མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་དགོས།
2021.09.26 ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 34

      བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ།

ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་མོ་ཞིག་ཡིན། ནང་བཀྲ་ཤིས་ན་ཕྱི་དོན་འགྲུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་གིས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ། ཤུགས་རྒྱག་ས་གཅིག་ལ་རྒྱག་པ་བཅས་བྱས་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ།

མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ནས་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པར་ཐོག་མར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་དད་སེམས་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པའི་ཕྱོགས་སོ་སོར་མངོན་པར་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་འདི་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་འགྱུར་མེད་བྲག་རྡོ་ལྟ་བུར་འགྱུར་བའི་འགན་ལེན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འདི་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ལམ་བུར་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་བརྩེ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་འཆང་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་མྱོང་ཚོར་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ལྗོངས་ཀྱི་མི་དམངས་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བ་དེ་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅིར་ལྷག་བསམ་རྣམ་དག་བྱེད་རྒྱུར་འགྱུར་བ་བཅས་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་དགོས།

མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ནས་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པར་བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་མངོན་པའི་ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འགོར་བའི་རིང་། བོད་ལྗོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་པས། མི་རིགས་མཐུན་སྒྲིལ་དང་དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟམ་མི་ཆད་པར་རྒྱུན་འཛིན་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་བྱུང་བ། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཉ་ཆུ་ལྟར་གཅིག་ལ་གཅིག་བརྟེན་དང་བརྩེ་བ་ཤིན་ཏུ་ཟབ་པ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་དགའ་སྤྲོ་འཆམ་མཐུན་བྱུང་ཡོད། མི་རིགས་མཐུན་སྒྲིལ་ནི་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་གྱི་རྣམ་པ་བཟང་པོ་ནི་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཡོངས་ལ་དབང་བའི་རྩ་ཆེའི་རྒྱུ་ནོར་ཡིན་པས། ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་དང་སྲུང་སྐྱོབ་ཡག་པོ་བྱེད་དགོས། འདི་ནི་ལོ་རྒྱུས་ཀྱི་ སྡོམ་ཚིག་ཡིན་ལ་དོན་དངོས་ཀྱི་འབོད་སྐུལ་ཡང་ཡིན་པ་རེད།

མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ནས་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གསར་འཛུགས་སྲོལ་ཡིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། མི་རིགས་ལས་དོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མ་ལག་འཐུས་ཚང་དུ་བཏང་ནས། མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས།  ན་གཞོན་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་བྱེད་རྒྱུ་དེ་བས་མངོན་གསལ་དོད་པའི་གོ་གནས་སྟེང་བཞག་ནས།  ང་ཀྲུང་ཧྭ་ལ་དགའ་ཞེས་པ་དེ་ན་གཞོན་ལོ་ཆུང་རེ་རེའི་སེམས་སུ་ཟུག་པར་བྱེད་དགོས། གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་དང་གཙོ་ཁྲིད་དབང་ཆ་སྟངས་འཛིན་ནན་མོ་བྱས་ཏེ་དྲ་སྦྲེལ་འདི་ཉིད་མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སུ་འགྱུར་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་འཕར་ཚད་ཆེ་ཤོས་སུ་འགྱུར་བར་བྱེད་དགོས།

མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ནས་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པར་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་གཅིག་འདོམས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་བཏང་ནས། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་མི་རིགས་ཁག་གི་བརྩེ་བ་འཆང་ས་དང་། སེམས་ཀྱི་རྟེན་ས། བསམ་པའི་གཞིས་ཁྱིམ་བཅས་སུ་འགྱུར་བ་དང་། བོད་ལྗོངས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས།  བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་དང་། དེ་བཞིན་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་དང་བོད་ལྗོངས་དང་མེས་རྒྱལ་བར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་བོད་ ལྗོངས་མི་རིགས་ཁག་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོ་དང་ཁྲག་རྒྱུན་གཅིག་ཏུ་འདྲེས་པ་དང་། བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་གཟུགས་བརྙན་བཞེངས་སྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་བཅས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི“དད་སེམས་ལྔ”ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ལ་སེམས་ཤུགས་ཡོད་ཚད་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སྲུང་སྐྱོབ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ཀྱི་ཁྲོད་གཅིག་སྒྲིལ་ཡོང་བར་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།