གསེར་ཞུན་བྱུགས་འདྲའི་ཞིང་ནང་ནས། ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ།
2021.09.25 ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ཀློག་གྲངས། 12

པར་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ཁོངས་ཀྱི་སྨིན་ཟིན་པའི་ནས་ཞིང་ཡིན།

ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་ནི་རང་རྒྱལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་རྗེས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་པའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་པོ་རེད། བསྟུད་མར་ཉིན་འགའི་རིང་ལ། བོད་ལྗོངས་ཀྱི་ཞིང་ལས་ས་ཁུལ་སོ་སོས་གཅིག་རྗེས་གཉིས་མཐུད་ངང་བྱ་འགུལ་སྤེལ་ནས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུས་པ་དང་། མི་རིགས་སོ་སོའི་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་གླུ་ལེན་གར་འཁྲབ་ཀྱིས་དགའ་སྤྲོའི་སེམས་པ་མཚོན་པར་བྱས།

ཚེས་ཉེར་གསུམ་ཉིན“ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་། ཏང་གི་བཀའ་དྲིན་ཚོར་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོ་ཡིན་པའི་བོད་ལྗོངས་ཀྱི2021ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་སྤེལ་བ་རེད། ཐེངས་འདིའི་རྟེན་འབྲེལ་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན། རོང་འབྲོག་པའི་སྲོལ་རྒྱུན་དམངས་སྲོལ་ལུས་རྩལ་འགྲན་བསྡུར། གྲུབ་འབྲས་བཤམས་ནས་ལོ་ལེགས་ངོམས་པ། ཞིང་ལས་ཚན་རྩལ་ལས་ལོ་ལེགས་སྐོར་གླེང་བ། དམངས་ཡོངས་ཀྱིས་ལོ་ལེགས་མཉམ་སྤྱོད་བྱེད་པ། དངོས་ཟོག་ཚོང་གཉེར་ཐད་གཏོང་བྱེད་པ་བཅས་ལོ་ལེགས་ལ་སྐུལ་འདེད་བཏང་ནས། བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ཚན་རྩལ་གྱི་གསར་བཅོས་ཆེན་པོ་གང་ལེགས་ཀྱིས་མངོན་པར་བྱས་ལ། རོང་འབྲོག་ཁུལ་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་གྲུབ་འབྲས་བཅས་མངོན་པར་བྱས་ནས། རོང་འབྲོག་མང་ཚོགས་རོང་འབྲོག་ཁུལ་དུ་གཞི་ཚུགས་པ་དང་ཞིང་ཕྱུགས་ལས་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་སྔར་ལས་འཕེལ་ཏེ། ཞིང་པ་མང་ཚོགས་ཀྱིས་ཞིང་ལས་གཉེར་བའི་སྤོབས་སེམས་སྔར་ལས་ཆེ་རུ་ཕྱིན།

ཟླ་དགུ་པའི་ལྷོ་རོང་རྫོང་ནི་སྟོན་ཉམས་ཀྱིས་བརྒྱན་ཅིང་གང་སར་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ། ལྷོ་རོང་རྫོང་ཨ་ཐོག་ཁ་ཐང་ཆེན་དུ་སྐྱོད་སྐབས་དེ་གར་དར་ཚོན་སྣ་ལྔ་ལྷབ་ལྷུབ་ཏུ་གཡོ་བ་དང་མི་ཚོགས་མང་པོ་འདུས་ནས་ཟབ་ཟིང་ལང་ལོང་བྱེད་བཞིན་འདུག “ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་ཏང་གི་བཀའ་དྲིན་ཚོར་བ”བརྗོད་དོན་གཙོ་བོ་ཡིན་པའི་ཆབ་མདོ་གྲོང་ཁྱེར་གྱིས2021ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ལྷོ་རོང་རྫོང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཚོང་ར་དེ་གར་གཉེར་བཞིན་འདུག

བྱ་འགུལ་སྤེལ་ཡུལ་དུ་ལྷོ་རོང་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་རོང་འབྲོག་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་གླུ་ལེན་གར་འཁྲབ་དང་ཐོན་རྫས་འགྲེམས་ཚོང་བྱས་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུས་པ་རེད།

དགོད་སྒྲའི་ཁྲོད་ལྷོ་རོང་རྫོང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཚོང་ར་ཡང་དུས་མཉམ་དུ་གཉེར་ཞིང་། ཐེངས་འདིར་འགྲེམས་ཚོང་ཚོང་རའི་འགྲེམས་གནས་བསྡོམས་པས་དྲུག་ཅུ་བཀོད་སྒྲིག་བྱས་ནས། ལྷོ་རོང་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་། དེ་མིན་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། གཟུགས་འདས་ཤུལ་བཞག་རིག་གནས། འབྲུ་རིགས་ལས་སྣོན་སྤུས་དག་ཐོན་རྫས། ཤིང་ཏོག་རིགས་དང་སྔོ་ཚལ་གྱི་རིགས། དེང་རབས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཡོ་བྱད་བཅས་གཅིག་བསྡུས་སྒོས་འགྲེམས་སྟོན་བྱས་པ་མ་ཟད། སྣ་ཁ་བརྒྱ་དང་དྲུག་ཅུ་ལྷག་ཙམ་ཡོད་པ་དང་སྣ་མང་ཕུན་སུམ་ཚོགས་པའི་ཐོན་རྫས་ལས་ལོ་ལེགས་ཀྱི་རྣམ་པ་གང་ལེགས་ཀྱིས་མངོན་ཡོད།

“ད་ལོ་ང་ཚོའི་སྡེ་བའི་ནས་ཀྱི་ཐོན་འབབ་ན་ནིང་ལས་ཧ་ཅང་བཟང་། དེ་ནི་སྲིད་གཞུང་གིས་རིན་མེད་ངང་མཁོ་འདོན་བྱས་པའི་སོན་བཟང་དང་ལག་རྩལ་གྱི་མཛུབ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ཚང་མའི་ངར་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་རྫི་ཐོ་གྲོང་རྡལ་བླ་མཚོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚུལ་ཁྲིམས་ཡོན་ཏན་གྱིས་ཕ་ཡུལ་གྱི་ཐོན་རྫས་ཁྱེར་ནས་ཚོང་རར་ཐོན་ཡོད།

ལྟ་བས་མི་ངོམ་པའི་ཚོང་ཟོག་ལ་ལྟ་བཞིན་ལྷོ་རོང་རྫོང་ཞིང་ལས་དང་ཞིང་སྡེ་ཅུའུ་ཡི་ཅུའུ་ཀྲང་བཀྲ་ཤིས་ཀྱིས་འཛུམ་དམུལ་དམུལ་ངང་བཤད་རྒྱུར། “ད་ལོ་རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་སྔོན་དཔག་བྱས་ན་རྒྱ་མ་བྱེ་བ་ལྔ་དང་ས་ཡ་གཉིས་ཡན་ཟིན་ཡོད་པ་དེ་དུས་མཉམ་ལས་བརྒྱ་ཆའི་གཅིག་དང་གྲངས་ཆུང་དགུ་འཕར་ཡོད། གོ་རིམ་རྗེས་མར་ང་ཚོས་ཚད་གཞི་མཐོ་བའི་ཞིང་ས་ཧུར་ཐག་གིས་བསྐྲུན་པ་དང་འབྲུ་རིགས་ལོ་ཏོག་གི་འདེབས་ཁྱོན་ཆེ་རུ་བཏང་ནས། ཆབ་མདོ་གྲོང་ཁྱེར་གྱི‘འབྲུ་མཛོད་ནུབ་མ’སྐྲུན་ཆེད་སྟོབས་ཤུགས་སྔར་ལས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།

ཤེས་རྟོགས་བྱུང་བ་ལྟར་ན། 2021ལོར་ཆབ་མདོ་གྲོང་ཁྱེར་གྱི་འབྲུ་རིགས་བཏབ་པའི་རྒྱ་ཁྱོན་ས་མུའུ་འབུམ་དྲུག་དང་ཁྲི་བརྒྱད་ཡོད་པར་སྔོན་དཔག་བྱས་ན་འབྲུ་རིགས་ཐོན་ཚད་ཏུན་འབུམ་གཅིག་དང་ཁྲི་དགུ་སྟོང་གཅིག་ཙམ་ཟིན་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཉེར་བཞི་ཡིས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ཙམ་བླངས་ནས་ཞིང་བ་ཁྱིམ་ཚང་སྟོང་བདུན་དང་བརྒྱ་ལ་སྐུལ་ཁྲིད་བྱས་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་སྟོང་བཞི་བརྒྱ་དང་ལྔ་བཅུ་ཡོད། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སུམ་བརྒྱ་ང་གཉིས་ཀྱིས་ཞིང་བ་ཁྱིམ་ཚང་སྟོང་དྲུག་དང་དགུ་བརྒྱ་ང་དྲུག་གི་མི་གྲངས་ཁྲི་གཅིག་དང་སྟོང་བཞི་བདུན་བརྒྱ་ལྔ་བཅུ་ལ་སྐུལ་ཁྲིད་བྱས་པས། མི་རེར་ཆ་སྙོམས་ཡོང་འབབ་སྒོར་སྟོང་ལྔ་དང་དགུ་བརྒྱ་དོན་གསུམ་རེད། གྲོང་ཁྱེར་ཡོངས་ཀྱི་ལོ་སྟོད་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་གསུམ་ལྷག་ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆའི་བཅུ་གསུམ་འཕར་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།