རོལ་བཞིན་ཡོད་པ་དང་། ཁོ་གཉིས་ཀྱིས་གཙོ་བོ་ནོར་གནག་ཉི་ཤུ་ཙམ་དང་ལུག་རེ་འགར་བརྟེན་ནས་དྲོད་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་བཞིན་ཡོད། མཉམ་ལས་ཁང་དུ་ཞུགས་རྗེས་སུ་ལོ་རེར་བཞིན་ཡོང་སྒོ་བགོ་བཤའ་རྒྱག་པའི་སྟེང་དུ་ལས་ཀ་གཉེར་བའི་སྒོར་མོ་བསྣན་ཚེ་ཕལ་ཆེར་སྒོར་མོ་ཁྲི་གཅིག་ལྷག་གསོག་ཐུབ་ཀྱི་ཡོད་པ་རེད།  རྗེས་སུ་སྡེ་བའི་ནང་དུ་ཁོ་ལ་གཟན་རྩྭ་དོ་དམ་པའི་བྱ་བ་ལས་བགོ་བྱས་པ་དང་། དེར་ལོ་གཅིག་ལ་ཡོང་སྒོ་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཡོད། ད་ལྟ་ཁོས་ཁང་པ་ཞིག་གསོ་བྱས་ཡོད་ལ་རླངས་འཁོར་ཞིག་ཀྱང་ཉོས་ཡོད་པར་མ་ཟད། ནོར་གནག་བརྒྱ་དང་ཉི་ཤུ་ལྷག་ཀྱང་འཚོ་སྐྱོང་བྱེད་བཞིན་ཡོད་པས་ད་ལྟའི་འཚོ་བའི་བདེ་སྐྱིད་དེ་ལ་ཡིད་ཚིམས་ནས་ཡོད།

རྗེས་ཕྱོགས་ཀྱི་འཚོ་བའི་དམིགས་ཡུལ་སྐོར་གླེང་དུས་ཁོས་བཤད་རྒྱུར། སྡེ་བས་ང་ཚོའི་འཚོ་བའི་གནད་དོན་མང་པོ་ཞིག་ཐག་གིས་བཅད་སོང་། ད་ལྟ་ཨ་མའི་ལུས་ཕུང་ཡང་ཇེ་བདེ་རུ་སོང་ཡོད་པས་ངའི་འཚོ་བར་དངོས་གནས་བདེ་སྐྱིད་ལྡན། རྗེས་ཕྱོགས་སུ་ངས་ད་དུང་ནོར་གནག་མང་པོ་ཞིག་འཚོ་སྐྱོང་བྱེད་ཞོར་དུ་གཟན་རྩྭ་དོ་དམ་པའི་བྱ་བ་ལེགས་པོར་བསྒྲུབ་ནས་སྒོར་མོ་མང་ཙམ་གསོག་རྒྱུ་དང་། དེ་ནས་ཆུང་མ་ཞིག་ཀྱང་བླངས་ཚེ་ངའི་བསམ་དོན་འགྲུབ་སོང་བ་ཡིན་ཟེར།

མཛོད་མདོ་སྡེ་བ་དང་ཁ་བྲལ་ནས་རག་ཤེད་ཞོལ་མ་གྲོང་རྡལ་དུ་བསྐྱོད་པའི་ལམ་བར་དུ། སྡེ་སྡོད་ལས་བྱེད་པ་འཕགས་མཚོ་ཡིས་རི་འདབས་ཀྱི་ཞིང་ས་ཞིག་མཛུབ་མོས་སྟོན་ཞོར་བཤད་རྒྱུར། གན་ནི་མཛོད་མདོ་སྡེ་བའི་ཡུག་རྩྭ་འདེབས་སའི་རྟེན་གཞི་ཡིན། དེའི་རྒྱ་ཁྱོན་ལ་གུང་ཆིན་རེ་དྲུག་ཡོད། དེས་སྡེ་བའི་འབྲོག་ལུག་དང་རྟ་སོགས་ཀྱི་གཟན་ཆས་འདང་ངེས་ཡིན་ཟེར། དེ་མིན་རག་ཤེད་ཞོལ་མ་གྲོང་རྡལ་གྱི་ལམ་ཁར་མཛོད་མདོ་སྡེ་བའི་སྣུམ་སྣོན་ས་ཚིགས་དེ་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། གྲོང་རྡལ་སྲིད་གཞུང་གི་ཁ་གཏད་དུ་ཡོད་པའི་སྣ་འཛོམས་ཚོང་ར་དེ་ཡང་མཛོད་མདོ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁོངས་སུ་གཏོགས། འཕགས་མཚོ་ཡིས་བཤད་རྒྱུར། རྗེས་ཕྱོགས་སུ་ཡོང་སྒོ་འདི་དག་ཚང་མ་བསྣན་རྗེས་སུ་སྡེ་མི་རྣམས་ཀྱི་ལོ་རེ་རེའི་བགོ་བཤའ་དེ་ཇེ་མང་ནས་ཇེ་མང་ལ་འགྲོ་ཐུབ་རྒྱུ་ཡིན་པས་བདེ་སྐྱིད་ཀྱི་ཉི་མ་ད་དུང་རྗེས་ན་ཡོད་ཟེར།

                                                                        ཡིག་སྒྱུར་བ། གཡང་འབུམ་རྒྱལ།