རླབས་ཆེན་འཕོ་འགྱུར་ངོ་མཚར་ཆེ། སླར་ཡང་འོད་སྟོང་གསར་པ་གཏོད།
2021.10.08 ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ཀློག་གྲངས། 7

 ལོ་ངོ70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་གྱི་གནམ་ས་སྒྱུར་བ་ནས་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་པའི་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། དུས་ཡུན་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་། སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་མི་དམངས་ཀྱི་འཚོ་བ་ཇེ་ལེགས་ཇེ་སྐྱིད་དུ་ཕྱིན་པ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཡང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།

གུང་ཁྲན་ཏང་མེད་ན་བོད་ལྗོངས་གསར་པ་མེད་པ་དང་། བོད་ལྗོངས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་རྦད་དེ་ཡང་དག་པ་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད། ད་ལྟ་གངས་ལྗོངས་ས་མཐོར་མཐུན་སྒྲིལ་དང་། འབྱོར་ཕྱུག  དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། དུས་རབས་20པའི་ལོ་རབས་བཞི་བཅུ་ནས་ལྔ་བཅུའི་བར་མི་རིགས་བཅིངས་འགྲོལ་གྱི་ལས་འགུལ་འཛམ་གླིང་ཡོངས་སུ་སྤེལ་བའི་སྐབས་སུ། གངས་ལྗོངས་ས་མཐོར་གནས་པའི་བོད་ལྗོངས་ནི་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སུ་གནས་པ་དང་། མི་གྲངས་ཀྱི5%ཡང་མི་ཟིན་པའི་མངའ་བདག་ཆེན་པོ་གསུམ་གྱིས་ཐོན་སྐྱེད་རྒྱུ་ཆ་ཧ་ལམ་ཆ་ཚང་བཟུང་ཡོད་པ་དང་། མི་གྲངས་ཀྱི95%ཟིན་པའི་ཞིང་བྲན་དང་བྲན་གཡོག་ལ་གང་ཡང་མེད་ཅིང་ཆབ་སྲིད་ཀྱི་དབང་ཆ་མེད་ལ་འགྲོ་བ་མིའི་ཐོབ་ཐང་ཡང་མེད།

1951ལོའི་ཟླ5ཚེས23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་པེ་ཅིན་དུ“གྲོས་མཐུན་དོན་ཚན་བཅུ་བདུན”བཞག་སྟེ། བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ནས་བོད་ལྗོངས་འདི་དེང་རབས་དཔལ་ཡོན་ཕྱོགས་སུ་སྐྱོད་པའི་གོམ་པ་དང་པོ་སྤོས་པ་རེད།

བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད།    1959ལོའི་དཔྱིད་ཀར་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་ཀྱི་ལམ་ལུགས་ལ་དམངས་གཙོའི་བཅོས་སྒྱུར་བྱས་པས། བཅིངས་འགྲོལ་ཐོབ་པའི་ཞིང་བྲན་ཁྲི་ཚོ་བརྒྱར་ཐོན་སྐྱེད་ཀྱི་སེམས་ཤུགས་ཚད་མེད་འཕེལ་ཡོད། 1965ལོའི་ཟླ9པར་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་ནས་བོད་ལྗོངས་ས་གནས་མི་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ། རྒྱལ་ཡོངས་དང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་ལམ་ལུགས་ཀྱི་འགན་ལེན་འདོན་སྤྲོད་བྱས་ཡོད།  བཅོས་སྒྱུར་སྒོ་འབྱེད་བྱས་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ལྗོངས་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འདོན་ཇུས་འགོད་གནང་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་བརླིང་ཆེད་གཏན་འབེབས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་མང་པོ་དེ་འདྲ་སྔར་བྱུང་མྱོང་མེད་པ་དང་། གཏན་འཁེལ་གནང་བའི་རྣམ་གྲངས་གལ་ཆེན་ལས་ཕན་པ་ཐོབ་ཆེན་པོ་ཐོབ་པས། བོད་ལྗོངས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐོབ་སྟེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

ད་ལྟ་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ཡོད། བསྡོམས་རྩིས་ལས་མངོན་པ་ལྟར་ན། 2020ལོར་བོད་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1900ལས་བརྒལ་བ་དེ་1951ལོའི་ལྡབ1473ཡིན་པ་དང་།  གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་བཞི་ལྔ་བརྒྱ་གོ་བརྒྱད་ཟིན་ནས་བསྟུད་མར་ལོ་བཅོ་བརྒྱད་ལ་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱས་ཡོད། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཁྱོན་ཡོངས་ནས་ཇེ་ལེགས་སུ་ཕྱིན་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་བྱུང་ཡོད།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས་ཡུལ་སྐོར་རིག་གནས་དང་། ས་མཐོའི་སྐྱེ་དངོས། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུ། མཐོ་གསར་གྲངས་འཛིན། མཐའ་ཚོང་ཟོག་འགྲེམས་བཅས“ཐོན་ལས་ཆེན་པོ་བདུན”ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་། “ ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་།  བོད་ལྗོངས་ཀྱི་ཐོན་ལས་འཛུགས་སྐྲུན་ལས་དོན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ནས་ཐོན་ལས་ཆེན་པོ་བདུན་གྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར1900ལྷག་ཟིན་ཏེ།  འཕེལ་རྒྱས་ཀྱི་ཕན་འབྲས་རིམ་བཞིན་མངོན་པ་རེད།

2020ལོར་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་འཕར་ཚད་7.8%ཟིན་པ་དེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཁག་གི་ཨང་དང་པོར་སླེབས་པ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལྷག་ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སོ་སོར10%དང12.7%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ།  དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་ནས་འཕེལ་རྒྱས་ཀྱི་མྱུར་ཚད་གསར་པ་བཏོད་ཡོད་པ་རེད།

“རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་བ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འབྱུང་བ་ནི་བོད་ལྗོངས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གཙོ་བོ་གཉིས་ཡིན”།  བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲོའུ་ཡུང་གིས་བཤད་རྒྱུར། ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་ཁོར་ཡུག་ནི་བོད་ལྗོངས་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ལེགས་པོ་གཉིས་ཡིན། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་གཅིག་བྱེ་བ་ལྔ་ས་ཡ་བདུན་ལྷག་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་སྟོང་གཉིས་ཆིག་བརྒྱ་ལྷག་ལ་བསླེབས་པ་དེ་སོ་སོར“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”རིང་གི་ལྡབ2.3དང་ལྡབ2.4ཟིན་ནས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི་བདུན་སྟོང་ལྔ་དབུལ་ཕོངས་ལས་ཐར་བར་སྐུལ་ཁྲིད་ཐེབས་པ་དང་། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་སྦས་ཤུགས་ཆེན་པོ་མངོན་ཡོད་པ་རེད།

གྲངས་འཛིན་ཐོན་ལས་ཀྱང་ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་འཕེལ་རྒྱས་ཅུང་མགྱོགས་པའི་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། 2020ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱི་ཆ་འཕྲིན་ཅན་གྱི་སྟོན་གྲངས2015ལོའི63.3ནས75.8བར་མཐོ་རུ་ཕྱིན་པ་དང་། བོད་ལྗོངས་ཀྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཁེ་ལས་ཀྱི་གྲངས་འབོར་300ལས་བརྒལ་ཏེ་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར330ལྷག་ཟིན་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

“ ས་མཐོའི་སྐྱེ་དངོས་དང་། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ་སོགས་ལས་རིགས་ཁྱབ་ཁོངས་ནང་སྣེ་འདྲེན་དུ་གྱུར་ནས། བོད་ལྗོངས་དཔལ་འབྱོར་གྱི་རྗེས་འཕེལ་ལེགས་ཆ་མངོན་གསལ་དོད་པོར་ཕྱིན་ཡོད། འཕེལ་རྒྱས་ཀྱི་མྱུར་ཚད་དང་མཉམ་དུ་བོད་ལྗོངས་ཀྱིས་འགུལ་ནུས་གསར་པ་འཕེལ་རྒྱས་གཏོང་ཤུགས་རིམ་བཞིན་ཆེ་རུ་བཏང་ནས་ལས་སྐྲུན་གསར་གཏོད་ཀྱི་གསོན་ཤུགས་མཉམ་དུ་རྒྱས་ཡོད”།  ལོ་མང་པོའི་རིང་གི་འཕེལ་རྒྱས་བརྒྱུད་བོད་ལྗོངས་ལ་ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཆགས་ཡོད་ཅེས་བོད་རང་སྐྱོང་ལྗོངས་ཀྱི་སྔོན་གྱི་ཀྲུའུ་ཞི་ཆེ་དགྲ་ལྷས་དེ་ལྟར་བཤད་བྱུང་།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཀྲུང་དབྱང་གིས་བསྟུད་མར་ལོ་ལྔའི་རིང་ཁ་གཏད་བོད་སྐྱོར་གཏིང་ཟབ་ཏུ་གཏོང་བའི་དབུལ་སྐྱོར་ལས་དོན་གྱི་ཚོགས་འདུ་འཚོགས་ནས། “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པ”སོགས་ཀྱི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ་དང་།  གནད་སྨིན་ཇུས་འདོན་དང་གནད་སྨིན་རོགས་སྐྱོར་བྱས་པ་བརྒྱུད། བོད་ལྗོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་སྟེ་མི་རིགས་ཁག་གི་མི་དམངས་ཀྱིས་ལྟོ་གོས་ལ་སེམས་ཁྲལ་བྱེད་མི་དགོས་པ་མ་ཟད། ད་དུང་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ཀྱང་འགན་ལེན་བྱུང་ཡོད་པ་རེད། 2019ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་འབུམ་དྲུག་ཁྲི་གཉིས་སྟོང་བརྒྱད་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། དབུལ་ཕོངས་རྫོང་དང་ཆུས74ཚང་མའི་དབུལ་ཞྭ་ཕུད་དེ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་པོ་དབུལ་ནག་མེད་པར་བཟོས་པ་དང་། མིག་སྔར་དབུལ་ཕོངས་ལས་ཐར་བའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་ལས་བརྒལ་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་ས་གནས་ཁག་གི་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་ཡོད།  འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་གངས་ལྗོངས་ས་མཐོར་བཏོད་པའི་མཛད་རྗེས་རླབས་པོ་ཆེ་ཞིག་རེད།

“དམངས་གཙོའི་བཅོས་སྒྱུར་ལས་བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་ངོ་སྟོང་ཕྲག་བརྒལ་བའི་འཕེལ་རྒྱས་བྱུང་བ་དང་། དབུལ་ཐར་མཁྲེགས་གཏོར་ལས་བོད་ལྗོངས་མི་དམངས་ཀྱི་འཚོ་བར་ལོ་ངོ་སྟོང་ཕྲག་བརྒལ་བའི་མཆོང་སྐྱོད་བྱུང་ཡོད”།  ད་ལོའི་ཟླ་5ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཁྱབ་བསྒྲགས་བྱས་པའི《བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། ཕྱི་ཕྱོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་བོད་ལྗོངས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་ཕྱོགས་ཡོངས་དང་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་ཡོད་པ་རེད།

བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ལོ་ངོ་བདུན་ཅུའི་རིང་ལ་ཕྱིར་དྲན་བྱེད་སྐབས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཁྲུན་ཧོན་གྱིས་བཤད་རྒྱུར། “གྲུབ་འབྲས་འདི་དག་ཐོབ་པ་ལས་ང་ཚོས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་མཁས་མཛངས་དང་རླབས་ཆེན་གྱི་དོན་སྙིང་ཟབ་མོ་དེ་ཡོངས་སུ་ཚོར་ཐུབ” ཟེར།

དེང་སྐབས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། བོད་ལྗོངས་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་མཆོང་སྐྱོད་བྱུང་བ་དང་ཆབས་ཅིག ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལོ་རྒྱུས་ཀྱང་ཡིན་པ་རེད།

“ དབུལ་ཐར་མཁྲེགས་གཏོར་བྱས་པ་བརྒྱུད། བོད་ལྗོངས་ལ་འགོག་རྐྱེན་བཟོ་བའི་ལོ་རྒྱུས་རང་བཞིན་གྱི་དཀའ་གནད་ཐག་གཅོད་ཐུབ་ཡོད”།  མིག་སྔར་བོད་ལྗོངས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཟིན།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། སྔོན་དཔག་བྱས་ན་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་ཉེ་བ་ཙམ་ཟིན་རྒྱུ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དམིགས་འབེན་གཙོ་བོ་དག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཉེ་བ་ཙམ་ཟིན་པ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་བཅས་བྱུང་ནས། 2035ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་བྱེད་ཐུབ་ངེས་ཡིན་ཞེས་ཆེ་དགྲ་ལྷས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།