གསེར་གཞོང་སྡེ་བ་རུ“གསེར་གྱི་གཞོང་བ”ཞིག་ཡོད།
2021.09.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

ཞོགས་པའི་དུས་ཚོད་བརྒྱད་སྟེང་ལམ་ལ་ཆས་ནས་ཕྱིར་རང་ཁྱིམ་དུ་ལོག་དུས་ས་རུབ་ལ་ཉེ། དོན་གྲུབ་ཚེ་བརྟན་འབོལ་ཁྲིའི་སྟེང་ཙོག་ནས། ཁ་གཏད་ཀྱི་གྱང་ངོས་སུ་དཔྱངས་པའི་ཆུ་ཚོད་འཁོར་ལོར་ཐེངས་ཤིག་བལྟས་རྗེས། མུ་མཐུད་དུ་སང་ཉིན་གྱི་བྱ་བར་འཆར་གཞི་འགོད་མགོ་བརྩམས།

མཚན་མོར་ཁུ་སིམ་མེར་ལས་ལ་བརྩོན་དུས། དུས་ཚོད་ནི་ཅི་འདྲའི་ཐུང་དྲགས་པ་ཞིག་རེད་ཨང་། མཚན་མོའི་ཆུ་ཚོད་ཀྱི་ཐག་སྒྲས་ཁོ་རང་སུན་པོ་བཟོས་སོང་བ་ལྟར། དོན་གྲུབ་ཚེ་བརྟན་གྱིས་ཡང་བསྐྱར་མགོ་བོ་དགྱེ་ནས་ལྟ་དུས། ཏག་ཏག་ནམ་གུང་གི་དུས་ཚོད་བཅུ་གཉིས་ལ་སླེབས་འདུག ལག་གི་འབྲི་དེབ་ཀྱི་ཁ་བསུམས་རྗེས། དབུགས་རིང་ཞིག་འཐེན་ཞོར་སྐེ་ཕར་ཡོ་ཚུར་ཡོ་ཙམ་བྱས་ཏེ་གཞི་ནས་གཉིད་དུ་ཡུར།

དོན་དུ། དོན་གྲུབ་ཚེ་བརྟན་ལ་མཚོན་ན། ལོ་གཅིག་གི་བྲེལ་བ་ཆེ་བའི་དུས་ནི་ལོ་ལེགས་སྡུད་བར་ཉེ་བའི་དུས་ཙམ་མ་ཡིན་པར། དཔྱིད་མགོ་ཚུགས་དུས་ས་ཐག་རིང་ཐུང་ཀུན་ལ་ཕྱིན་ནས། ནས་དང་ལོག་དཀར། ཡུག་པོའི་ས་བོན་སོགས་འཚོལ་བ་དང་། དབྱར་དུས་ཞིང་ནང་དུ་སྡེ་མི་ཚོར་རྩྭ་ལྡུམ་འབལ་ཚུལ་དང་། ཡུར་མ་ཡུར་ཚུལ་བཤད་པ་སོགས་རང་གི་ནུས་ཚོད་ཀྱིས་འབད་བཞིན་ཡོད།

དོན་གྲུབ་ཚེ་བརྟན་གྱི་བྱ་བའི་གོ་རིམ་ཁྲོད། ཉིན་གཅིག་གི་བྱ་བ་བཀོད་སྒྲིག་བྱས་ཏེ་དུས་ཚོད་སྐར་མ་གཅིག་ཀྱང་ཆུད་ཟོས་སུ་གཏོང་གིན་མེད།

སྟོན་གྱི་ཉི་འོད་དཔལ་ཁ་རི་བོའི་ཕྲག་གཡས་ནས་རིམ་གྱིས་གསེར་གཞོང་སྡེ་བའི་ཁོད་ཡངས་པའི་རྩྭ་ཐང་དུ་ཤར་བ་ན། ལོ་ཡག་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ། རོང་འབྲོག་མང་ཚོགས་ཀྱི་གདོང་ལ་དགའ་བའི་འཛུམ་མདངས་ཤར་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་བྱེད་པའི་བྱ་འགུལ་ཐེངས་ཤིག་སྤེལ་བའི་རྗེས་སུ། མཉམ་ལས་ཁང་གི་ཁྱིམ་ཚང་སོ་དགུ་ཡི་ལས་མི་ཡོངས་ཀྱི་བསམ་འཆར་སྡུད་ལེན་བྱེད་བཞིན། ཡར་སྔོན་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ཐོན་ལས་རོགས་སྐྱོར་མ་དངུལ་ལས། གངས་འོད་རྫི་བུ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ལ་བསྐྱིས་པའི་མ་དངུལ་སྒོར་འབུམ་ལྔ་ཕྱིར་སྤྲད་པ་རེད།

“རེད། ང་ཚོར་ལམ་སྟོན་བྱས་ཟིན་པར་མ་ཟད། རོགས་རམ་ཡང་གང་མང་གནང་བ་རེད།”

“ད་ནི་ང་ཚོ་འགུལ་རན་སོང་། ང་ཚོ་སད་རན་སོང་།”

ཡུལ་དངོས་སུ་སྡེ་མི་རྒན་གཞོན་ཀུན་གྱིས་དེ་ལྟར་ལབ་གླེང་སྣ་ཚོགས་བྱེད་བཞིན་འདུག

“ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ།”སྤྱིར་བཏང་གི་མི་བུ་ཞིག་གི་ཁ་ཕོ་མ་ཡིན་པར། དཔལ་ཁ་གྲོང་རྡལ་གསེར་གཞུང་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་དོན་གྲུབ་ཚེ་བརྟན་གྱིས། སྟོད་གོས་ཀྱི་ཕུ་ཐུང་བརྫེས་ནས་སྤོབས་པ་དང་བཅས་ཡུལ་དངོས་སུ་ཡོད་པའི་སྡེ་བའི་མང་ཚོགས་ལ་དེ་ལྟར་བཤད།“དབུལ་ཕོངས་ཁྱིམ་ཚང་གི་ཞྭ་མོ་ཕུད་ཟིན་པས། ང་ཚོས་རང་གི་བློ་གྲོས་དང་འབད་བརྩོན་ལ་བརྟེན་ནས་ཕྱུག་པོར་བསྒྱུར་དགོས།”

གར་འོང་མི་ཤེས་པའི་སྤྲིན་པ་ཁ་དཀར་གཏིང་ནག་ཅིག་གིས། རེ་ཞིག་མཉམ་ལས་ཁང་གི་ར་སྐོར་ཡོངས་ཆར་བས་བརླན་ན་ཡང་། སྡེ་མི་ཚོས་སྔར་བཞིན་སྡེ་བའི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་ཚོགས་དཔལ་འབྱོར་གོང་དུ་སྤེལ་བར་གྲོས་མོལ་བྱེད་བཞིན། ཆར་ནང་དུ་འགུལ་མེད་དུ་ལུས།

ཡུལ་དངོས་ཀྱི་རྣམ་པ་ལས་འབྲོག་པ་མང་ཚོགས་ཀྱིས་ཚོགས་འདུ་དེར་ཅི་འདྲའི་དོ་སྣང་བྱེད་ཀྱིན་པ་ཤེས་ཐུབ་ལ། དེ་ལས་གཞན་མི་རབས་ནས་མི་རབས་བར་ཕྱུགས་ལས་གཉེར་བའི་མང་ཚོགས་ཀྱི་བསམ་བློར་འགྱུར་བ་བྱུང་ཡོད་པའང་རིམ་གྱིས་རྟོགས་ཡོང་།

ལོ་གསུམ་གྱི་སྔོན་ལ། གངས་འོད་རྫི་བུ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གཉེར་མགོ་ཚུགས་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་གསེར་གཞོང་སྡེ་བར་མཉམ་ལས་ཁང་ཇེ་མང་དུ་ཕྱིན། གངས་འོད་རྫི་བུ་མཉམ་ལས་ཁང་དེ་མཉམ་ལས་ཁང་གཞན་དང་མི་འདྲ་བ་ནི། དེའི་ནང་ཞུགས་པའི་ལས་མི་ཡོངས་དབུལ་ཐར་མཁྲེགས་གཏོར་ཁྲོད། ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དག་ཡིན།

“དང་ཐོག ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལས་གྲུབ་པའི་མཉམ་ལས་ཁང་ཞིག་གཉེར་བ་འདི་ཡང་། སྡེ་བའི་ནང་གི་ཏང་ཡོན་རྒན་པ་ཚོའི་བསམ་ཚུལ་ཡིན་ལ། སྡེ་བའི་ཏང་ཡོན་ཚོགས་ཆེན་སྟེང་ཐེངས་མང་པོར་བསམ་འཆར་སྡུད་ལེན་བྱས་ཏེ་གཏན་འཁེལ་བྱས་པ་ཞིག་ཀྱང་ཡིན།”

གསེར་གཞོང་སྡེ་བར་ཁྱིམ་ཚང་ལྔ་བརྒྱ་སོ་བདུན་ཡོད་པའི་ནང་། ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞེ་བཞི་ཡོད་ལ། དེའི་ཁྲོད། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ལྟར། ངལ་རྩོལ་གྱི་ནུས་པ་མེད་པར་ཏང་གི་སྲིད་ཇུས་ཀྱིས་མཐིལ་བརྟོལ་བའི་ཁྱིམ་ཚང་ལྔ་ཡོད་པ་ལས། གཞན་དབུལ་ཕོངས་ཁྱིམ་ཚང་སོ་དགུ་དང་མི་བརྒྱ་དང་བཞི་བཅུ་ལྷག་ལ་ཁྱིམ་ཐོན་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་འབུམ་དགུ་དང་ཁྲི་དྲུག་ཐོབ་པ་རེད།

མ་དངུལ་སྒོར་འབུམ་དགུ་དང་ཁྲི་དྲུག་གིས་ལས་ཀ་ཅི་ཞིག་བསྒྲུབ་དགོས་པ་དང་། ལས་ཀ་ཅི་ཞིག་གཉེར་ན་ད་གཟོད་མང་ཚོགས་ལ་ཕན་ཐོགས་མིན་གྱི་དོན་ལ། དོན་གྲུབ་ཚེ་བརྟན་གྱིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མྱོང་། རྫོང་དང་གྲོང་རྡལ་རིམ་པ་གཉིས་ཀྱི་སྲིད་གཞུང་གི་སྣེ་ཁྲིད་འོག གསེར་གཞོང་སྡེ་བས་ཏང་ཡོན་ཚོགས་ཆེན་དང་སྡེ་དམངས་ཚོགས་ཆེན་བསྡུས་ནས། བགྲོ་གླེང་བྱས་མཐར་ཁྱིམ་རེར་ཐོན་པའི་ཐོན་ལས་རོགས་སྐྱོར་མ་དངུལ་བཀོལ་སྤྱོད་བྱ་རྒྱུར་མོས་མཐུན་བྱུང་།

དེ་ནས་བཟུང་། ཁྱིམ་རེར་ཐོན་པའི་ཐོན་ལས་རོགས་སྐྱོར་མ་དངུལ་དེ་ལག་བསྟར་བྱེད་མགོ་ཚུགས་ཤིང་། གཙོ་བོ་གངས་འོད་རྫི་བུ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གཉེར་མགོ་བརྩམས་པ་རེད།

མཉམ་ལས་ཁང་ཞིག་གཉེར་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། དེ་བཞིན་སྡེ་བའི་དབུལ་ཕོངས་མང་ཚོགས་ཕྱུག་པོར་འགྱུར་ཐུབ་པའི་མཉམ་ལས་ཁང་ཞིག་གཉེར་བར་རྒྱུ་དངོས་གང་ཐད་ནས་དཀའ་ལས་མང་པོ་ཡོད་པ་དོན་གྲུབ་ཚེ་བརྟན་གྱི་སེམས་སུ་མེ་ལོང་ནང་གཟུགས་རིས་ཤར་བ་བཞིན་གསལ་བོར་སྣང་།

རྨང་གཞི་བརྟན་པོ་འདིང་ཆེད། ལོ་བཞིའི་སྔོན་དུ། སྡེ་བའི་ནང་དུ་སྡེ་བའི་ཐུན་མོང་དཔལ་འབྱོར་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་ཙམ་ཡོད་པ་དེའི་ཁྲོད་ནས། ཕྱེད་ཀ་གངས་འོད་རྫི་བུ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་བསྐྱིས་པ་རེད།

དོན་དངོས་སུ། མཉམ་ལས་ཁང་འདི་མ་གཉེར་གོང་། གསེར་གཞོང་སྡེ་བ་རུ་གཞི་ཁྱོན་ཅུང་ཆེ་བའི་མཉམ་ལས་ཁང་གཉིས་ཡོད་དེ། དེ་ནི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་། སྟོན་བརྒྱ་འདེབས་འཛུགས་ལས་རིགས་ཆེད་ལས་མཉམ་ལས་ཁང་རེད།

ཁྱིན་ཚང་རེར་ཐོན་པའི་ཐོན་ལས་རོགས་སྐྱོར་མ་དངུལ་དེ། སྔར་ཡོད་མཉམ་ལས་ཁང་གཉིས་ཀྱི་ནང་དུ་མི་འཇོག་པར། ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཆེད་དུ་གཏོང་དགོས་པའི་རྒྱུ་མཚན་ཅི།

དོན་གྲུབ་ཚེ་བརྟན་གཙོ་བྱས་པའི་ཏང་ཡོན་རྣམས་ཀྱིས་དབུལ་ཕོངས་མང་ཚོགས་ཀྱི་སེམས་ཀྱི་སྡུག་བསྔལ་དང་འཚོ་བའི་དཀའ་ཁག་སེལ་ཆེད། དབུལ་ཕོངས་ཁྱིམ་ཚང་རྐྱང་པའི་གྲུབ་པའི་མཉམ་ལས་ཁང་ཞིག་གཉེར་བ་རེད།“འདི་ལྟ་བུ་ཞིག་གཉེར་དགོས་པའི་རྒྱུ་རྐྱེན་ཡང་། མཉམ་ལས་ཁང་ཕན་ཚུན་བར་འགྲན་རྩོད་ཀྱི་བྱེད་ཐབས་སྤྱད་ནས་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་བྱེད་པའི་སྦས་ཤུགས་སྔོག་འདོན་བྱེད་འདོད་པ་ཡིན།”

དོན་དངོས་ལས་ཡོད་ཚད་ར་སྤྲོད་བྱས་པ་ནང་བཞིན། ལོ་ངོ་འགའི་རིང་གི་འབད་བརྩོན་ལ་གྲུབ་འབྲས་བཟང་པོ་ཐོན།

2020ལོའི་ལོ་མཇུག་ཏུ། གངས་འོད་རྫི་བུ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས། མ་མོ་བདུན་བརྒྱ་ལྔ་བཅུ་ཉོས་ནས་ལུ་གུ་ལྔ་བརྒྱ་ལྷག་གསོ་སྤེལ་བྱས་པས་ཁྱིམ་རེར་ལོ་རེར་ཡོང་སྒོ་སྒོར་སྟོང་ལྔ་དང་ཉིས་བརྒྱ་བསྐྲུན་པ་རེད། དུས་མཚུངས་སུ། མཉམ་ལས་ཁང་གཉིས་ཀ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས་ཐོན་སྐྱེད་གཉེར་འཚོང་ལས་ཡོང་སྒོ་རྐྱང་པ་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་གཉིས་ལ་སླེབས།

གྲོང་གསེབ་དར་སྤེལ་གཏོང་བའི་བགྲོད་ལམ་སྟེང་། དབུལ་ཐར་ཁྱིམ་ཚང་ཡང་སྡེ་བའི་ཁྱིམ་ཚང་གཞན་པ་དག་དང་འདྲ་བར་ལྟོ་གོས་ལ་སེམས་ཁྲལ་མེད་པར་གྱུར།“དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ལས་ཐར་བ་དང་། མཉམ་ལས་ཁང་ལའང་རང་ཉིད་འཁོར་རྒྱུག་བྱེད་ཐུབ་པའི་རྨང་གཞིའི་ཆ་རྐྱེན་ལྡན་པས། དེང་སྐབས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སྔར་བས་འཕེལ་རྒྱས་ཡོང་བར་འབད་བཞིན་ཡོད།”

མཚོ་འཕང་སྨི་སུམ་སྟོང་ཡོད་པའི་གསེར་གཞོང་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། མི་རེའི་ཆ་སྙོམས་ཀྱི་རྩྭ་ས་དང་རྨོ་ཞིང་གི་རྒྱ་ཁྱོན་ཤིན་ཏུ་ཉུང་བའི་ཁར། སྡེ་མི་ཚོའི་རིག་གནས་ཀྱི་ཆུ་ཚད་ཞན་པས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བ་དེ་ཁོ་ཚོའི་གནད་དོན་གཙོ་བོར་གྱུར་ཡོད།

དོན་དེར་དམིགས་ནས། དོན་གྲུབ་ཚེ་བརྟན་གྱིས་སྡེ་བའི་རྒན་དར་གཞོན་གསུམ་དང་ལས་བྱེད་པ་དང་ཏང་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ། གསེར་གཞོང་སྡེ་བའི་ཡར་རྒྱས་བརྩོན་ལེན་ཁྲོད་ཞུགས་པའི་དམ་བཅའ་འཇོག་ཏུ་བཅུག

ལོ་འགའི་སྔོན་ལ། ནང་ལོགས་སུ་ཚོང་ལས་གཉེར་དུ་སོང་ནས་ལོ་ངོ་བཅུ་འགོར་བའི་ཚོང་པ་དོན་གྲུབ་ཚེ་བརྟན་སྡེ་བའི་ཨུ་ཡོན་གཉིས་ལ་བདམས་ནས་འཇོན་མིས་ཐོན་ལས་གཉེར་བའི་ལམ་དུ་ཞུགས།

2016ལོ་ནས་བཟུང་། སྡེ་བའི་ཨུ་ཡོན་གཉིས་དང་ཏང་ཡོན་རྒན་པའི་སྣེ་ཁྲིད་འོག གསེར་གཞོང་སྡེ་བ་རུ་ཏང་ཡོན་དང་འཇོན་མིའི་ཚོགས་མི་གཙོ་བྱས་པའི་སྔོན་ཐོན་མཐུན་ཚོགས་བཙུགས།

དབུལ་ཐར་མཁྲེགས་གཏོར་དང་སྡེ་སྲོལ་དམངས་ཆིངས་གཏན་འབེབས། མཉམ་ལས་ཁང་འཛུགས་པ་སོགས་སྡེ་བ་རིམ་པའི་ལས་དོན་ཁྲོད། ཏང་ཡོན་དང་འཇོན་མིས་བྱ་བར་སྣེ་ཁྲིད་དེ། གང་སར་སྔོན་དུ་བརྩོན་ལེན་བྱེད་པ་དང་། སྡེ་བ་ཡོངས་ཀྱི་སྣེ་ཁྲིད་ནས་བསམ་བློར་འགྱུར་བ་ཆེན་པོ་བྱུང་ཡོད།

བཅར་འདྲིའི་ཁྲོད། དཔལ་ཁ་གྲོང་རྡལ་གྱི་དམངས་ཆེན་ཀྲུའུ་ཞི་ལྷུན་གྲུབ་རྡོ་རྗེ་ཡིས་བཤད་རྒྱུར།“འགྱུར་ལྡོག་ཆེན་པོ་བྱུང་བ་ནི། སྡེ་བའི་ནང་དུ་རྒྱན་འཇོག་ཤོ་རྒྱག་གི་སྣང་ཚུལ་མེད་ལ། རྒན་བཀུར་ཆུང་བྱམས་དང་ཞོར་ལས་ལ་འགྲོ་མཁན་ཇེ་མང་དུ་ཕྱིན་ལ། མཉམ་ལས་ཁང་ནང་དུ་ཞུགས་ནས་གོང་སྤེལ་གཏོང་བའི་བརྩོན་སེམས་ཆེས་ཆེར་འཕེལ་ཡོད”ཟེར།

དེང་སྐབས་གསེར་གཞོང་སྡེ་བ་རུ་མཉམ་ལས་ཁང་དག་ཡོང་སྒོ་འཚོལ་བྱེད་ཀྱི“གསེར་གྱི་གཞོང་བར”གྱུར་ཡོད། མཉམ་ལས་ཁང་ཕན་ཚུན་བར་འགྲན་རྩོད་བྱེད་ཀྱིན་ཡོད་པར་མ་ཟད། ད་དུང་ལས་མི་ཁག་གི་བར་དུ་ཡང་འགྲན་རྩོད་བྱེད་པའི་ཉམས་སྣང་གསར་པ་ཞིག་ཆགས་ཡོད་པར་མ་ཟད། སྡེ་བའི་ལས་བྱེད་པ་དང་ཏང་ཡོན། མང་ཚོགས་སུ་ཡིན་རུང་ཕན་ཚུན་ལ་རོགས་རམ་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་ལམ་བུ་གསར་པ་ཞིག་ལ་བསྙེགས་དང་སྙེག་བཞིན་ཡོད་པས། དཔལ་ཁའི་རྩྭ་ཐང་དུ་འཚོ་བ་གསར་པའི་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།