“ཁྱིམ་གཞིས་བཞི་དང་བརྩེ་སེམས་གཉིས”ཀྱིས་མང་ཚོགས་སྐྱིད་ལ་བཀོད།
2021.09.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་ལྷོ་སྡེ་ཁུལ་དུ་བསྐྱོད་དུས། ལོ་ལྔ་བཅུ་ལྷག་ལ་བུད་པའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་ཁྱིམ་མི་ཝང་ཧུའེ་ཧྥུན་གྱིས་རང་ཁྱིམ་དང་ཐག་ཉེ་བའི“ཏང་ཡོན་བརྩེ་སེམས་རང་འདེམ་ཚོང་ཁང”དུ་ཚོང་རྒྱག་བཞིན་པ་མཐོང་། ཁྲ་ཆིལ་ལེར་བཤམས་པའི་འཚོ་བའི་མཁོ་རྫས་ཁྲོད། ཁོ་མོས་འདག་ཁུ་དམ་བེ་གང་དང་འདག་ཕྱེ་ཐུམ་གཅིག་ཉོས། “སྒོ་ཁའི་ཏང་ཡོན་བརྩེ་སེམས་རང་འདེམ་ཚོང་ཁང་ནི་ངོ་མས་བཟང་གི རང་ཁྱིམ་དང་ཐག་ཉེ་བར་མ་ཟད། དངོས་པོའི་རིན་གོང་ཡང་ས་ཆ་གཞན་དང་བསྡུར་ན་ཧ་ཅང་བདེ་མོ་རེད”ཅེས་ཝང་ཧུའེ་ཧྥུན་གྱིས་དེ་ལྟར་བཤད་ཞོར་དུ་རང་གི་བློར་འབབ་པའི་ཚོང་ཟོང་འདེམ་བཞིན་འདུག

མཁར་ལྷོ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཧའེ་ཞ་ཡིས་བཤད་རྒྱུར། “ང་ཚོའི་རང་འདེམ་ཚོང་ཁང་ལ‘ཏང་ཡོན་བརྩེ་སེམས་རང་འདེམ་ཚོང་ཁང’ཞེས་མིང་བཏགས་ཡོད་ལ། མིང་འདི་འདོགས་དོན་ཡང་ཚོང་ཁང་འདི་ནི་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག སྡེ་ཁུལ་གྱི་ཏང་ཡོན་དང་དང་བླངས་པ་ཚོས་རང་ཉིད་ཀྱི་བརྩེ་བའི་སེམས་ཀྱིས་ཕུལ་བའི་ཞལ་འདེབས་མ་དངུལ་བསྡུ་རུབ་བྱས་ནས་བཙུགས་པས་དེ་ལྟར་བཏགས་པ་ཡིན། ཏང་ཡོན་ཚོས‘ཚོང་ཟོག་མངག་ཉོ’དང‘ཚོང་ཟོག་དོ་དམ་པ’‘དངུལ་བསྡུ་པ’སོགས་ཀྱི་ལས་འགན་འཁུར་ཡོད་ཅིང་། ཁེ་སྤོགས་ཅི་ཡང་མེད་པའི་སྒོ་ནས་ས་གནས་དེ་གའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན། དཀའ་ཁག་ཡོད་པའི་ཁྱིམ་ཚང་བཅས་ལ་ཕྱིར་འཚོང་བྱེད་ཀྱིན་ཡོད།”

མཁར་ལྷོ་སྡེ་ཁུལ་གྱིས་གསར་སྐྲུན་བྱས་པའི“ཏང་ཡོན་བརྩེ་སེམས་རང་འདེམ་ཚོང་ཁང”གི་ཚོང་ཟོང་གི་གོང་བདེ་ཞིང་སྤུས་ཀ་བཟང་བས་མང་ཚོགས་ཀྱིས་གདེང་འཇོག་དང་ཁས་ལེན་གང་ལེགས་བྱེད་ཀྱིན་འདུག

ཡིན་ཡང“བརྩེ་སེམས”ལ་དེ་ཙམ་གྱིས་མི་ཚད་དེ། ད་ལོ་ནས་བཟུང་། མཁར་ལྷོ་སྡེ་ཁུལ་གྱིས“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱ་འགུལ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྡེ་ཁུལ་ཞབས་ཞུའི་ལྟེ་གནས་ཀྱི་ཁེར་ཐོག་ཏུ“ཏང་ཡོན་བརྩེ་སེམས་ཞལ་འདེབས་ཁང”ཞིག་བཙུགས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཕན་ནུས་ལྡན་པའི་སྒོ་ནས་ཇེ་མཐོར་བཏང་།

ཀྲའོ་ཧའེ་ཞ་ཡིས་བཤད་རྒྱུར། “ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། ང་ཚོའི་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་སྡེ་ཁུལ་གྱི་ཏང་ཡོན་རེ་བརྒྱད་དང་སྡོད་དམངས་ཁ་ཤས་མྱུར་དུ་སྐུལ་སློང་བྱས་ཏེ། སྡེ་ཁུལ་གྱི་སྡོད་དམངས་རྣམས་ལ་རང་ཉིད་ཀྱིས་མི་གྱོན་པའི་ལྭ་བ་དང་སྐེ་དཀྲིས། ཞྭ་མོ། ལག་ཤུབས། ཁུག་མ། ལྷམ་སོགས་གཙང་མར་བཀྲུས་ནས་སྐམ་པ་དང་དུག་སེལ་བྱས་རྗེས། འགྱིག་ཤོག་ནང་དུ་བཅུག་ནས་ང་ཚོའི་སྡེ་ཁུལ་གྱི་ཞལ་འདེབས་སྒམ་ནང་དུ་འཇོག་པའི་འབོད་སྐུལ་བཏང་ཞིང་། དེ་དག་ཚགས་སུ་ཆུད་རྗེས་སྡེ་ཁུལ་གྱི་དགོས་མཁོ་ཡོད་པའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན་ལ་བྱིན་པ་ཡིན། ང་ཚོས་ཐབས་འདི་ལ་བརྟེན་ནས་ང་ཚོའི་བརྩེ་སེམས་བརྒྱུད་སྒྲོག་བྱས་ཏེ། དམངས་ལ་དོན་དངོས་སྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བ་ཡིན།”

སྡེ་ཁུལ་གྱི་སྡོད་དམངས་ཨ་ནེ་ཐཱན་གྱིས་བཤད་རྒྱུར། “ལོ་རེར་ཁྱིམ་གྱི་ལྭ་བ་རྙིང་པ་ཇི་ལྟར་བྱ་རྒྱུ་མ་ཤེས་པར་སུན་སྣང་གིས་ཁེངས་ཡོད། བསྐྱུར་ཚེ་འཇོག་ས་མེད་པ་དང་གཡུགས་ན་ཡིད་ཕངས། ཤ་ཉེ་རིང་དང་གྲོགས་པོར་སྟེར་འདོད་ཀྱང་སྟེར་མི་ཐུབ་པ་ཞིག་རེད། ཞལ་འདེབས་སྒམ་ཆུང་ཡོད་པ་ནས་བཟུང་། ང་ཚོའི་ལྭ་བ་རྙིང་པ་དག་ལ་བེད་སྤྱོད་ཀྱི་རིན་ཐང་ཡོད་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། གད་སྙིགས་ཀྱིས་ཁོར་ཡུག་བཙོག་བསྒྱུར་བྱེད་པ་ཇེ་ཉུང་དུ་བཏང་བར་མ་ཟད། རོགས་རམ་བྱེད་དགོས་པའི་མི་མང་པོ་ཞིག་ལ་དྲོད་ཁོལ་དང་རོགས་རམ་ཐོབ་ཏུ་བཅུག་ཡོད། ང་ཚོས་ཀྱང་བརྩེ་བའི་སེམས་ཀྱིས་ལྭ་བ་རྙིང་པ་འདི་དག་ལ་མཛེས་སྣང་གསར་པ་ཞིག་བསྣན་ནས་བསྐྱར་དུ་རིན་ཐང་མངོན་དུ་འཇུག་དགོས། ”

“བརྩེ་སེམས་གཉིས”མངོན་ཡོད་པར་མ་ཟད། ད་དུང་མཁར་ལྷོ་སྡེ་ཁུལ་གྱི“ཁྱིམ་གཞིས་བཞི”འཛུགས་སྐྲུན་བྱས་པ་དེ་ཡང་ཐོག་མཐའ་བར་གསུམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྦྲེལ་ཡོད།

ཀྲའོ་ཧའེ་ཞ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མཁར་ལྷོ་སྡེ་ཁུལ་གྱིས“ལུགས་སྲོལ་གསར་པ་འཛུགས་པ་དང་བཅོས་སྐྱོང་ལ་ཤུགས་སྣོན་པ། ཞབས་ཞུ་མཐོར་འདེགས་གཏོང་བ། དམངས་སེམས་ལ་དྲོད་ཁོལ་སྦྱིན་པ”བཅས་དམིགས་འབེན་དུ་བཟུང་སྟེ། ཏང་ཀྲི་པུའུ་ཡི་མགོ་ཁྲིད་སྣེ་འདྲེན་ནུས་པར་བརྟེན་ནས། སྡེ་ཁུལ་དེ“ཡ་རབས་ཀྱི་ཁྱིམ་གཞིས་བཟང་པོ”དང“འཆམ་མཐུན་གྱི་ཁྱིམ་གཞིས་བཟང་པོ”“ཞབས་ཞུའི་ཁྱིམ་གཞིས་བཟང་པོ”“དྲོད་སྐྱིད་ཀྱི་ཁྱིམ་གཞིས་བཟང་པོ”བཅས་སུ་གསར་སྐྲུན་བྱས་ཏེ་གྲུབ།

“ཁྱིམ་གཞིས་བཞི”འཛུགས་སྐྲུན་གྱི་གོ་རིམ་ཁྲོད། རྩ་འཛུགས་མགོ་ཁྲིད་ཀྱི་ཏང་ཡོན་ལས་བྱེད་པ་དང་བསམ་པ་བཟང་པོའི་དྲ་མིག་དོ་དམ་པ། དམངས་དོན་དུ་ཁྲིམས་འཛིན་པའི་སྡེ་ཁུལ་གྱི་ཉེན་རྟོག་ལས་རོགས་རུ་ཁག་བཅས་ཞུགས་ཡོད་པར་མ་ཟད། གཞན་ད་དུང་སྒེར་སེམས་མེད་པར་ཡོད་ཚད་འབུལ་བའི་འོས་འགན་ལས་བཟོ་པ་དང་དང་བླངས་པ་བཅས་ཡོད། ཀྲའོ་ཧའེ་ཞ་ཡིས་བཤད་རྒྱུར། “‘ཁྱིམ་གཞིས་བཞི་དང་བརྩེ་སེམས་གཉིས’འཛུགས་སྐྲུན་བྱས་པ་བརྒྱུད། སྤྱི་ཚོགས་མཉམ་ལས་དང་མང་ཚོགས་མཉམ་ཞུགས་ཀྱི་གཞི་རིམ་བཅོས་སྐྱོང་དཔེ་དབྱིབས་ཤིག་མཁར་ལྷོ་སྡེ་ཁུལ་དུ་ཉིན་བཞིན་ནར་སོན་ཏེ། སྡེ་ཁུལ་ལ་ཞབས་ཞུ་དང་དམངས་སེམས་གོང་བུར་བསྒྲིལ་བའི་སྟོབས་ཤུགས་འདོན་སྤེལ་བྱེད་བཞིན་ཡོད།”

མཁར་ལྷོ་སྡེ་ཁུལ་གྱིས“ཁྱིམ་གཞིས་བཞི་དང་བརྩེ་སེམས་གཉིས”ཀྱི་ཏང་འཛུགས་ཟོང་རྟགས་གསར་སྐྲུན་བྱས་པར་བརྟེན་ནས། དམངས་ལ་ཞབས་ཞུ་སྒྲུབ་པའི་ཐོག་མའི་བསམ་འདུན་དང་འོས་འགན་ལག་བསྟར་བྱེད་པ་དང་། སྡོད་དམངས་ཀྱི་བདེ་སྐྱིད་ཀྱི་ཚད་ཇེ་མཐོར་གཏོང་བ་དང་ལྷན་དུ། ཏང་འཛུགས་བྱ་བས་སྡེ་ཁུལ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ནང་སྙིང་དང་ཐབས་ལམ་ཡང་མུ་མཐུད་དུ་རྒྱ་སྐྱེད་ཀྱིན་འདུག“གོ་རིམ་རྗེས་མར། ང་ཚོས་ཏང་འཛུགས་སྣེ་ཁྲིད་བྱ་བར་མུ་མཐུད་དུ་བློ་རྩ་བརྟན་པོས་ཤུགས་སྣོན་པ་དང་། གཞི་རིམ་བཅོས་སྐྱོང་གི་དཔེ་དབྱིབས་གསར་སྐྲུན་བྱེད་པ། ས་གནས་དེ་གའི་སྡོད་དམངས་ཀྱི་གོང་བུར་སྒྲིལ་ཤུགས་དང་རང་རྟོན་བློ་སེམས་སྐུལ་སྤེལ་བྱེད་པ། ‘ཏང་འཛུགས་སྐྲུན་གྱིས་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱེད་པ་དང་ཚོགས་པ་འཛུགས་སྐྲུན་གྱིས་ཏང་འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་པའི’བྱ་བའི་ལམ་ཕྱོགས་ལྟར། སྡེ་ཁུལ་བཅོས་སྐྱོང་གི་ཞིབ་ཕྲའི་ཆུ་ཚད་ཇེ་མཐོར་བཏང་ནས། མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་མཛེས་སྡུག་གི་འཚོ་བར་རེ་བའི་དམིགས་འབེན་མངོན་འགྱུར་འབྱུང་དུ་འཇུག་རྒྱུ”ཞེས་ཀྲའོ་ཧའེ་ཞ་ཡིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།