ཡུལ་སྐོར་འཕེལ་རྒྱས་ལས་དམངས་འཚོར་རེ་བ་ཆེན་པོ་བསྩལ།
2021.09.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

རི་འདབས་ཀྱི་སྐས་ཞིང་གི་ནང་དུ་སྐེ་ཚེའི་མེ་ཏོག་རྣམ་པར་བཞད་ཅིང་། སྦྲང་མའི་ཚོགས་དང་འདབ་ཆགས་ཀྱིས་སྙན་པའི་མགྲིན་དབྱངས་ཅི་དགར་སྒྲོག་བཞིན་འདུག དེ་དག་གིས་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་འབའ་གཙང་ཁོག་ཡུལ་ཚོའི་ལུང་པའི་ཕུགས་སུ་གནས་པའི་གདོད་མའི་སྐྱེ་ཁམས་ལྗོངས་ཁུལ་ལ་སྐྱེ་སྟོབས་ཀྱི་དཔལ་གསར་བ་ཞིག་བསྩལ་འདུག གནམ་སྔོན་པོ་དང་སྤྲིན་དཀར་པོ། ལྗང་མདོག་གི་སྤང་ཐང་། ལུག་མིག་མེ་ཏོག་སོགས་ལས་གྲུབ་པའི་ཨ་ཡེ་སེང་སྨན་རི་བོ་མཛེས་ཤིང་ལྟ་ན་སྡུག

ཉེ་ལམ། སྣང་བརྙན་མཐོར་འདེགས་གཏོང་བ་དང་ཚོང་རྟགས་གྲགས་ཅན་བསྐྲུན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ནང་དོན་གཙོ་བོ་ཡིན་པའི“ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའམ་གྲོང་གསེབ་ཡུལ་སྐོར་དུས་ཚིགས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པ”ཨ་ཡེ་སེང་སྨན་ལྗོངས་ཁུལ་དུ་སྤེལ།

“ང་ཚོས་ཏང་ལ་བསྟོད་གླུ་ལེན། ང་ཡིས་ཏང་ནི་ཡུམ་ལ་བརྩི།”རྣ་བར་བྱང་ཆ་ལྡན་པའི《ང་ཚོས་ཏང་ལ་བསྟོད་གླུ་ལེན》ཞེས་པའི་གླུ་དབྱངས་དེ་གྲགས་པའི་སྐབས་སུ། ཡུལ་དངོས་སུ་དགའ་སྤྲོའི་འབོད་སྒྲ་དང་ཐལ་མོའི་རྡེབ་སྒྲ་མཚམས་མེད་པར་གྲགས།

“འདི་ནི་ཡུལ་མི་རྣམས་ཀྱིས་སེམས་ཁོང་ནས་ཏང་ལ་བཀའ་དྲིན་ཞུ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་འབྲང་བར་འགྱུར་མེད་དམ་བཅའ་འཇོག་པ་བཅས་ཀྱི་བརྩེ་བ་ཟབ་མོ་མཚོན་སྟངས་ཤིག་རེད”འབའ་གཙང་ཁོག་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཞུས་ཀུའོ་མིང་གིས་དེ་ལྟར་བཤད། མིག་སྔར། འབའ་གཙང་ཁོག་ཡུལ་ཚོའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་འབྲས་སྔར་ལས་ལེགས་པོ་བྱུང་བ་དང་། སྤྱི་ཚོགས་འཕེལ་རྒྱས་སྔར་ལས་ཡོངས་ཁྱབ་དང་། མང་ཚོགས་ཀྱི་འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ་བཅས་ཀྱི་སྣང་ཚུལ་མངོན་ཡོད་ལ། ལྷག་པར་དུ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག ཡུལ་མི་རྣམས་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་སྐྱིད་དང་། ཕྱུག་འགྱུར་འབྱོར་འབྲིང་གི་ལམ་དུ་གོམ་སྟབས་ཆེན་པོས་བསྐྱོད་བཞིན་ཡོད།

འབའ་གཙང་ལུང་པ་ནི་རྩྭ་ཆུ་འཛོམས་པའི་ས་ཆ་ཞིག་ཡིན་ལ། སྐས་ཞིང་སྟེང་དུ་རྣམ་པར་བཞད་པའི་སྐེ་ཚེའི་མེ་ཏོག་གི་ཞིང་ཁམས་དེར་ལུང་པའི་ཕུགས་ཀྱི“མིན་ཡོན་ཆུང་བ”ཞེས་པའི་མཚན་སྙན་ཐོབ་ཡོད།

རྫོང་མཐུག་པའི་ལོ་རྒྱུས་དང་ངོ་མཚར་བའི་ཞིང་ལས་རིག་གནས། གཞན་ཡང་དྭངས་གཙང་མཛེས་སྡུག་ལྡན་པའི་ཨ་ཡེ་སེང་སྨན་རི་བོ། ལྐོག་གྱུར་ཡུན་རིང་གི་སི་ཐའེ་རྗེས་ཤུལ། དམངས་སྲོལ་གྱི་རྫོང་མཐུག་པའི་ཀོང་པེ་གོང་འོག ལྐོག་གྱུར་ཡ་མཚན་གྱི“ལ་ངོས་ངོ་མཚར།”མཛེས་སྡུག་བརྗིད་ཆགས་ཀྱི་སྐེ་ཚེ་མེ་ཏོག་སོགས་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་དང་རྫོང་མཐུག་པའི་རིག་གནས་ཀྱི་ནང་དོན། གདོད་མའི་སྐྱེ་ཁམས་ཀྱི་ལྗོངས་ཁུལ་བཅས་ནི་འབའ་གཙང་ལུང་པའི་སྐྱེ་ཁམས་དམིགས་བསལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཆེས་ཆེ་བའི་ལེགས་ཆ་དང་བརྟེན་སར་གྱུར་ཡོད།

འབའ་གཙང་ལུང་པའི་སྙན་གྲགས་དང་ཤུགས་རྐྱེན་མཐོར་འདེགས་གཏོང་བ་དང་། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རིམ་ལ་སྐུལ་འདེད་བྱེད་པ། གྲོང་གསེབ་དར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་ཆེད། འབའ་གཙང་ལུང་པའི་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས“ཡུལ་སྐོར་དར་བའི་ཡུལ་ཚོ་དང་སྐྱེ་ཁམས་ལེགས་པའི་ཡུལ་ཚོ། ཐོན་ལས་ཕྱུག་པའི་ཡུལ་ཚོ། རིག་གནས་དར་བའི་ཡུལ་ཚོ”རུ་བསྐྲུན་པའི་དམིགས་འབེན་དང་དམ་པོར་སྦྲེལ་ནས། ཧུར་བརྩོན་གྱིས“ཚན་རིག་ལྟར་འཚོལ་སྙེག་བྱེད་པ་དང་། ལྐོག་གྱུར་ཡུལ་གྲུ་ནས་དབེན་ས་འཚོལ་བ། གཟུགས་འདས་ཤུལ་བཞག་ལ་ཉམས་ལེན་བྱེད་པ། བོད་ལུགས་འགྲུལ་ཁང་”བཅས་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་ས་རྒྱུད་ཆགས་སུ་བཅུག

“ཡུལ་སྐོར་གྱི་ཐོན་ཁུངས་མོད་ལ། ལོ་རྒྱུས་དང་རིག་གནས་ཕུན་སུམ་ཚོགས་ཤིང་། སྐྱེ་ཁམས་ཀྱི་ལེགས་ཆ་མངོན་གསལ་ཡིན་ནའང་། སྔོན་ཆད་ལྗོངས་ཁུལ་འདི་དག་ཁེར་རྐྱང་གི་ངང་ནས་འཕེལ་རྒྱས་སུ་བཏང་བ་དང་གཅིག་གྱུར་འཆར་འགོད་མ་བྱས་པ། ལྗོངས་ཁུལ་སོ་སོའི་བར་དུ་འདུ་འཛོམས་ཉུང་བས། འཕེལ་རྒྱས་བྱུང་བ་ཆ་སྙོམས་མིན་ལ་ཚོང་རྟགས་གྲགས་ཅན་གྱི་ཕན་འབྲས་ཧ་ཅང་ཞན”ཞེས་འབའ་གཙང་ཁོག་ཡུལ་ཚོའི་འགོ་གཙོ་མ་ཧྲེང་པིའོ་ཡིས་དེ་ལྟར་བཤད། མིག་སྔར། འབའ་གཙང་ཁོག་ཡུལ་ཚོས་ཕེན་ཨན་ཆུས་དེ་མཐོ་སྒང་གི་གྲོང་ཁྱེར་དུ་བསྐྲུན་པ་དང་། གཞིས་ཆགས་ལ་འཕྲོད་པ་དང་ལས་སྐྲུན་ལ་ཕན་པ། ཡུལ་སྐོར་སྐྱིད་པོ་བཅས་ཡིན་པའི་མཁར་གྲོང་གི་གཅིག་གྱུར་བཀོད་འདོམས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དུ་བསྐྲུན་པའི་འཐབ་ཇུས་ཀྱི་གོ་སྐབས་འདི་ལ་དམིགས་ནས། འབའ་གཙང་ལུང་པ་ལྗོངས་ཁུལ་གྱི་གདོད་མའི་སྐྱེ་ཁམས་ནགས་ཚལ་སྲུང་སྐྱོབ་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་བ་དང་། དེར་ཡོད་པའི་ལྗོངས་ཁུལ་གྱི་ཐོན་ཁུངས་ཇེ་མང་དུ་བཏང་སྟེ། ལྗོངས་ཁུལ་དེ་སྒར་གནས་སྤྲོ་གསེང་དང་། དམངས་གཞས་འཚོལ་སྡུད། ཡུལ་ལྗོངས་དངོས་འབྲི་གསུམ་གཞི་གཅིག་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་རྒྱུ་དང་། “ལ་ངོས་ངོ་མཚར”གྱི་རང་བྱུང་ངོ་མཚར་ལ་བརྟེན་ནས་ལྕགས་རྟ་དང་སྙོམས་འཁོར། ཤུད་པང་འཁོར་ལོ་བཅས་ཉམས་ལེན་བྱེད་ས་དང་དྲ་གྲགས་ལྗོངས་ཁུལ་དུ་བསྐྲུན་རྒྱུ་རེད།

ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལྡན་པའི་ཐེག་བྱད་ཡིན་པས། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཕན་འབྲས་ལྡན་པའི་སྒོ་ནས་ཇེ་ལེགས་སུ་གཏོང་ཐུབ་ལ་ཚོང་གི་གོ་སྐབས་ཀྱང་བསྐྲུན་ཐུབ། ཞིང་ཞོར་ཐོན་ལས་སྦྱོར་བཟོ་དང་དངོས་ཟོག་སྐྱེལ་འདྲེན། ཟ་ཁང་། ཞིང་པའི་སྤྲོ་སྐྱིད་ཁང་སོགས་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པའི་དུས་མཚུངས་སུ། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་ན་སྡེ་མི་རྣམས་རང་ཡུལ་དང་ཉེ་ས་ནས་ལས་ཀར་ཞུགས་སུ་འཇུག་ཐུབ་ལ་ཡོང་སྒོ་འཕར་ནས་ཕྱུག་པོར་འགྱུར་ཐུབ།

མིག་སྔར། འབའ་གཙང་ཁོག་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་འཛིན་པ་དང་། ལྗང་མདོག་རྨང་གཞི་བྱེད་པ་དང་ད་ཡོད་ཀྱི་ས་ཞིང་ཐོན་ཁུངས་འཆར་འགོད་བེད་སྤྱོད་བྱས་ནས། “མུའུ་བརྒྱའི་མེ་ཏོག་དང་མུའུ་སྟོང་གི་ནགས་ཚལ། ཁམ་བུའི་མེ་ཏོག་གི་ལུང་པ”བསྐྲུན་རྒྱུ་དང་། ས་ཁོངས་ཡོངས་ཀྱི་ཧོར་རིགས་སྡེ་བ་གཅིག་པུ་ལ་བརྟེན་ནས། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་སྡེ་བ་བསྐྲུན་པ་དང་། དེར་མ་ཟད་ཧོར་རིགས་ཀྱི་གཙགས་དྲུབ་དང་ཞབས་བྲོ་སོགས་ཧོར་རིགས་རིག་གནས་ཀྱི་རྟགས་མཚན་དང་ནང་དོན་སྣོན་པ། གཟུགས་འདས་ཤུལ་བཞག་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རིག་གནས་གསར་སྐྲུན་གྱི་ཐོན་རྫས་ལེགས་ཤོས་གསར་གཏོད་བྱེད་པ། “ལོ་རྒྱུས་གནའ་ཤུལ་དང་ཞིང་ལས་རིག་གནས”ནང་དོན་ཡིན་པའི་རིག་གནས་འགྲེམ་སྟོན་ཁང་ལས་པ། བོད་ཀྱི་གླུ་གར་འཁྲབ་སྟོན་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། ཐོག་མར་གུར་གོང་མ་སྡེ་བ་རུ“བོད་མིའི་བཟའ་བཏུང་དང་། ཁྱད་ལྡན་ཞག་སྡོད། གླུ་གར་འཁྲབ་སྟོན”བཅས་ཁྱད་ཆོས་ཡིན་པའི་མཛེས་སྡུག་གི་གྲོང་གསེབ་ཡུལ་སྐོར་བྱ་ཡུལ་བསྐྲུན་ནས། འབའ་གཙང་ལུང་རྒྱུད་དུ“ཚན་རིག་འཚོལ་ཞིབ་དང་། ལྐོག་གྱུར་ཡུལ་གྲུ་ནས་དབེན་ས་འཚོལ་བ། གཟུགས་འདས་ཤུལ་བཞག་ལ་ཉམས་ལེན་བྱེད་པ། བོད་ལུགས་ཞིང་སྡེ་མགྲོན་ཁང་”ཁྱད་ཆོས་ཡིན་པའི་གྲོང་གསེབ་ཀྱི་ལྷོད་གཡེང་འཚོ་བའི་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།