རྨ་འབྲི་རྫ་གསུམ་འབྱུང་ཡུལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྤྲོ་སྐྱིད་གླིང་ག
2021.10.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 37

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་རྒྱ་ཤིན་ཏུ་ཆེ།  གལ་སྲིད་ཁྱེད་ཀྱིས་ཞིབ་ཏུ་བལྟས་ཚེ་དེ་ནི་མི་ཡུལ་གྱི་དག་ཞིང་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་སྤྲོ་སྐྱིད་ཀྱི་གླིང་ག་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་འབྱུང་ཐུབ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དབུས་རྒྱུད་དུ་བསྐྱོད་སྐབས།  ང་ཚོས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མང་པོ་ཞིག་མཐོང་ཐུབ་ལ། གནས་དེའི་རི་བོ་བརྗིད་ཉམས་ཆེ་ཞིང་མཚོ་དང་མཚེའུ་དྭངས་ཤིང་གསལ།  ཡངས་པའི་རྩྭ་ཐང་གཡུ་ཡི་ཞུན་མ་ལྟར་མཛེས། རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བས་དེ་ནི་མིང་དོན་མཚུངས་པའི་རི་དྭགས་ཀྱི་གླིང་ག་ཞིག་རེད། གནས་དེ་རུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་ཐུབ་པ་དེ་ནི། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གི་དཔེ་མཚོན་གསར་པ་ཞིག་རེད།

2016ལོར་མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྤེལ་ནས། མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད། 2018ལོའི་ལོ་མཇུག་ཏུ་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་མགོ་བརྩམས་པས།  རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་ཉག་ཅིག་ཏུ་གྱུར་ཡོད།

རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ལེགས་པོ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་གང་ལེགས་བྱེད་པ་བཅས་ཀྱི་བླང་བྱར་དམིགས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་གཙོར་འཛིན་པ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་རྨང་གཞིར་བྱེད་པ།རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་ལམ་བུ་གསར་པ་བཏོད་ནས། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་བསྐྲུན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཡུལ་ཚོ་སྒ་ཁེས་སྡེ་བ་ནས་འབབ་པའི་ཀླུ་ཆུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་བོ་ཆེ་གྲས་གཉིས་པ་དེ་ཡིན་པ་དང་། རྨ་ཆུར་འབབ་པའི་ཆུ་རྒྱུན་ཆེ་ཤོས་དེ་ཡིན་པར་མ་ཟད།  ཧི་ནན་རྫོང་ཁོངས་སུ་དགུན་ཁར་དར་མི་འཁྱགས་པའི་ཆུ་བོ་གཅིག་པུ་འང་རེད།

ཀླུ་ཆུ་ནི་ཧི་ནན་རྫོང་ནས་ཀྱག་ཀྱོག་ངང་ཤར་དུ་ཀན་སུའུ་ཡི་མངའ་ཁོངས་སུ་བཞུར་ཏེ། ཀླུ་ཆུ་རྫོང་དང་བྭ་ཙེ་རྫོང་།  ཅོ་ནེ་རྫོང་སོགས་ས་ཁུལ་བརྒྱུད་དེ་སྔོ་རྒྱ་འགག་ཏུ་འབབ་བཞིན་ཡོད། ཀླུ་ཆུའི་སྟོད་རྒྱུད་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་། ལྷག་པར་དུ་སྨད་རྒྱུད་ཀྱི་ཀན་སུའུ་དབུས་རྒྱུད་ཀྱི་སྐམ་ཤས་ཆེ་བའི་ས་ཁུལ་གྱི་ངོས་ནས་བརྗོད་ན་དོན་སྙིང་ཆེན་པོ་ལྡན།

ཀླུ་ཆུའི་སྐྱེ་ཁམས་གནས་བབ་ཀྱི་གལ་ཆེའི་རང་བཞིན་ལ་གཞིགས་ནས་2013ལོར་ཀླུ་ཆུའི་ཆུ་མགོ་ནས་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཚོད་ལྟ་བྱེད་མགོ་ཚུགས་པ་དང་། འདམ་རའི་སྤྱི་གླིང་གི་རང་ངོས་ཀྱི་ལེགས་ཆ་དང་ཁྱད་ཆོས་གཞིར་བཟུང་ནས་འདམ་ར་སྲུང་སྐྱོབ་དང་འདམ་རའི་ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་སློབ་གསོ། དེ་བཞིན་སྐྱེ་ལྡན་འབྲོག་ལས་བཅས་གཞི་གཅིག་ཅན་གྱི་འདམ་རའི་སྤྱི་གླིང་ཞིག་བསྐྲུན་ཡོད་པ་རེད།

ཀླུ་ཆུའི་ཆུ་མགོ་རུ་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་ཚོད་ལྟ་བྱེད་མགོ་རྩོམ་དུས། ཧི་ནན་རྫོང་གིས་མཚོ་སྔོན་སློབ་ཆེན་དང་སློབ་གྲྭའི་ས་ཆའི་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས། སློབ་གྲྭས་རྩྭ་ལས་ཚན་རིག་དང་སྐྱེ་ཁམས་རིག་པ། སྐྱེ་དངོས་རིག་པ།  སྲོག་ཆགས་རིག་པ་སོགས་ཆེད་ལས་ལག་རྩལ་མི་སྣ་ལས་གྲུབ་པའི་ཚན་རིག་ཞིབ་འཇུག་ཚོགས་པ་བཙུགས་ནས།  ཆུའི་ཁོར་ཡུག་དང་རྩི་ཤིང་། བྱ་རིགས། ས་རྒྱུ་སོགས་ལྟ་ཞིབ་ཚད་ལེན་བྱེད་པ་དང་འདམ་ར་ཉམས་གསོའི་ལག་རྩལ་ཞིབ་འཇུག་སོགས་སྐོར་གྱི་བྱ་བ་བསྒྲུབས།

རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཚོད་ལྟའི་བྱ་བ་བསྒྲུབས་པ་དང་ཆབས་ཅིག  སྒ་ཁེས་སྡེ་བའི་འབྲོག་པ་གདུགས་དཀར་རྒྱལ་སྐྱེ་ཁམས་བདག་སྐྱོང་མཁན་ཞིག་ཏུ་གྱུར་པ་དང་། ཀླུ་ཆུའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་གདུགས་དཀར་རྒྱལ་གྱི་འགན་འཁྲི་དང་ལས་འགན་ཞིག་ཏུ་གྱུར་ཡོད་པ་རེད།  སྐྱེ་ཁམས་དོ་དམ་གྱི་སྲུང་སྐྱོབ་བྱ་བ་དེ་གདུགས་དཀར་རྒྱལ་ལ་མཚོན་ནས་བཤད་ན་རྒྱུས་མངའ་ཆེན་པོ་ཡོད་དེ།  རྒྱུ་མཚན་ནི་ལོ་ངོ་མང་པོའི་རིང་དུ་ཁོའི་ཕ་མེས་ཡང་མེས་ནས་ཁོ་རང་གི་བར་དུ་ས་གནས་དེ་རུ་མ་ཡུམ་ཆུ་བོ་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པས་རེད།

རྒྱུན་དུ་སྐོར་གཡེང་བྱེད་རྒྱུ་ལས་གཞན་གདུགས་དཀར་རྒྱལ་དང་སྐྱེ་ཁམས་བདག་སྐྱོང་མཁན་གཞན་དག་ལ་ད་དུང་འགན་འཁྲི་གཞན་ཞིག་ཡོད་པ་ནི་གཞན་ལ་ཁྲིམས་ལུགས་ཤེས་བྱའི་སྐོར་བཤད་རྒྱུ་དེ་རེད།  2016ལོ་ནས་བཟུང་།  ཀླུ་ཆུའི་ཆུ་མགོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་གནས་ཡུལ་གསེར་ལུང་ཡུལ་ཚོ་ཆ་ཚང་སློབ་ཆུང་དུ་འདམ་རའི་རང་བྱུང་སློབ་གྲྭ་བཙུགས་པ་དང་། སྐྱེ་ཁམས་བདག་སྐྱོང་མཁན་དག་གིས་སློབ་གྲྭ་དང་མཉམ་དུ་གཞོན་ནུ་ལོ་ཆུང་ཚོར་སྐྱེ་ཁམས་ལག་ལེན་སྐོར་གྱི་སློབ་ཚན་བཀོད་སྒྲིག་བྱས་ཏེ།  རྒྱུན་མཐོང་གི་འདམ་རའི་སྲོག་ཆགས་དང་རྩི་ཤིང་དང་འདམ་རའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱེད་དུ་བཅུག་ནས།  བྱིས་པ་རྣམས་ལ་ཆུང་དུས་ནས་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བསམ་བློའི་འདུ་ཤེས་ལྡན་པར་བྱས་པ་དང་།   ད་ལྟ་སྐྱེ་ཁམས་ལག་ལེན་སྐོར་གྱི་སློབ་ཚན་དེ་ཧི་ནན་རྫོང་གི་སློབ་གྲྭ་ཁག་ཏུ་ཁྱབ་ཡོད་པ་རེད།

ཧི་ནན་རྫོང་གིས་མི་དམངས་མང་ཚོགས་སྔར་ལས་མང་པོ་ཞིག་ལ་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆགས་པར་ཁྲིད་སྟོན་བྱེད་ཆེད། ཧི་ནན་རྫོང་རྟེན་རྫས་བཤམས་སྟོན་ཁང་གིས་མཚོ་སྔོན་ཀླུ་ཆུའི་མགོ་ཁུངས་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་འགྲེམས་སྟོན་ཁུལ་བཀོད་སྒྲིག་བྱས་ཏེ།  བྱེ་གཞོང་གི་དཔེ་དབྱིབས་དང་དངོས་དཔེ།པར་རིས་སོགས་ཀྱི་རྣམ་པའི་ཐོག་ནས་འདམ་རའི་སྤྱི་གླིང་གི་ས་དབྱིབས་དང་འདམ་རའི་རིགས། སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྣ་མང་རང་བཞིན་བཅས་མངོན་པར་བྱས་ཏེ། གཟའ་འཁོར་རེའི་གཟའ་མིག་དམར་དང་པ་སངས་ཉིན་གཉིས་ལ་ཕྱི་ཕྱོགས་སུ་སྒོ་ཕྱེས་ནས་མང་ཚོགས་ལ་རིན་མེད་ངང་ལྟ་སྐོར་བྱེད་དུ་འཇུག་བཞིན་ཡོད།

གཙང་བོའི་མགོ་ཁུངས་སྲུང་སྐྱོབ་བྱས་ཏེ་རང་བྱུང་ཐོན་ཁུངས་སྲུང་སྐྱོང་བྱེད་དགོས།

སྔོ་ཞིང་བསངས་པའི་ནམ་མཁའི་འོག་རོལ་ཏུ། མཐའ་ཡས་པའི་རྩྭ་ཐང་ཆེན་མོ་གཡུ་ཡི་མེ་ལོང་ལྟར་མཛེས་ཤིང་མེ་ཏོག་སྣ་ཚོགས་ཀྱི་ཕྲ་རྒྱན་ལྷག་ལྷག་དགོད་ཅིང་། དྭངས་གཙང་གི་ཆུ་ཕྲན་མང་པོས་ཡངས་པའི་རྩྭ་ཐང་ཆེན་མོའི་ཕང་བ་བརྒྱུད་ནས་སྙན་པའི་གླུ་གཞས་ལེན་ཞོར་རྒྱང་ནས་རྒྱང་ལ་བཞུར།  དེ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོ་ཡིན་པ་དང་།མ་ཡུམ་གཙང་བོའི་མགོ་ཁུངས་ཡིན་ལ་མཚོ་འཕང་རྨིད་བཞི་སྟོང་དྲུག་བརྒྱ་ལྔ་བཅུ་ཡོད།

ལོ་འདི་དག་གི་རིང་ལ་རྨ་ཆུའི་མགོ་ཁུངས་སུ་གནས་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཁོར་ཡུག་ལ་སྦག་བཙོག་མི་བཟོ་བའི་ཆེད་དུ་རྨ་ཆུའི་མགོ་ཁུངས་ཀྱི་སྤྱི་ལེ་གསུམ་གྱི་མཚམས་ནས་བཟུང་གད་སྙིགས་ལྡུག་ས་བཞག་ཡོད་ཅེས་སྐྱེ་ཁམས་བདག་སྐྱོང་མཁན་དགེ་ཆོས་ཀྱིས་བཤད།

ཉིས་སྟོང་བཅུ་བདུན་ལོའི་ཉིན་ཞིག་ལ་དགེ་ཆོས་ཀྱིས་གད་སྙིགས་འཐུ་བའི་སྐབས་སུ། ཁོ་དང་ཐག་རིང་བོའི་ས་ན་སྤྱང་ཚོགས་ཀྱིས་རྐྱང་མ་བུ་གཉིས་ལ་འཇབ་རྒོལ་བྱེད་བཞིན་པ་མཐོང་། དགེ་ཆོས་རྒྱུག་ནས་དེར་ཐོན་སྐབས་རྐྱང་དེ་གཞི་ནས་བསད་འདུག་པ་དང་། རྐྱང་ཕྲུག་ཆུང་ཆུང་དེ་མ་གཏོགས་ལུས་མི་འདུག དགེ་ཆོས་ཀྱིས་རྐྱང་ཕྲུག་དེ་ཁྱེར་ནས་ཡུལ་ལ་ལོག་པ་དང་། ཉིན་རྒྱུན་དུ་སེམས་ཞིབ་མོས་བདག་སྐྱོང་བྱས་ནས་རྒྱུན་དུ་ཕྱི་རོལ་དུ་གཙང་སྤྲ་བྱེད་དུ་འགྲོ་སྐབས་ཀྱང་རྐྱང་ཕྲུག་དེ་ཁྲིད་ནས་འགྲོ་བཞིན་ཡོད།

ལོ་ཕྱེད་ཀྱི་རྗེས་སུ། དགེ་ཆོས་ཀྱིས་རྐྱང་ཕྲུག་དེ་ཕྱིར་རྩྭ་ཐང་ཆེན་མོའི་ཁོངས་སུ་བཏང་། སྐབས་དེར་དགེ་ཆོས་ཀྱི་སེམས་ནས་ངོ་མ་བློས་མི་ཐོང་ནའང་། རྩྭ་ཐང་ནི་ད་གཟོད་རྐྱང་གི་ཕ་ཡུལ་ཡིན་པ་དགེ་ཆོས་ཀྱིས་གསལ་བོར་ཤེས།  “རྐྱང་ལ་རང་ཉིད་ཀྱི་ཁྱིམ་གཞིས་ཡོད་ལ་རང་ཉིད་ཀྱི་འཚོ་བ་རོལ་རོགས་ཀྱང་ཡོད། ང་ཚོའི་འབྲེལ་འདྲིས་ཧ་ཅང་བཟང་བ་དང་ཐ་ན་དམིགས་བསལ་གྱི་བརྩེ་སེམས་ཤིག་ཀྱང་ཆགས་ཡོད་མོད། ངས་གསལ་བོར་ཤེས་པ་ཞིག་ནི། ཕྱིར་རྩྭ་ཐང་ཆེན་མོའི་པང་དུ་ལོག་ནས་རང་གི་རིགས་དང་མཉམ་དུ་འཚོ་གཞེས་བྱེད་ཐུབ་ཚེ།  རྐྱང་གིས་ད་གཟོད་གཞི་ནས་རང་ཉིད་ལ་དབང་བའི་ཁྱིམ་གཞིས་ཤིག་རྙེད་པ་རེད”ཟེར།

རྨ་ཆུའི་མགོ་ཁུངས་ཀྱི་འབྲོག་པ་རྣམས་ཀྱིས་རྨ་ཆུའི་མགོ་ཁུངས་སྲུང་སྐྱོབ་བྱེད་བཞིན་ཡོད་ཅིང་། ཁོ་ཚོས་རྨ་ཆུའི་མགོ་ཁུངས་སྲུང་སྐྱོབ་བྱེད་པའི་སྒུལ་ཤུགས་དེ་རྨ་ཆུའི་མགོ་ཁུངས་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཚོ་གནས་ཀྱི་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། རང་བྱུང་ཁམས་ཆེན་མོར་གོང་བཀུར་དང་། གནས་དེའི་རི་བོ་རེ་རེ་དང་ཆུ་བོ་རེ་རེ། སེམས་ཅན་རེ་རེ་བཅས་ལ་གུས་ཤིང་སྐྲག་པ་ལས་བྱུང་བ་ཞིག་ཀྱང་རེད།

རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ཡག་པོ་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ བྱེད་དགོས།

རི་སྐྱེས་སྲོག་ཆགས་ནི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གྲུབ་ཆའི་གཞི་རྒྱུ་གལ་ཆེན་ཞིག་ཡིན་ཞིང་། རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་རི་སྐྱེས་སྲོག་ཆགས་ཡོད་པས་ད་གཟོད་ལྷན་སྐྱེས་ཀྱི་ནུས་པ་སྣ་ཚོགས་ཐོན་བཞིན་ཡོད།

ཉིས་སྟོང་བཅུ་དགུ་ལོའི་ལོ་མགོར། མཚོ་སྔོན་གྱི་ལྷོ་རྒྱུད་དུ་གངས་སྐྱོན་ཕོག་པས་རི་སྐྱེས་སྲོག་ཆགས་ཀྱིས་གཟན་ཆས་འཚོལ་དཀའ་བར་གྱུར་བས་རི་སྐྱེས་སྲོག་ཆགས་མང་པོར་ཤི་རྨས་ཐེབས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྦྲ་ཆེན་ཡུལ་ཚོ་སྟེང་ཆེན་སྡེ་བའི་སྐྱེ་ཁམས་བདག་སྐྱོང་མཁན་དགོན་པ་པད་མས་གངས་ཁྲོད་དུ་ཤི་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དེ་དག་མཐོང་དུས་སེམས་ཀྱིས་མ་གཟོད་པར།  རང་ཁྱིམ་གྱི་ཕྱུགས་ཟོག་གི་གཟན་ཆས་ཁུར་ནས་རི་མགོར་སོང་སྟེ་རི་སྐྱེས་སྲོག་ཆགས་དེ་དག་ལ་བྱིན།

ཉིན་ཞིག་གི་ཞོགས་པར།དགོན་པ་པདྨ་མ་ཕ་བུ་གསུམ་པོས་སྔར་བཞིན་གཟན་ཆས་ཁུར་ནས་ཁ་བ་མཐུག་པོ་བརྒལ་ཏེ་རི་སྐྱེས་སྲོག་ཆགས་མང་པོར་གཟན་ཆས་སྟེར་བར་སོང་། སྐབས་དེར་ཁོ་ཕ་བུ་གསུམ་པོས་ལུས་ཧྲིལ་བོ་ཁངས་ཀྱིས་གཡོགས་འདུག་པའི་གནའ་བ་ཆུང་ཆུང་ཞིག་འཆི་ལ་ཉེ་བ་མཐོང་དུས། ཁོ་ཚོས་མྱུར་དུ་གནའ་བ་དེ་ཁངས་འོག་ནས་བླངས་ཏེ། དགོན་པ་པདྨས་རུམ་ལ་བཅུག་ནས་རང་ཁྱིམ་དུ་ཁྱེར།  དགོན་པ་པདྨར་མཚོན་ནས་བཤད་ན། དེ་ནི་ཐེངས་དང་པོར་རི་སྐྱེས་སྲོག་ཆགས་སྲོག་ཉེན་ལས་བསྐྱབ་པ་ཞིག་མིན། ཁྱིམ་དུ་ཐོན་མ་ཐག ཁོས་རང་གི་ཆུང་མ་ལ་མྱུར་དུ་གནའ་བ་ཆུང་ཆུང་དེ་ཉལ་ཐུལ་གྱི་ནང་འཇུག་ཏུ་བཅུག་རྗེས། རང་གིས་ཨན་རྨང་སྐྱུར་དང་རྒུན་འབྲུམ་མངར་ཆུ་ཁབ་སྦུག་ཏུ་དྲངས་ནས་གནའ་བ་ཆུང་ཆུང་དེ་ལ་བླུད།

གནའ་བ་ཆུང་ཆུང་དེ་སྲོག་ཉེན་ལས་བསྐྱབས་རྗེས་ཀྱི་ཉིན་གསུམ་པར་སྐོར་གཡེང་ལ་འགྲོ་དུས། དགོན་པ་པདྨས་ཡང་བསྐྱར་རྨས་སྐྱོན་ཕོག་པའི་གནའ་བ་ཞིག་སྲོག་ཉེན་ལས་བསྐྱབས་ཏེ་ཁྱིམ་དུ་ཁྱེར་ཡོང་བ་དང་། དེའི་རྗེས་སུ་སྐོར་གཡེང་བྱེད་པའི་སྐབས་ཤིག་ལ་དགོན་པ་པདྨས་ཡང་བསྐྱར་འཁྱགས་ཤི་ཐེབས་ལ་ཉེ་བའི་ཤྭ་བ་མཆུ་དཀར་ཞིག་ཀྱང་སྲོག་ཉེན་ལས་བསྐྱབས་ཏེ་ཡུལ་ལ་ཁྱེར་ཡོང་།

དགོན་པ་པདྨ་ལ་མཚོན་ནས་བཤད་ན་ཤྭ་བ་དེ་དང་གནའ་བ་དེ་དག་ནི་རང་གི་ཁྱིམ་གྱི་གྲུབ་ཆ་ཞིག་ཏུ་བརྩི་བཞིན་ཡོད་ཅིང་། རི་སྐྱེས་སྲོག་ཆགས་དེ་དག་གི་གཟུགས་གཞི་བདེ་ཐང་ཡོང་ཕྱིར་རང་གི་བུའི་ཉལ་ཁང་དེ་རི་དྭགས་དེ་དག་གི་སྡོད་གནས་སུ་བྱས་འདུག

དགོན་པ་པདྨར་མཚོན་ན། རི་སྐྱེས་སྲོག་ཆགས་སྲོག་ཉེན་ལས་བསྐྱབ་རྒྱུ་དེ་ནི་སྐྱེ་ཁམས་བདག་སྐྱོང་མཁན་ཞིག་གི་འགན་འཁྲི་གཙོ་བོ་ཞིག་ཏུ་བརྩི་བཞིན་ཡོད་པར་མ་ཟད། དེ་བས་ཀྱང་རྣམ་པར་དག་པའི་བརྩེ་བའི་རྒྱུན་སྐྱོང་སྟངས་ཤིག་ཏུ་འདོད་ཀྱིན་ཡོད།

ཡངས་ཤིང་རྒྱ་ཆེ་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ངོས་ནས་བརྗོད་ན། དོན་གྱིས་རི་སྐྱེས་སྲོག་ཆགས་ནི་ཡུལ་དེའི་བདག་པོ་ཡིན་པ་དང་། འབྲོག་པ་ཚོས་རི་སྐྱེས་སྲོག་ཆགས་རྣམས་རང་ཉིད་ཀྱི་གྲོགས་པོར་བརྩིས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་སྐྱེ་འཕེལ་ལ་སྲུང་སྐྱོབ་བྱེད་བཞིན་དུ་མཐོ་སྒང་གི་ས་གཞི་ཆེན་མོ་དེའི་སྟེང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཀྱི་ཡོད།

2016ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་མགོ་བརྩམས་རྗེས། གསར་འགོད་པ་རྣམས་ལོ་རེ་བཞིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བཅར་འདྲིར་འགྲོ་ཐེངས་རེ་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རྐྱང་དང་གཙོད།  ཁྲུང་ཁྲུང་སྐེ་ནག་སོགས་མང་དུ་མཐོང་རྒྱུ་ཡོད་པར་མ་ཟད། སྔོན་ཆད་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་དེ་ཡང་ད་ལྟ་སྔོ་ལྗང་ཅན་དུ་གྱུར་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་པའི་རྣམ་པ་ཉམས་དགའ་བ་དེ་མཐོང་ཐུབ།

ང་ཚོས་དངོས་སུ་མིག་གིས་མཐོང་བའི་འགྱུར་ལྡོག་དེ་དག་ལས་གཞན་ང་ཚོར་ཚོར་སྣང་ཟབ་མོ་ཡོད་པ་ཞིག་ནི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་གཙང་བོའི་མགོ་ཁུངས་ཀྱི་མི་དམངས་མང་ཚོགས་ཀྱི་རང་རྟོགས་ཀྱི་འགུལ་སྐྱོད་ཅིག་ཏུ་གྱུར་ཡོད་པ་ལས་གཞན་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དེ་གཞི་ནས་ཡུལ་དེའི་མི་རྣམས་ཀྱི་སེམས་སུ་ཟུག་ཡོད་པ་དེ་རེད།

དེ་ནི་མཚོ་སྔོན་ནི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་ཞིག་དང་སྐྱེ་ཁམས་ཞིང་ཆེན་སྟོབས་ལྡན་ཞིག་ཡིན་པའི་རང་རྟོགས་དང་འགན་འཁྲི་ཡིན་པར་མ་ཟད། དེ་ལས་ཀྱང་མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་བ་འཛུགས་པའི་དུས་རབས་ཀྱི་དགོས་མཁོ་འང་རེད།

དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འཚམ་པར་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་གཏན་འཁེལ་ལྟར། 2018ལོའི་ལོ་མཇུག་ཏུ་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་ གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་མགོ་བརྩམས་པ་ནས། མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་ཐོག་མར་གྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་རེད་ཅེས་ནན་གྱིས་གསུངས།  རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།

ང་ཚོས་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་སྔར་ལས་ལྷག་པར་བཙུགས་ནས།  དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྩ་དོན་གལ་ཆེན་དྲུག་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པ་དང་ནན་ཏན་སྒོས་སའི་གོ་ལའི་སྲུང་དམག་ཡག་པོ་བྱེད་པའི་འགན་འཁྲི་གལ་ཆེན་ ཁུར་ནས། རང་བྱུང་སྐྱེ་ཁམས་མ་ལག་གི་ཐོག་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུ་རྨང་གཞིར་བཟུང་སྟེ།  རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་ལ་མཉམ་སྤྱོད་བྱེད་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་བཅས་དམིགས་འབེན་ དུ་བཟུང་ནས་རྒྱལ་ཁབ་སྤྱི་གླིང་གཙོས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་མགྱོགས་མྱུར་གྱིས་བསྐྲུན་དགོས།

ང་ཚོས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་དེ་ཆེ་ཤོས་གསུམ་དོན་འཁྱོལ་བྱེད་པའི་མངོན་འགྱུར་ཐབས་ལམ་དུ་བརྩིས་ནས། བསམ་བློའི་ངོས་ཟིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ཀྱི་རིན་ཐང་དང་སྐྱེ་ཁམས་ཀྱི་འགན་འཁྲི། སྐྱེ་ཁམས་ཀྱི་སྦས་ཤུགས་བཅས་འཚོལ་ཞིབ་གཏིང་ཟབ་བྱེད་པའི་ནང་གནས་ཀྱི་གཏན་ཚིགས་འཚོལ་ཞིབ་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་རིགས་དབྱེ་ཚན་རིག་དང་མཐུན་པ་དང་བཀོད་པ་ལུགས་མཐུན་ཡིན་ཞིང་། སྲུང་སྐྱོབ་དང་དོ་དམ་ནུས་ལྡན་ཡིན་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བཙུགས་ནས།  སྐྱེ་ཁམས་བཟང་པོ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁོར་ཡུག་གི་བཟང་ཆར་བསྒྱུར་བ་དང་། རྒྱུན་ཆད་མེད་པར་སྐྱེ་ཁམས་རིན་ཐང་གི་གནས་ཐང་སྲུང་འཕར་ཡོང་བ་མངོན་འགྱུར་བྱས་ཏེ།  སྐྱེ་ཁམས་ཀྱི་རིན་ཐང་བསྐྱར་སྐྲུན་དང་སྐྱེ་ཁམས་ཀྱི་འགན་འཁྲི་ལག་བསྟར། སྐྱེ་ཁམས་ཀྱི་སྦས་ཤུགས་སྔོག་འདོན་བཅས་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཁྲོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ངེས་པ་དོན་གྱི་དུས་རབས་ཀྱི་ལན་ཞིག་ཕུལ་ནས། མཚོ་བོད་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་དང་དོ་དམ་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཏེ།  རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གཙོས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པའི་ལམ་བུ་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་བྱེད་དགོས།

                                                                              ཡིག་སྒྱུར་བ། གཡང་འབུམ་རྒྱལ།