བྲ་སོག་སྡེ་བའི་ཏང་ཀྲི་པུའུ་ནི་སྒྲུབ་ཕོད་ནུས་ལྡན་ཞིག་རེད།
2021.09.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་བྱ་བ་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་དཔྱད་འདེམས་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་བྲ་སོག་སྡེ་བའི་ཏང་ཀྲི་པུའུ་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་བདམས།

བྲ་སོག་སྡེ་བའི་ཏང་ཀྲི་པུའུ་ཡི“དགེ་མཚན”གང་ན་ཡོད་ཅེ་ན།

“བསམ་ཕོད་པ་དང་སྒྲུབ་ཕོད་པ། འགན་འཁུར་ཕོད་པ་བཅས་རེད།”

བྲ་སོག་སྡེ་བ་ནི་མཚོ་སྔོན་པོའི་བྱང་ངོགས་སུ་ཆགས་པའི་འབྲོག་སྡེ་ཞིག་ཡིན་ཞིང་། རྒྱལ་ལམ315ཡིས་སྡེ་བ་དེ་ཕྱོགས་གཉིས་སུ་བཀར་འདུག་ལ། སྡེ་བའི་ནང་གཏན་སྡོད་ཁྱིམ་ཚང274དང་མི1031ཡོད་ལ། ཏང་ཡོན30ཡོད། སྡེ་བའི་ཏང་ཀྲི་པུའུ་ཡིས“ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དང་ཡུལ་སྐོར་གྱིས་སྡེ་བ་དར་དུ་འཇུག་པ། ཐོན་ལས་ཀྱིས་མང་ཚོགས་ཕྱུག་པོར་གཏོང་བའི”འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། སྡེ་བ་ཕྱིའི་རྣམ་པ་ལེགས་བསྒྱུར་བྱེད་པ་བཅས་ཀྱིས་སྔོན་ཆད་ཀྱི“དབུལ་པོ་དབུལ་ནག”དང་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་དབུལ་ཕོངས་སྡེ་བ་དེར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་འབྱུང་དུ་བཅུག

ལས་འགན་འཁུར་ཏེ་ཏང་རྩ་འཛུགས་ཀྱི་གདོང་ལེན་དང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱས་པ།

“ད་ལྟ་ཆ་རྐྱེན་ཇེ་ལེགས་ནས་ཇེ་ལེགས་སུ་སོང་ཡོད” བྲ་སོག་སྡེ་བའི་ལས་འཁུར་དགོངས་ཞུ་བྱས་པའི་ཧྲུའུ་ཅི་རྒན་པ་ཞི་བྷོ་དང་ད་ལྟ་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་འཁུར་ཡོད་པའི་ཡི་དམ་བཀྲ་ཤིས་སོགས་ཏང་ཡོན་རྣམས་ས་ལ་སྐྱིལ་ཀྲུང་དུ་བསྡད་དེ། མི་བརྒྱ་ལྷག་ཤོང་བའི་སྡེ་བ་རིམ་པའི་ཞབས་ཞུ་ལྟེ་གནས་ལ་བལྟ་ཞོར། ང་རྒྱལ་དང་ཚོར་སྣང་དྲག་པོ་ཞིག་སྐྱེས་བཞིན་ཡོད།

“སྔོན་ཆད་ཚོགས་འདུ་ལུག་རའི་ནང་དུ་འཚོགས་དགོས་པས། ཚོགས་འདུ་གྲོལ་རྗེས་ཁ་ནང་དུ་རུལ་མའི་དྲི་ཡིས་ཁེངས་འགྲོ”ཞི་བྷོ་ཡི་སྐད་ཆ་དེས་ཡུལ་དངོས་སུ་དགོད་སྒྲས་ཁེངས “སྔོན་ཆད་བརྡ་འཕྲིན་དར་ཁྱབ་བྱུང་མེད་པས། དོན་དག་ཡོད་དུས་རྟར་ཞོན་ནས་བརྡ་རྒྱག་ཏུ་འགྲོ་དགོས།”

2007ལོར། བྲ་སོག་སྡེ་བར་ཆུ་དང་གློག་འཐེན་པ་དང་། སྡེ་མི་རྣམས་རོང་འབྲོག་ཁུལ་གྱི་བདེ་འགོད་ཁང་པར་བསྡད་པས། དེ་མ་ཐག་འཚོ་བར་འགྱུར་བ་བྱུང་།

ལོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་དུ་སྡེ་བའི་ལམ་མི་བདེ་བ་དང་། མང་ཚོགས་ཕྱིར་བགྲོད་པར་དཀའ་ཁག་ཡོད་པས། བྲ་སོག་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་དང་སྡེ་མི་ཚོའི་སྣེ་ཁྲིད་དེ་སྤྱི་ལེ10ཡི་སྡེ་བའི་གཞུང་ལམ་ལས་པ་དང་། སྡེ་བའི་ནང་དུ་རིག་གནས་བྱ་འགུལ་ཁང་ལས་དུས་ཀྱང་ཏང་ཡོན་ཀྱིས་སྣེ་ཁྲིད་དེ་བསྐྲུན་པ་ཡིན། དོན་དག་ཕྲན་བུ་རེ་རེའི་ཁྲོད་དུ། བྲ་སོག་སྡེ་བའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་གདོང་ལེན་དང་བཙན་རྫོང་གི་ནུས་པ་རིམ་བཞིན་ཕྱིར་མངོན་པར་བྱས།

ཁྱིམ་ཚང་ཁ་ཤས་ཀྱི་འཚོ་བའི་དཀའ་ཁག་ཇེ་ཆེར་གྱུར་པ་མཐོང་ཚེ། བྲ་སོག་སྡེ་བའི་ཏང་ཀྲི་པུའུ་ཡིས2012ལོར་མང་རྒྱུ་མེད་པའི་སྡེ་བའི་ཐུན་མོང་མ་དངུལ་བཀོལ་ཏེ། མ་མོ་ཉིས་བརྒྱ་ཉོས་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྣེ་ཁྲིད་དེ་མ་མོ་བརྒྱ་ཞལ་འདེབས་སུ་ཕུལ་ལ། ཏང་ཡོན་ཚོས་ཀྱང་མ་མོ་བརྒྱ་ཞལ་འདེབས་སུ་ཕུལ། སྡོམ་པས་མ་མོ་བཞི་བརྒྱ་ཡོད་པ་དེ་འཁོར་རྒྱུག་གི་རྣམ་པས་སྡེ་བའི་ནང་གི་ཆེས་དཀའ་ཁག་ཡོད་པའི་མང་ཚོགས་ལ་བགོས།

ཨན་ཆིང་ཀྲེང་ཚང་ནི་བྲ་སོག་སྡེ་བའི་ཕྱུགས་ཟོག་མེད་པའི་ཁྱིམ་ཚང་ཞིག་ཡིན་ལ། ཁོས་བྱིས་པ་གསུམ་སློབ་གྲྭར་སྐྱེལ་དགོས་པ་དང་། ཕྱུགས་ཟོག་མེད་པས་ཡོང་སྒོ་མེད། ཨན་ཆིང་ཀྲེང་གིས་རྩྭ་ས་བུན་ཚབ་དུ་སྤྲད་རྗེས། ཕྱིར་ཡུལ་དུ་ལོག་ནས་གླ་རྒྱག་བཞིན་ཡོད། ཁོའི་འཚོ་བ་ཇེ་སྡུག་ཏུ་ཕྱིན་པ་མཐོང་ཚེ། ཏང་ཀྲི་པུའུ་ཡིས་ཁོ་ལ་འཁོར་རྒྱུག་མ་མོ་བྱིན་ནས་བཟའ་མི་གང་པོའི་འཚོ་བར་འགན་སྲུང་ཡོད་པར་བྱས་ལ། ད་ལྟ་ཁོ་ཚང་ལ་ལུག་སུམ་བརྒྱ་ལྷག་ཡོད་པ་དང་། དངུལ་བུན་འཇལ་ཚར་རྗེས་ཁོས་རང་ཉིད་ཀྱི་རྩྭ་ས་ཡང་ཕྱིར་བླངས།

འཁོར་རྒྱུག་མ་མོའི་རོགས་སྐྱོར་གྱི་ཕན་འབྲས་མཐོང་བ་ན། བྲ་སོག་སྡེ་བའི་ཏང་ཀྲི་པུའུ་ཡིས་གོང་རིམ་སྡེ་ཁག་ལ་མ་དངུལ་རེ་ཞུ་བྱས་པར་མ་ཟད། མ་མོ་སྟོང་གཉིས་ཉོས་ཏེ་སྡེ་བའི་ནང་གི་ཆ་རྐྱེན་ཞན་པའི་འབྲོག་ཁྱིམ་དབུལ་ཕོངས་ཁྱིམ་ཚང་ལ་མུ་མཐུད་དུ་འཁོར་རྒྱུག་མ་མོ་བྱིན་ཏེ། “ཁྱིམ་གཞིས”ཡོད་དུ་བཅུག

ལས་འགན་འཁུར་ཏེ་མང་ཚོགས་ཕྱུག་བསྒྱུར་གྱི་སྤོབས་པ་ཇེ་བརྟན་དུ་བཏང་བ།

མཚོ་སྔོན་པོའི་ཉེ་འགྲམ་དུ་ཡུལ་སྐོར་མགྲོན་པོ་མང་པོར་འབྲེལ་འདྲིས་བྱས་པ་དང་བསྟུན་ནས། བྲ་སོག་སྡེ་བའི་ཏང་ཀྲི་པུའུ་ཡི་འཕེལ་རྒྱས་ཀྱི་འདུ་ཤེས་ལའང་འགྱུར་བ་བྱུང་།

“ས་གནས་ཀྱི་ཁྱད་སྟོབས་བཟང་པོར་བརྟེན་ན། སྡེ་མིའི་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ་བམ།”

བྲ་སོག་སྡེ་བའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་འཕེལ་རྒྱས་བསམ་ཕྱོགས་རྒྱ་ཆེར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་། “ཏང་རྩ་འཛུགས་དང་། མཐུན་ཚོགས། ཀུང་སི། དབུལ་ཕོངས་ཁྱིམ་ཚང”བཅས་ཀྱི་དཔེ་དབྱིབས་བེད་སྤྱད་དེ། “རྨི་ལམ་གྱི་དག་ཞིང་”ཞེས་པའི་ཡུལ་སྐོར་མཐུན་ཚོགས་ཤིག་བཙུགས་པ་དང་། མ་དངུལ་སྣ་ཚོགས་གཅིག་བསྡུས་བྱས་ནས། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་སྡེའི་ཡུལ་སྐོར་རྟེན་གཞི་གསར་སྐྲུན་བྱས།

2019ལོ་ནས2020ལོའི་བར། ཡུལ་སྐོར་རྟེན་གཞི་ལ་བརྟེན་ནས་བསྡོམས་པས་ཡོང་སྒོ་སྒོར་མོ་འབུམ་དགུ་དང་ཁྲི་གཉིས་ལྷག་བླངས་བ་དང་། དེའི་ནང་སྒོར་མོ་འབུམ་བཞི་དང་ཁྲི་ལྔ་ལྷག་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཕོངས་སུ་འགྱུར་ལ་ཉེ་བའི་ཁྱིམ་ཚང་ལ་བགོས་པ་དང་། འཕྲོ་མ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་བཀོལ།

“རྨི་ལམ་གྱི་དག་ཞིང”བཙུགས་པའི་དུས་མགོར། མཁར་བྷ་ཚང་གི་རྩྭ་ས་སྡོད་གནས་སུ་གཏན་འཁེལ་བྱས་པ་དང་། སྡེ་བས་ས་མུའུ་རེ་ལ་སྒོར་ཉེར་ལྔ་རེ་ཡི་རིན་གོང་ལྟར་གླ་རྒྱུ་ཐག་བཅད། མཁར་བྷ་ཡིས་གནས་ཚུལ་དེ་ཤེས་རྗེས། འཁང་ར་ཅི་ཡང་མེད་པར་སྡེ་བའི་འབྲེལ་ཡོད་ཀྱི་འགྲོ་ལུགས་སྒྲུབ་པར་ཧུར་ཐག་གི་སྒོ་ནས་རམ་འདེགས་བྱས།

ད་ལོ་ནི་བསོད་ནམས་སྒྲོལ་མ“རྨི་ལམ་གྱི་དག་ཞིང”དུ་ལས་ཞུགས་བྱས་ནས་ལོ་གསུམ་འགོར་བ་དང་། ལོ་རེའི་ཡུལ་སྐོར་དུས་གཞུང་ལ། བསོད་ནམས་སྒྲོལ་མ“རྨི་ལམ་གྱི་དག་ཞིང”དུ་ལས་ཞུགས་བྱེད་ཅིང་། ཁོམ་ལོང་ཡོད་དུས་ཁྱོ་གར་ཕྱུགས་འཚོ་རོགས་བྱེད་ལ། ཁྱིམ་གྱི་ཡོང་སྒོ་ལོ་རེར་སྒོར་མོ་བརྒྱད་བརྒྱ་ལྷག་གི་ཇེ་མང་དུ་སོང་བས། བསོད་ནམས་སྒྲོལ་མའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག

དེ་དང་མཉམ་དུ། བྲ་སོག་སྡེ་བས་མ་དངུལ་མང་པོ་གཅིག་བསྡུས་བྱས་ནས། རྫོང་མཁར་དུ་ཚོང་ཁང་གྱན་བཅུ་ཉོས་པ་དང་། སྡེ་བ་གཞུང་གི་རྩྭ་ས་སྤྱི་ཆིང་བཞི་བརྒྱ་དང་གྱ་དགུ་ཡོད་པ་ཚང་མ་ཕྱིར་གླས། སྡེ་བའི་ཐུན་མོང་ལ་ཡོད་པའི་ལུག་སྟོང་གཉིས་དང་ལྔ་བརྒྱ་དོན་ལྔ་དང་ནོར་རེ་གསུམ་མུ་མཐུད་དུ་མོ་ཕྱུགས་འཁོར་རྒྱུག་ཐད་ལ་སྤྱད། 2020ལོར། བྲ་སོག་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་མོ་འབུམ་གསུམ་དང་ཁྲི་ལྔ་སྟོང་ལྔ་ལྷག་ལ་སླེབས།

ཐུན་མོང་དཔལ་འབྱོར་ཕྱུག་པོར་གྱུར་པས། སྡེ་བའི་ལས་བྱེད་པའི་བརྩོན་སེམས་ལ་སྐུལ་སྤེལ་བྱས་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་ནུས་ཤུགས་ཀྱང་མངོན་གསལ་གྱིས་ཇེ་ཆེར་སོང་ནས། མང་ཚོགས་ཀྱི་དཀའ་ཁག་དང་རེ་ཞུ་ཐག་གཅོད་བྱེད་པར་ཡང་སྤོབས་པས་ཁེངས།

ལས་འགན་ཁུར་ཏེ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་མཐོར་འདེགས་བཏང་བ།

ཏང་ཡོན་ཁྱིམ་སྦྲེལ་ནི་གཞི་རིམ་ལ་ཞབས་ཞུ་སྒྲུབ་པའི་རྣམ་པ་གསར་པའི་རིགས་ཤིག་ཡིན་པ་དང་། ཏང་ཡོན་དང་མང་ཚོགས་ཀྱི་བར་ཐག་སྔར་བས་ཇེ་ཉེར་གཏོང་ཐུབ་ལ། ཞབས་ཞུ་སྒྲུབ་པའི་ཕན་འབྲས་ཀྱང་མཐོར་འདེགས་གཏོང་ཐུབ། ཏང་ཡོན་ཁྱིམ་སྦྲེལ་བྱེད་ཐབས་ཀྱིས་ཏང་ཡོན་དང་མང་ཚོགས་ཀྱི་བར་ཐག་ཇེ་ཉེ་དང་གནད་དོན་ཐག་གཅོད་བྱེད་ཚད་ཇེ་མགྱོགས་སུ་བཏང་།

བྲ་སོག་སྡེ་བར་ཏང་ཡོན་སུམ་ཅུ་ཡོད་པ་དང་། མི་རེས་དབུལ་ཐར་ཁྱིམ་ཚང་གཅིག་རེ་ལ་མཉམ་སྦྲེལ་བྱས་ཡོད། “ཏང་ཡོན་ནི་མང་ཚོགས་ཀྱི་ཁྲོད་ནས་ཐོན་པས། མང་ཚོགས་ལ་འབྲེལ་གཏུག་བྱེད་པར་ཡང་ལྷག་ཏུ་སྟབས་བདེ་པོ་ཡོད།” ཡི་དམ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྡེ་བའི་ནང་གི་ཏང་ཡོན་གྱིས་དབུལ་ཐར་ཁྱིམ་ཚང་ལ་དམངས་ཕན་སྲིད་ཇུས་དང་གསོ་སྤེལ་བྱེད་ཐབས། བདག་གཉེར་འདུ་ཤེས་བཅས་བཤད་པར་མ་ཟད། མང་ཚོགས་ལ་ཅི་ཞིག་མཁོ་ན་ཏང་ཡོན་གྱིས་དེ་ཉིད་འདོན་སྤྲོད་བྱས་ཏེ། ཚད་ཆེས་ཆེན་པོས་མང་ཚོགས་ལ་རོགས་རམ་བྱས་ནས་དབུལ་ཐར་རྗེས་ཀྱི་སྲ་བརྟན་བྱ་བ་ལེགས་པོར་སྒྲུབ་ཟེར།

བྲ་སོག་སྡེ་བས་རང་ས་གནས་དང་ཐག་ཉེ་ས་ནས་ཁྱིམ་ཚང་མཉམ་སྦྲེལ་བྱེད་པ་དང་ཕྱོགས་གཉིས་ཀས་རང་མོས་ཀྱིས་མཉམ་སྦྲེལ་ཁྱིམ་ཚང་བདམས་པ། ཏང་ཡོན་གྱི་ནུས་པ་གཞིར་བཟུང་ནས་ཁྱིམ་ཚང་མཉམ་སྦྲེལ་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས། “དམར་པོའི་གྲོགས་ཚོམ”བཙུགས་ཏེ། ཀྲི་པུའུ་དང་ཏང་ཡོན། མང་ཚོགས་བཅས་ཀྱིས་གྲོགས་ཚོམ་དེའི་ནང་དུ་ཏང་ཡོན་དང་ཀྲི་པུའུ་ཡིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས།

“ཁོས་ང་ལ་ལུག་བཅོ་ལྔ་བྱིན་པར་མ་ཟད། ད་དུང་ངའི་ནོར་ལུག་ལ་ཉེན་བཅོལ་ཡང་ཉོས་པ་རེད། ཁོས་ང་རང་ཁོང་གི་ཁྱིམ་མི་ཞིག་གི་ཚབ་ཏུ་བཞག་ཡོད།”རང་ཉིད་ཀྱི་ཆེས་བཀའ་དྲིན་ཞུ་འདོད་པའི་མི་དེ་གླེང་དུས། མི་འགྱུར་རྡོ་རྗེ་ལ་ཐེ་ཚོམ་ཅི་ཡང་མེད་པར་རང་ཉིད་ཀྱི་ཁྱིམ་སྦྲེལ་ཏང་ཡོན་རྒྱལ་མཚན་གྱི་གནས་ཚུལ་བཤད་བྱུང་།

རྒྱ་སྐད་དེ་འདྲ་བཤད་མི་ཤེས་པའི་མི་འགྱུར་རྡོ་རྗེ་སྨན་ཁང་ལ་འགྲོ་སྐབས། རྒྱལ་མཚན་གྱིས་ནམ་ཡང་འགྲོ་རོགས་བྱེད་ཀྱིན་ཡོད་པས། མི་འགྱུར་རྡོ་རྗེ་ནད་ལ་བལྟ་རུ་འགྲོ་བར་སྟབས་བདེ་གང་མང་སྐྲུན། རྒྱལ་མཚན་གྱིས་རང་ལ་རོགས་རམ་བྱས་མྱོང་བའི་དོན་དག་ཕྲན་ཚགས་རྣམས་དྲན་ཡོང་དུས། མི་འགྱུར་རྡོ་རྗེའི་གདོང་ལ་འཛུམ་གྱིས་ཁེངས་འདུག་ཅིང་། རྒྱལ་མཚན་གྱིས་རོགས་རམ་བྱས་པའི་སྟབས་ཀྱིས་ཁོ་རང་དབུལ་ཐར་གྱི་ལམ་དུ་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་ལེགས་སུ་སོང་།

དུས་སྐབས་གསར་པར། མང་ཚོགས་ཀྱི་ཁེ་ཕན་དང་རེ་འདོད་ཉིན་རེ་བཞིན་འཕེལ་བ་དང་བསྟུན་ནས། བྲ་སོག་སྡེ་བའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་རེ་འདོད་དང་མང་ཚོགས་ཀྱི་དཀའ་ཁག་ཐག་གཅོད་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་བསྐང་བར་འབད་དེ། “ཏང་ཡོན་རེ་ནི་དར་ཆ་རེ་ཡིན”པའི་བྱ་འགུལ་དང་ཟུང་འབྲེལ་བྱས་ནས། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཐོག་མའི་འདྲི་རྩད་འགན་འཁྲིའི་ལམ་ལུགས་དང་གོ་རིམ་ཧྲིལ་པོའི་ཚབ་སྒྲུབ་ལམ་ལུགས་དངོས་འབེབས་བྱས་ཏེ། མང་ཚོགས་ཀྱི་བྱ་བ་མགྱོགས་མྱུར་དང་སྟབས་བདེའི་ངང་སྒྲུབ་ཕྱིར་ཡུལ་ཚོ་སྲིད་གཞུང་གིས་ཆེད་དུ་ལས་སྒྲུབ་བྱེད་ས་བཙུགས་པར་མ་ཟད། ཞབས་ཞུའི་འདུ་ཤེས་དང་ཞབས་ཞུའི་སྤྱོད་ཚུལ། ཞབས་ཞུའི་ཆུ་ཚད་བཅས་མཐོར་འདེགས་གཏོང་བ་དེ་ཀྲི་པུའུ་ཡི་བྱ་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྒྲུབ་ཀྱིན་ཡོད།

“ད་ཡོད་ཀྱི་རྨང་གཞིའི་སྟེང་། སྔར་ལས་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཁུལ་འགའ་ཞིག་བསྐྲུན་པ་དང་། དབུལ་ཐར་ཁྱིམ་ཚང་གི་དབུལ་ཐར་སྲ་བརྟན་བྱ་བ་མུ་མཐུད་དུ་ལེགས་སྒྲུབ་བྱེད་རྒྱུ་ཡིན”ཞེས་ཡི་དམ་བཀྲ་ཤིས་ཀྱིས་སྡེ་བའི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་འཆར་གཞི་རེ་རེ་བཞིན་བརྩིས་ཤིང་། སྡེ་དམངས་ལ་སྐྱིད་སྣང་དང་ཐོབ་སྣང་སྔར་ལས་མང་པོ་ཐོབ་ཏུ་འཇུག་པར་ཁོ་ཚོ་ཡིད་ཆེས་ཀྱིས་ཁེངས་འདུག

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།