མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྣམ་པར་བཞད།
2021.10.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

 ཉིན་ཤས་རིང་ཆར་བ་བབས་པས་ཟི་ལིང་ས་ཁུལ་གྱི་དྲོད་ཚད་མགྱོགས་མྱུར་ངང་མར་ཆག་པ་དང་། གནམ་མཚོ་ཡིས་རྒན་མོ་ལིག་ཞིག་ཕེན་གྱི་ནད་གཞི་དེ་ཡང་བསྐྱར་ཇེ་སྡུག་དུ་འགྲོ་བར་སེམས་ཁྲལ་བྱེད་བཞིན་འདུག   ལས་ཀ་གྲོལ་མ་ཐག་གནམ་མཚོས་ཟས་རིགས་འགའ་ཉོས་ནས་བྲེལ་འཚུབ་ངང་རྒན་མོ་ལིག་ཞིག་ཕེན་གྱི་ཁྱིམ་དུ་སོང་།“གྲང་ངར་ཆེ་བས་ཁྱིམ་དུ་འདི་འདྲ་འཁྱགས། ལྭ་བའང་འདི་ཙམ་ལས་གྱོན་མི་འདུག་པས་ཆམ་པ་ཕོག་ན་དཀའ་ནི་རེད། ”ཅེས་ཟེར་ཞིན་ལག་པ་ཡ་གཅིག་གིས་རྒན་མོའི་ལུས་སྟེང་དུ་ལྭ་བ་བཀབ་རྗེས་སུ། ད་སོ་མ་ཉོས་ཡོང་བའི་བཟའ་བཅའ་རྣམས་དཀར་ཡོལ་ནང་དུ་བླུགས་ནས་ཁོ་མོའི་མདུན་དུ་ཁྱེར་ཡོང་།

“ང་ལ་སེམས་ཁྲལ་བྱེད་མི་དགོས། ཁྱོད་ཀྱིས་ཉིན་གང་བོར་ལས་ཀ་བྱས་ནས་དཀའ་ལས་མྱངས་སོང་། རྒྱུན་དུ་ངའི་གམ་དུ་ཡོང་དགོས་ནི་མ་རེད། ཉེ་ལམ་གནམ་གཤིས་ཇེ་འཁྱགས་ལ་འགྲོ་བཞིན་ཡོད་པ་དང་ཁྱོད་ཀྱིས་ཕྱི་རོལ་དུ་ལས་ཀ་ལས་བཞིན་ཡོད་པས་གྱོན་པ་མཐུག་པོ་གྱོན་དགོས། ཨེ་ཤེས་ཐལ། ”དེ་ལྟར་རྒན་མོ་ལིག་ཞིག་ཕེན་འཛུམ་དམུལ་དམུལ་ངང་སྐད་ཆ་རེ་འགའ་བཤད་ཞོར་དུ་གནམ་མཚོ་ལ་ཁོ་མོའི་གམ་དུ་སྡོད་ཅེས་བརྡ་གཏོང་བཞིན་འདུག

མ་སྨད་ལྟ་བུའི་བརྩེ་བ་ཡོད་པའི་ཁོ་གཉིས་ལས་གཅིག་ནི་རྒྱ་རིགས་རྒན་མོ་ཁེར་འདུག་ཅིག་ཡིན་པ་དང་གཅིག་ནི་བོད་རིགས་བུད་མེད་ཅིག་རེད། བརྩེ་སེམས་ཟབ་མོས་ཁོ་གཉིས་ཁྱིམ་ཚང་གཅིག་གི་མི་ལྟ་བུར་གྱུར་འདུག

2020ལོར་རྒན་མོ་ལིག་ཞིག་ཕེན་གྱི་བཟའ་ཟླ་ཚེ་ལས་འདས་རྗེས་སུ་མོ་ལ་འཚོ་བའི་རྟེན་གཞི་ཅི་ཡང་མེད་པར་གྱུར།  གནས་ཚུལ་དེ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་ཚི་ཡིག་སྡེ་ཁུལ་ན་ཡོད་པའི་གནམ་མཚོ་ཡིས་ཤེས་རྗེས་སུ།  ཁོ་མོས་རང་འགུལ་ངང་རྒན་མོ་ལིག་ཞིག་ཕེན་ལ་ལྟ་རྟོག་བྱེད་པའི་འགན་འཁྲི་དང་དུ་བླངས་པ་རེད།

“ང་ལ་དཀའ་ངལ་ཆེ་བའི་དུས་སུ་སྡེ་ཁུལ་འདིའི་ཁྱིམ་མཚེས་གཡས་གཡོན་གྱི་ཕུ་ནུ་མིང་སྲིང་ཚོས་ང་ལ་རོགས་རམ་བྱས་པ་རེད། ད་ལྟ་ཨ་མ་ལིག་ལགས་དཀའ་ངལ་འཕྲད་ཡོད་སྐབས་ངས་ཀྱང་མོ་ལ་རོགས་རམ་བྱེད་འོས་པ་ཞིག་རེད། ”ཅེས་པའི་གནམ་མཚོའི་བབ་ཆགས་པའི་སྐད་ཆ་དེ་ལས་བྱམས་སེམས་ཀྱིས་ཁེངས་པའི་སྡེ་ཁུལ་དེའི་དྲོད་སྐྱིད་ཚོར་ཐུབ།

ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་ཚི་ཡིག་སྡེ་ཁུལ་དུ་ཁྱིམ་ཚང་སྟོང་གཉིས་དང་སུམ་བརྒྱ་དོན་བརྒྱད་ཡོད་པ་དང་།  མི་གྲངས་སྟོང་ལྔ་དང་སུམ་བརྒྱ་ང་གཅིག་ཡོད་པའི་ནང་དུ།  ཧོས་རིགས་དང་བོད་རིགས། ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་སུམ་བརྒྱ་ཞེ་གསུམ་དང་མི་གྲངས་སྟོང་གཅིག་དགུ་བརྒྱ་བཅུ་གཉིས་ཡོད་པ་དེས་སྡེ་ཁུལ་དེའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་སོ་གཉིས་ཟིན་ཡོད།  དུས་ཡུན་རིང་པོའི་ནང་སྡེ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། མཉམ་ལས་བཅས་བྱེད་རྒྱུར་ཤུགས་སྣོན་བྱས་ནས། ཐུན་མོང་ངང་དར་རྒྱས་གོང་འཕེལ་བཏང་ནས་ལས་ཀའི་སྟེགས་བུ་སྣ་ཚོགས་གསར་སྐྲུན་བྱས་ཏེ།  མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་དུས་རྟག་ཏུ་རྣམ་པར་བཞད་པར་སེམས་ཞིབ་མོས་གསོ་སྐྱོང་བྱེད་བཞིན་ཡོད།

སྡེ་ཁུལ་དེའི་ནང་དུ་ད་དུང་གཞན་ཕན་གྱི་ལྷག་བསམ་ལྡན་པའི་མི་བཟང་ཞིག་ཡོད་པ་དེའི་མིང་ལ་མ་ཀྲོང་ཚེ་ཟེར།

“ང་རང་ལ་མཚོན་ན་ར་སྐོར་འདིའི་ནང་དུ་མི་ལོ་བཞི་བཅུ་ལྷག་ལ་བསྡད་མྱོང་།  ར་སྐོར་འདིའི་ནང་གི་རྒྱ་རིགས་དང་གཞན་གྲངས་ཉུང་མི་རིགས་ཀྱི་ཁྱིམ་མཚེས་སུ་ཞིག་ཡིན་ཡང་ཁྱིམ་དུ་དོན་དག་ཅིག་ཞིག་བྱུང་སྐབས་ང་རང་འབོད་ཀྱི་ཡོད། དེ་བས་ངས་ཀྱང་རང་གི་ནུས་ཚོད་ཀྱིས་ཁོ་ཚོའི་དོན་དག་ཆེ་མ་ཆུང་གསུམ་ཚང་མ་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད”ཅེས་མ་ཀྲོང་ཚེ་ཡིས་བཤད།  མ་ཀྲོང་ཚེ་ཡིས“སྡེ་ཁུལ་གྱིས་ང་རང་སླར་ཡང་གདན་ཞུ་བྱས་ནས་དོ་དམ་པ་ཞིག་བྱེད་དུ་བཅུག་བྱུང་། མ་གཞིར་ལས་གླ་སོགས་ཅི་ཡང་མེད་ཀྱང་ངས་ལས་ཀ་ཡག་པོ་སྒྲུབ་བཞིན་ཡིན། ང་ཚོ་ནི་མི་རིགས་མཐུན་སྒྲིལ་གྱི་མཚོན་བྱེད་ལྟ་བུ་ཡིན”ཟེར།

ཞབས་ཞུའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་ཆེད་ཚི་ཡིག་སྡེ་ཁུལ་་གྱི་ཏང་ཨུ་ཡིས་འགན་འཁྲིའི་ལམ་ལུགས་ཁྱབ་སྤེལ་དང་དོན་འཁྱོལ་བྱས་ནས། དྲ་མིག་ཅན་གྱི་དོ་དམ་རྨང་གཞི་བྱེད་པ་དང་ཐོག་ཁང་རེ་ཚན་པ་བྱས་ཏེ། ཉེ་འགྲམ་དུ་གཅིག་སྡུད་སྒོས་ཁྱིམ་ཚང་བརྒྱ་ཡི་མང་ཚོགས་དྲ་མིག་ཅན་གྱི་ཚན་པར་བདམས་ནས། མི་རིགས་སོ་སོའི་ཁྲོད་དུ་འགན་ཁུར་གྱི་འདུ་ཤེས་ལྡན་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བར་དགའ་བའི་ཏང་ཡོན་དང་། ཕུལ་བྱུང་དང་བླངས་པ་ཉེར་དྲུག་གིས་མཉམ་འདྲེལ་གྱིས་སྡེ་མི་རྣམས་ཀྱི་བྱ་བ་སྣ་ཚོགས་ནན་ཏན་སྒོས་ཐག་གཅོད་བྱེད་བཞིན་ཡོད།   དུས་མཚུངས་སུ།“རོགས་རེས་མཛའ་མཐུན་དང་འཆམ་མཐུན་ཡར་རྒྱས།  བདེ་འཇགས་ཨུ་ཡོན་ལྷན་ཁང་མཉམ་སྐྲུན་བྱེད་པ”བཅས་ཀྱི་བྱ་བའི་འདུ་ཤེས་ལ་བརྟེན་ནས།  མི་རིགས་མཐུན་སྒྲིལ་ལས་འཛིན་ལྷན་ཚོགས་དང་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་བཅས་བཙུགས་ནས་གསར་གཏོད་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ།  སྡེ་ཁུལ་གྱི་ལས་བྱེད་མི་སྣ་དང་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག ཚི་ཡིག་སྡེ་ཁུལ་དེ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་ཡི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་སྣེ་ཁྲིད་པར་གྱུར་ཡོད།

“ང་ཚོས་མི་རིགས་སོ་སོའི་སྤུན་ཟླ་རྣམས་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས་པ་མ་ཟད། ད་དུང་ཐབས་བརྒྱ་ཇུས་སྟོང་གིས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས། ང་ཚོའི་སྡེ་ཁུལ་གྱི་ཧོས་རིགས་བུ་མེད་ཞེ་ཅ་ཡིན་གྱིས་བུད་མེད་མང་པོ་ཞིག་ཁྱིམ་ཚང་གི་རྐྱེན་གྱིས་ཕྱིར་ཞོར་ལས་སུ་འགྲོ་ཐུབ་ཀྱི་མེད། ཁོ་ཚོའི་ནུས་པ་གཙོ་བོ་ཞིག་ནི་ཇ་མའི་ལས་ཀ་བྱེད་རྒྱུ་དེ་རེད། དེ་བས་བུད་མེད་དེ་དག་མཉམ་དུ་བསྡུས་ནས་གོ་རེ་ལས་ཏེ་ཡོང་སྒོ་འཕར་སྣོན་གཏོང་དགོས་ཞེས་པའི་བསམ་ཚུལ་དེ་ནི་ཧ་ཅང་ལེགས་པར་སྙམ་ནས་མྱུར་དུ་ལག་བསྟར་བྱས་པ་ཡིན ”ཞེས་ཙི་ཡིག་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཧྥུན་ལེན་གྱིས་བཤད།

“ང་ནི་ཁྱིམ་བདག་མ་ཞིག་ཡིན། སྔོན་ཆད་གོ་རེ་མེ་ཏོག་འདི་ལྟར་འཚོང་ཐུབ་རྒྱུ་དེ་སེམས་ལའང་ཤར་མ་མྱོང་། ཞོགས་པ་དེར་འཛད་སྤྱོད་པ་རྣམས་ཀྱིས་གོ་རེ་སྒམ་ཆུང་མང་པོ་ཉོས་པས་སེམས་པ་སྐྱིད་པོ་རེད”ཅེས་བཤད་ཞོར་དུ་ཚི་ཡིག་སྡེ་ཁུལ་གྱི་སྡེ་མི་མ་ལན་ཧྥང་གིས་མྱུར་དུ་ཐོག་ཁེབས་ཕུད་དེ། ཕྱོགས་གཅིག་ནས་སྡེ་ཁུལ་གྱི་ལས་སྟེགས་བཟང་པོར་བསྔགས་བརྗོད་བྱེད་པ་དང་ཕྱོགས་གཞན་ཞིག་ནས་རླངས་པ་འཐུལ་ལེར་བྱེད་པའི་གོ་རེ་མེ་ཏོག་མ་རྣམས་ཤོག་ཁུག་གི་ནང་དུ་ལྡུག་བཞིན་འདུག ད་ལོ་ལོ་ན་དྲུག་ཅུ་ལ་སླེབས་པའི་མ་ལན་ཧྥང་ལ་མཚོན་ན། རང་ཉིད་ཆུང་དུས་ནས་བཟུང་ལས་ནས་འོངས་པའི་གོ་རེ་མེ་ཏོག་མ་ལ་བརྟེན་ནས་ད་ལྟ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་རྒྱུ་བྱུང་བ་དེ་ནི་དངོས་གནས་བློ་ཡུལ་ལས་འདས་པའི་དོན་ཞིག་རེད།

སེམས་ཞིབ་མོས་སྐྱེད་སྲིང་བྱས་པ་བརྒྱུད། ད་ལྟ་ཏུང་ཀོན་གྱི་གོ་རེ་མེ་ཏོག་མའི་སྤུས་རྟགས་ཀྱི་དྲ་ཐོག་དང་དྲ་ཕྱིའི་ཚོང་གཉེར་བྱེད་སྟངས་རགས་ཙམ་བཙུགས་ནས།   དྲ་ཐོག་འགྲེམ་འཚོང་གི་རྣམ་པའི་ཐོག་ནས་ཁོངས་གཏོགས་ས་ཁུལ་གྱི་སྡེ་མི་རྣམས་ཀྱིས་ཕྱིར་ཚོང་བྱས་པས། སྡེ་ཁུལ་གྱི་སྡེ་མིའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། ལས་ཤོར་སྡེ་མི་རྣམས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་པ་རེད། ཚི་ཡིག་སྡེ་ཁུལ་གྱིས་ད་དུང་མུ་མཐུད་དུ་འབད་བརྩོན་བྱས་ཏེ་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ།  རྙིང་དོར་གསར་ལེན་གྱི་བྱེད་ཐབས་སྣ་མང་སྤྱད་དེ། སྡེ་མི་རྣམས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བའི་ཐད་ལ་ནུས་ཤུགས་གང་ཡོད་འདོན་གྱི་འདུག

ཚི་ཡིག་སྡེ་ཁུལ་ཏང་ཨུ་ཡིས་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་རྒྱུ་དམིགས་འབེན་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་གྱི་ཞབས་ཞུའི་བྱ་འགུལ་སྣ་ཚོགས་སྤེལ་ནས་སྡེ་ཁུལ་གྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་མཉམ་དུ་སྡེ་མི་རྣམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་། མི་རིགས་མི་འདྲ་བའི་ཁྱིམ་ཚང་བར་རྒྱུས་མངའ་མེད་པ་ནས་ཁྱིམ་མཚེས་བཟང་བོར་གྱུར་བའི་གཏམ་རྒྱུད་ལས། ཐག་རིང་གི་གཉེན་ཉེ་ལས་ཐག་ཉེ་ཡི་ཁྱིམ་མཚེས་དགའ་ཞེས་པའི་ནང་དོན་དེ་གསལ་བཤད་བྱས་ཡོད། དོན་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་རྒྱུན་ལྡན་གྱི་བྱ་བ་དང་སློབ་སྦྱོང་སོགས་འཚོ་བའི་ཁྲོད་གནས་པ་དང་། སེམས་ཤུགས་ཡོད་རྒུས་གསོ་སྐྱོང་དང་སྲུང་སྐྱོང་བྱས་ཚེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ངེས་པ་ར་སྤྲོད་བྱས་ཡོད།

                                                                                                                    ཡིག་སྒྱུར་བ། གཡང་འབུམ་རྒྱལ།