དུས་རབས་གསར་པའི་མི་རིགས་ལས་དོན་ལས་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ།
2021.09.28 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 11

 ད་ལྟ། མདོ་དབུས་མཐོ་སྒང་སྟེ་མི་རིགས་མང་པོ་འདུས་སྡོད་བྱེད་སའི་ཡུལ་གྲུ་འདིར་བསྐྱོད་པ་ན། ཞིང་ཆེན་གྱི་སྲིད་དོན་ལྟེ་བ་ཟི་ལིང་གྲོང་ཁྱེར་གྱི་དེང་རབས་ཚོང་ལས་རང་བཞིན་གྱི་ཐང་ཆེན་དུ་ཉིན་རེར་མི་རིགས་ཀྱི་གླུ་གར་ལ་རོལ་ཞིང་། མི་རིགས་མཐུན་སྒྲིལ་གྱི་གཞས་སྙན་གྱེར་ཞོར། མི་རིགས་མཐུན་སྒྲིལ་གྱི་སྟངས་སྟབས་བསྒྱུར་བའི་རྣམ་པ་ཞིག་མིག་མདུན་དུ་མངོན་ཡོང་། དེ་དག་ནི་སྤང་ལྗོངས་དང་བྱེ་ཐང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ།  མདོ་ལ་རི་བོའི་འདབས་རོལ་གྱི་སྐྱེ་ཁམས་ལྟ་སྲུང་བ་དང་།  གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ། སྨན་པ་དང་དགེ་རྒན་སོགས་ལས་རིགས་སྣ་ཚོགས་གཉེར་མཁན་དག་གིས་མཚོན་པའི་མཚོ་སྔོན་མི་རིགས་ཁག་གི་བུ་བུ་མོ་རྣམས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཐོ་སར་ལངས་ནས།  དུས་རབས་གསར་པའི་མི་རིགས་ལས་དོན་གྱི་མཚོ་སྔོན་གྱི་ལེའུ་ཞེས་དུས་རབས་ཀྱི་གླུ་དབྱངས་སྐད་གསེང་མཐོན་པོས་གྱེར་བཞིན་ཡོད་པ་དེ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པོ་བསྒྲུབ་པར་ཁ་ཕྱོགས་གསལ་པོ་བསྟན་ཞིང་རྩ་བའི་སྲུང་བྱ་བཏོན་ཡོད་པས། མཚོ་སྔོན་མཐོ་སྒང་གི་རིགས་སོ་སོའི་བུ་བུ་མོ་རྣམས་ལ་ཡར་སྐུལ་ཆེན་པོ་ཐེབས་ཤིང་། བློ་སྤོབས་ཀྱིས་ཁེངས་ལ། འབད་འབུངས་ཡར་བརྩོན་ངང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པོར་བསྒྲུབ་པར་སྐུལ་འདེད་དང་། དུས་རབས་གསར་པའི་མི་རིགས་ལས་དོན་ལས་མཚོ་སྔོན་གྱི་ལེའུ་རྩོམ་པར་འབད་པ་ལྷོད་མེད་བྱས་དང་བྱེད་བཞིན་ཡོད།

ལས་ཀའི་རྩ་གནད་ཡིན་ལ་བསམ་པའི་རྒྱགས་ཕྱེའང་ཡིན།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་གཏང་རྒྱུ་ནི། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་གནད་ཡིན་ལ།  ལས་དོན་ཡོད་ཚད་ཀྱི་སྙིང་བོ་ཡང་ཡིན།

ཟླ5ཚེས9ཉིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་གླེང་སྟེགས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་འཚོགས་ཤིང་། དེ་དང་འབྲེལ་ནས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་རྟེན་གཞིར་དངོས་སུ་སྒོ་བྱང་བཀལ། ཟླ7པར། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་སྐོར་གྱི་ཞིབ་འཇུག་རྟེན་གཞི་བཙུགས། རྟེན་གཞི་དེ་དག་གིས་མི་རིགས་ལོ་རྒྱུས་ཀྱི་གནད་དོན་དང་། རྨང་གཞིའི་གཞུང་ལུགས། དངོས་ཡོད་ཀྱི་གནད་དོན་གལ་ཆེན། མི་རིགས་ལས་དོན་ལག་ལེན་བཅས་ལ་ཤུགས་སྣོན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་གཏོང་བའི་ཐོས་བསམ་ཞིབ་འཇུག་གི་འོས་འགན་གཙོ་བོ་ཁུར་དུ་བླངས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་ལས་དོན་སྙིང་བོ་དང་། མཚོ་སྔོན་གྱི་མི་རིགས་ལས་དོན་ལ་ཞབས་ཞུ་བྱེད་པ་ལས་འགན་གཙོ་བོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དམིགས་འབེན་དུ་བྱས་ནས། རྨང་གཞི་ཅན་གྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་ཐད་ཞིབ་འཇུག་བྱས་པ་དང་ཆབས་ཅིག མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ཞིབ་འཇུག་གི་རིག་ཚན་མ་ལག་དང་རིགས་གཞུང་མ་ལག སྨྲ་བརྗོད་མ་ལག་བཅས་འཛུགས་པར་སྐུལ་འདེད་བཏང་ནས་སྤྱིའི་བློ་བཀོད་ལྟེ་བར་བཟུང་ཞིང་། ཇུས་ཆོད་ལ་ཞབས་ཞུ། རིག་གཞུང་གི་སྣེ་འཁྲིད་དེ་གྲུབ་འབྲས་མང་པོ་དང་། འཇོན་ཐང་ལྡན་པའི་མི་སྣ་མང་པོ་བྱོན་པའི་ཕྱོགས་བསྡུས་སྟེགས་བུ་བསྐྲུན་པར་ཧུར་བརྩོན་བྱས།

དྲིལ་སྒྲོག་སློབ་གསོས་བསམ་བློའི་སྣེ་འཁྲིད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་ལས་བྱེད་སློབ་གསོ་དང་། སློབ་རའི་སློབ་གསོ། སྤྱི་ཚོགས་སློབ་གསོར་བཅུག་པ་དང་། དྲ་རྒྱའི་གླེང་ཕྱོགས་ཀྱི་གཡུལ་ས་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་གཙོ་གནད་དུ་བཟུང་སྟེ། དྲ་ཚིགས་དང་སྨྱན་བྱད་གསར་པའི“སྐད་འཕྲིན་པོད་འཕྲིན་གཉིས་དང་ཆ་འཕྲིན་མ་ལག་ཞབས་ཞུ”སོགས་བེད་སྤྱོད་གང་ལེགས་བྱས་ནས“དྲ་སྦྲེལ་དང་མི་རིགས་མཐུན་སྒྲིལ”བྱ་འགུལ་ལ་སྐུལ་འདེད་དང་། མི་རིགས་སོ་སོའི་རིག་གནས་བརྗེ་རེས་དང་དཔྱད་གཞི་འཛིན་སྤེལ་ལ་སྐུལ་འདེད་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་ཁྱིམ་ཚང་སོ་སོ་དང་ཕྱོགས་སོ་སོར་དར་སྤེལ་བཏང་བ་དང་། ཀྲུང་ཧྭ་མི་རིགས་ གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་དང་མི་རིགས་སོ་སོའི་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྱོང་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་གཏང་བྱེད་ཀྱི་མི་རིགས་ལས་དོན་གྱི་རྩ་གནད་དམ་འཛིན་ལེགས་པོ་བྱས་ནས་མཚོ་སྔོན་མཐུན་སྒྲིལ་གྱི་དཔེ་དབྱིབས་འབྲི་བཞེངས་བྱས།

ལམ་ཆེན་བཏོད་པའི་ལག་ལེན་གྱི་ནུས་པ།

ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བཅས་བྱེད་པའི་ཁྲོད། མི་རིགས་གཅིག་ཀྱང་ལུས་མི་རུང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་ཚང་མ་སེ་འབྲུ་བཞིན་གཅིག་སེམས་གཅིག་ལ་བརྟེན་ཞིང་། སྤུན་མཆེད་བཞིན་བརྩེ་འདང་ཟབ་ལ་སྐྱིད་སྡུག་མཉམ་ཁུར་བྱེད་པར་འབད་ན། ད་གཟོད་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ལ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཇི་སྲིད་བར་དུ་བཞད་ཐུབ་ཅེས་གསུངས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་ཡིད་ལ་བཅངས་སྟེ། མཚོ་སྔོན་གྱི་མི་རིགས་སོ་སོའི་བརྩེ་འདང་ཟབ་མོ་དང་རོགས་རེས་ཀྱི་ལག་ཟུང་དྲོན་མོ་ཕྱོགས་སུ་བསྐྱངས་ནས་མཉམ་དུ་མཐུན་སྒྲིལ་འབད་འབུངས་དང་མཉམ་དུ་དར་རྒྱས་གོང་སྤེལ་བཏང་།

ད་ལྟ་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར8དང་རྫོང29རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དུ་བསྒྱུར་བ་དང་། རྫོང་ཚང་མ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དུ་བསྐྲུན་ནས་མཚོ་སྔོན་ཞིང་ཆེན་འདི་ཁུལ་དང་གྲོང་ཁྱེར་རྒྱལ་ཡོངས་དཔེ་སྟོན་ཞིང་ཆེན་དུ་བསྒྱུར་བའི་ཞིང་ཆེན་ཐོག་མ་དང་། རྒྱལ་ཡོངས་དཔེ་སྟོན་རྫོང་སུམ་ཆའི་གཉིས་ཟིན་པའི་ཞིང་ཆེན་དང་པོར་གྱུར་ནས། ལོ་གསུམ་ལ་རྨང་གཞི་འདིང་བ་དང་། ལོ་བརྒྱད་ལ་སྔོན་ཐོན་བསྐྲུན་པའི་སྔོན་ཐོན་ཁུལ་གསར་འཛུགས་ཀྱི་དམིགས་འབེན་སྔོན་ལ་ལེགས་འགྲུབ་བྱུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་མདུན་གྲལ་དུ་ཚུད་ཡོད།

ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དེ་འཐབ་ཇུས་རང་བཞིན་དང་། རྨང་གཞི་རང་བཞིན། ཡུན་ཕན་རང་བཞིན་དུ་བརྩིས་ནས་བྱ་བའི་རྒྱུན་བསྐྱངས་ཤིང་། རིམ་པ་བཞིའི་ཏང་ཨུའི་ཧྲུའུ་ཅིས་སྤྱི་འགན་ཁུར་ནས་འགོ་ཁྲིད་ལམ་ལུགས་བཙུགས་ཏེ། རྒྱལ་ཡོངས་སུ་ཏང་ཨུའི་བྱ་བ་འཛིན་སྐྱོང་གི་སྔར་མེད་དཔེ་གསར་གཏོད་ནས་ཏང་སྲིད་དམག་དམངས་མཉམ་སྐྲུན་མཉམ་སྤེལ་གྱི་རྣམ་པ་ཆགས། རྒྱལ་ཡོངས་ནས་མི་རིགས་མཐུན་སྒྲིལ་ཆེད་དོན་དཔྱད་ཞིབ་ལམ་ལུགས་ཐོག་མར་བཏོད་དེ་མི་རིགས་མཐུན་སྒྲིལ་སྔོན་ཐོན་ལ་གཟེངས་བསྟོད་དང་། མི་རིགས་མཐུན་སྒྲིལ་གསར་གཏོད་བྱ་དགའ་བཀོད་སྒྲིག་བྱས་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱི་མཉམ་སྐྲུན་མཉམ་སྤེལ་གྱི་སེམས་ཤུགས་གཅིག་ཏུ་བསྡུས་ལ། གྲངས་ཀ་རེ་རེ་དང་། གྲུབ་འབྲས་རེ་རེ་ནི་མཚོ་སྔོན་ལ་སྤྲད་པའི་རྒྱུགས་གཞི་ཡིན།

འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 2025ལོར་བསླེབ་དུས། མཚོ་སྔོན་ནི་མི་རིགས་ཀྱི་མཐུན་སྒྲིལ་བཟང་བ་དང་།  སྐྱེ་ཁམས་ཀྱི་བཀོད་པ་ལེགས་པ། དཔལ་འབྱོར་གྱི་འཕེལ་འགྲོས་མྱུར་བ། རིག་གནས་དར་ཞིང་རྒྱས་པ། སྤྱི་ཚོགས་འཆམ་ཞིང་མཐུན་པ། མི་དམངས་བདེ་ཞིང་སྐྱིད་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་དུ་འཛུགས་སྐྲུན་བྱས་ཏེ།  བརྒྱ་ལོ་གཉིས་ཀྱི་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་མཚོ་སྔོན་གྱི་བྱས་རྗེས་འཇོག་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན་པས་མཚོ་སྔོན་གྱི་མ་འོངས་པར་ངང་སྒུག་བྱས་ཆོག

མཉམ་སྐྲུན་མཉམ་རོལ་གྱི་ལོངས་སྤྱོད་རྒྱས། དམངས་ཚིས་འགན་སྲུང་གི་བདེ་སྐྱིད་བསྐྲུན།

ཁ་དཔེར“རྒྱང་གི་གཉེན་ཉེ་ལས་ཐག་ཉེའི་ཁྱིམ་མཚེས་དགའ”ཟེར་བ་ལྟར། འཆམ་མཐུན་གྱི་ཁྱིམ་མཚེས་འབྲེལ་བ་ནི་སྡོད་དམངས་ཀྱི་འཚོ་བའི་ཁག་ཐེག་ཡིན་པ་རེད།

ཟི་ལིང་མཁར་དཀྱིལ་ཁུལ་ཤམ་བྷ་ལའི་གཞིས་ཁུལ་དུ་སྡོད་པའི་ལི་ཀྲང་མེན་དང་བོད་རིགས་བཟའ་ཟླ་ཅིན་ཡུང་དང་ཁུང་ཆིང་ཞ་གསུམ་ནི། མི་རིགས་མཐུན་སྒྲིལ་ཀྱི་མིག་དཔེ་རུ་གྱུར་བའི་ཁྱིམ་མཚེས་རེད། སེམས་པ་བཟང་པོའི་ཁོ་ཚོ་ནམ་རྒྱུན་སྡོད་ཁུལ་དུ་སྐོར་བསྐྱོད་བྱས་ནས་སུ་ཚང་ལ་རོགས་བྱེད་དགོས་ན་རང་ཉིད་ཀྱི་ལག་ཟུང་དྲོན་མོ་རིང་དུ་བསྐྱངས་ནས་གང་ཐུབ་ཅི་ནུས་ཀྱིས་རོགས་རམ་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་ལ་བྱས་རྗེས་མི་དམན་པ་བཞག

ཡིན་ནའང་ཁོ་ཚོ་ནི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སོ་སོའི་ཕན་ཚུན་རོགས་རེས་དང་། བརྗེ་སྤེལ་མཉམ་བསྲེས་ཀྱི་བསྡུས་གཟུགས་ཙམ་ཡིན།

ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཕྱི་ནང་གི་དཔལ་འབྱོར་དང་རིག་གནས། མི་སྣ་ཕན་ཚུན་བར་འགྲོ་འོང་བྱེད་པར་ཤུགས་བསྣན་ཏེ།  རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་ལུས་རྩལ་བརྗེ་སྤེལ་དང་། མཐུན་འབྲེལ་མཉམ་སྤྲོ། མཉམ་འབྲེལ་ལས་བཏོད་ལ་ཡར་སྐུལ་བྱས་ནས་གཞིས་སྡོད་འཚོ་བ་དང་། ལས་ཀ་དང་སློབ་སྦྱོང་། རིག་གནས་རོལ་རྩེད་སོགས་ཉིན་རྒྱུན་འཚོ་བ་ནས་འགོ་བརྩམས་ཏེ། ཕན་ཚུན་སྡེབ་སྒྲིག་གི་སྤྱི་ཚོགས་སྒྲིག་གཞི་དང་སྡོད་ཁུལ་ཁོར་ཡུག་ལེགས་པོ་བསྐྲུན་ནས་མི་རིགས་སོ་སོ་མཉམ་སྡོད་མཉམ་སློབ་དང་མཉམ་སྒྲུབ་མཉམ་སྤྲོ་ལ་རོལ་བའི་སྤྱི་ཚོགས་བསྐྲུན་པའི་ཆ་རྐྱེན་ཇེ་ལེགས་ཇེ་རྒྱས་སུ་བཏང་ཞིང་། མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་གཏིང་ཟབ་ཏུ་སྤེལ་ནས།  མི་རིགས་སོ་སོ་སེ་འབྲུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་།

དུས་རབས་གསར་པའི་མགོ་ཚུགས་ས་གསར་པ་འདི་ནས་བཟུང་། མཚོ་སྔོན་གྱི་མི་རིགས་ཁག་གི་བུ་བུ་མོ་རྣམས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་དུ་དུས་རབས་གསར་པའི་མི་རིགས་ལས་དོན་ལས་མཚོ་སྔོན་གྱི་ལེའུ་བརྩམ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་བའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་བློ་རྩ་གཅིག་ཏུ་སྒྲིལ་ནས་འབད་འབུངས་བྱེད་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།