དག་གཙང་ནུས་ཁུངས་ཀྱིས་འཁོར་ཡུག་གཙང་མར་བཟོ་ཞིང་མི་སེམས་བདེ་ལ་འགོད་ངེས།
2021.10.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཅུ་བའི་ཡུས་ཧྲུའུ་ཡི་མཁའ་དབྱིངས་སུ་སྤྲིན་པ་ལེབ་མོ་འགའ་ལང་ལོང་དུ་རྒྱུ་ཞིང་། ནམ་ཟླ་ཉིན་རེ་ལས་ཉིན་རེར་ཇེ་འཁྱག་ཏུ་གྱུར་ཡང་། འབྲོག་པའི་སེམས་པ་སྔར་བཞིན་དྲོད་ཀྱིས་ཁེངས་འདུག རྒྱུ་མཚན་ནི་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་ཡུས་ཧྲུའུ་གློག་འདོན་ས་ཚིགས་ཀྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་སྤེལ་བའི་དག་གཙང་ནུས་ཁུངས་ཀྱིས་གློག་དྲ་བཅོས་སྒྱུར་གྱི་ཚབ་བྱེད་པའི་རིམ་སྤར་བཟོ་སྐྲུན་མཇུག་སྒྲིལ་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོད་རླངས་བསྐྱལ་ཐུབ་པ་བྱུང་།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་ཡུས་ཧྲུའུ་གློག་འདོན་ཀུང་ཟིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་དོན་དངོས་བྱ་བ་དང་ཟུང་འབྲེལ་བྱསཏེ།དོན་དངོས་བསྒྲུབ་པ་ལས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ། ཞབས་ཞུ་བསྒྲུབ་པ་ལས་མང་ཚོགས་ལ་དྲོད་ཁོལ་སྦྱིན།

ཡུས་ཧྲུའུ་ས་ཁུལ་དུ་འབྲོག་པ་མང་བའི་རྐྱེན་གྱིས་རིག་ནུས་ཅན་གྱི་དྲོད་རླངས་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་སྐབས་སུ། དཀའ་ངལ་ཆེན་པོར་འཕྲད། དེའི་རྐྱེན་གྱིས་གློག་ཤུགས་ལས་བཟོ་བ་ཁྱིམ་ཚང་དུ་བསྐྱོད་དེ་ནན་ཏན་གྱིས་བཀོལ་སྤྱོད་བྱེད་མཁན་གྱི་ཁྱིམ་ཚང་ལ་དྲོད་རླངས་སྒྲིག་ཆས་སྒྲིག་སྦྱོར་བྱེད་པར་མཛུབ་སྟོན་བྱས་ཏེ། ཁྱིམ་ཚང་དག་གིས“མཛུབ་རྩེ”ནས་གློག་ཤུགས་ཞབས་ཞུ་ཉམས་སུ་མྱོང་ཐུབ་པ་བྱུང་ཞིང་། “ཆེས་མང་ན་ཐེངས་གཅིག་ལ་འགྲོ་དགོས་པ”ནས་“སྤྱིར་འགྲོ་མི་དགོས”པའི་ཞབས་ཞུ་དེ་ཁྱིམ་ཚང་མང་བོར་བསྐྱོད་པའི་ཆེད་དུ། ཧུར་བརྩོན་ཆེན་པོའི་སྒོ་ནས“ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཞེས་པ་སྤེལ་བ་དེས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བྱ་བར་སྟབས་བདེ་ཆེན་པོ་སྐྲུན།

ཡུས་ཧྲུའུ་གྲོང་ཁྱེར་རྫ་སྡེ་བའི་མཐོ་ཡུས་སྡོད་ཁུལ་གྱི་བུ་མོ་སྐྱིད་གཡང་སློབ་གྲྭ་གྲོལ་ནས་ཁྱིམ་ལ་ལོག་པ་ན་ཁྱིམ་ཚང་གི་ནང་ནམ་རྒྱུན་དང་མི་འདྲ་བ་ཞིག་ཏུ་སྣང་འདུག ཉལ་ཁང་རེའི་གྱང་ངོས་སུ་མདོག་དཀར་པོའི་དྲོད་རླངས་ཀྱི་ལྕགས་ལེབ་བཀལ་ཡོད་པ་དང་། ཞིབ་ཏུ་བལྟས་པ་ན་དེ་ནི་དྲོད་རླངས་ཡིན་པ་མོས་གཞི་ནས་ཤེས། དགའ་སྤྲོས་ཁེངས་པའི་ཁོ་མོ་སྒོ་ཕྱི་རུ་རྒྱུགས་ནས་གྲོགས་པོ་ཆུང་ཆུང་ཚོར་ངེད་ཚང་ལའང་དྲོད་རླངས་ཡོད་འདུག་ཅེས་བཤད།

ལྕི་བས་དྲོད་རྒྱས་པ་དེ་དེང་རབས་ཅན་གྱི་གློག་གི་དྲོད་རླངས་ལ་བསྒྱུར་བ་དེས་ཡུས་ཧྲུའུ་གྲོང་ཁྱེར་ཁྲ་འགུ་དང་། སྐར་མདའ་སྡེ་བ་གཉིས་ཀྱི་འབྲོག་པ་ཚོར་བཤད་མི་ཤེས་པའི་སེམས་འགུལ་ཐེབས་སུ་བཅུག “དག་གཙང་ནུས་ཁུངས”ཡོད་རྗེས་འབྲོག་པ་ཚོས་རྒྱུན་དུ་བཤད་པའི་སྐད་ཆ་ནི“ཏང་དང་སྲིད་གཞུང་མེད་ཚེ། ང་ཚོའི་དགུན་ཁ་དེ་འདྲའི་དྲོད་ཁོལ་ལྡན་པ་ཞིག་ཡིན་མི་སྲིད། རྒྱལ་ཁབ་གློག་དྲ་ཀུང་ཟིའི་འགན་སྲུང་མེད་ཚེ། ང་ཚོས་གློག་བཀོལ་སྤྱོད་བྱེད་པ་དེ་འདྲའི་སྟབས་བདེ་མོ་ཞིག་ཡོང་མི་ཐུབ”ཅེས་པ་དེ་རེད། གློག་དྲ་ཆེན་མོའི་གློག་འདོན་ས་ཚིགས་ཀྱིས་ཡུས་ཧྲུའུ་གསལ་ལེར་བཏང་བ་དང་། ས་དེའི་འབྲོག་པར་འོད་སྣང་སྐྱེལ་ཡོང་ལ། “དག་གཙང་ནུས་ཁུངས”ལས་གཞི་ལེགས་འགྲུབ་འབྱུང་བར་སྲ་ཞིང་བརྟན་པའི་རྨང་གཞི་འདོན་སྤྲོད་བྱས་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་ས་ཁུལ་དུ་ཡོད་པ་དང་། ཆ་སྙོམས་མཚོ་འཕང་ལ་རྨིད་སྟོང་བཞི་ལྷག་ཡོད་ལ། ལོ་རེའི་དགུན་ཁར་ཟླ་བརྒྱད་ཡོད་ཅིང་། “དག་གཙང་ནུས་ཁུངས”ཀྱི་བཟོ་སྐྲུན་མགོ་མ་བརྩམས་སྔོན་ལ། ས་དེའི་སྡོད་དམངས་རྣམས་ཀྱིས་གཙོ་བོ་ལྕི་བ་དང་རྡོ་སོལ་འབུད་པ་ལ་བརྟེན་ནས་དྲོད་ལེན་བཞིན་ཡོད་པ་དང་། དེ་ཡི་མ་རྩ་མཐོ་བ་མ་ཟད་ད་དུང་ཁང་བའི་ནང་དུ་བ་དང་ས་རྡུལ་གྱིས་ཁེངས་འགྲོ་བས། མང་ཚོགས་ལ་སུན་སྣང་སྟེར་བཞིན་ཡོད།

སྐར་མདའ་སྡེ་བའི་འབྲོག་པ་བཀྲ་ཤིས་ཚང་གིས་གློག་གི་ཚ་ཐབ་དང་། གློག་གི་དྲོད་རླངས་སྒྲིག་སྦྱོར་བྱས་ཡོད། ཁོ་རང་དགའ་སྤྲོ་སྐྱེས་བཞིན་བཤད་རྒྱུར། ད་ལོར་དྲོད་ཁོལ་ལྡན་པའི་སྒོ་ནས་དགུན་ཁ་ཞིག་རོལ་ཐུབ་རྒྱུ་རེད། སྔོན་ཆད་དགུན་ཁ་མ་ཐོན་སྔོན་ལ། ཁྱིམ་དུ་རྡོ་སོལ་དང་ལྕི་བ་མང་པོ་གྲ་སྒྲིག་བྱེད་དགོས་པ་དང་།   ཁང་བའི་ནང་རྡུལ་གྱིས་ཁེངས་འགྲོ ད་ལྟ་གློག་གི་དྲོད་རླངས་ཡོད་པས། དུས་ཚོད་དང་ནུས་ཤུགས་གྲོན་ཆུང་བྱེད་ཐུབ་པར་མ་ཟད་ད་དུང་གཙང་མ་ཡང་ཡིན་པ་རེད་ཟེར།

དག་གཙང་ནུས་ཁུངས་ཀྱིས་གློག་དྲ་བཅོས་སྒྱུར་རིམ་སྤར་གྱི་ཚབ་བྱེད་པའི་བཟོ་སྐྲུན་ཡོངས་འགྲུབ་བྱས་པ་དང་བསྟུན་ནས། ཁྱིམ་ཚང་ཚང་མས་གློག་གི་དྲོད་རླངས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་། དེ་ཡིས་གྲང་བའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོབ་ཀྱི་དཀའ་གནད་ཡང་ཐག་གཅོད་བྱས་ལ། དགུན་ཁའི་རྩྭ་ཐང་གི་དུ་བ་ནག་པོ་དེ་དུས་དེ་ནས་བཟུང་མཐོང་རྒྱུ་མེད་པར་གྱུར། དག་གཙང་ནུས་ཁུངས་ཀྱི་གློག་དྲ་བཅོས་སྒྱུར་གྱི་ཚབ་བྱེད་པའི་རིམ་སྤར་བཟོ་སྐྲུན་ལག་བསྟར་བྱས་པ་དེས་ཡུས་ཧྲུའུ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། དེ་དང་ཆབས་ཅིག་ཏུ། གྲོང་གསེབ་དར་སྤེལ་ལའང་སྟོབས་དང་ལྡན་པའི་གློག་ཤུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད་པ་རེད།

ཁྲ་འགུ་སྡེ་བར་བསྡད་ཡོད་པའི་འབྲོག་པ་སྒྲོལ་ཡག་ཚང་གི་སྒོ་རའི་སྟེང་། དར་མཚོན་ང་ལྔ་གྲལ་འགྲིག་པོར་འཐེན་ཡོད་པ་དང་། ཁ་དོག་སྣ་ལྔའི་དར་མཚོན་རེ་རེ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད་བཞིན་ཡོད་ལ། ཉི་འོད་ཀྱི་འོག་ཏུ་བཀྲ་མདངས་རྣམ་པར་བཀྲ་འདུག ཁོ་མོས་བཤད་རྒྱུར། གློག་སྡོང་རྐང་རེ་རེ་འཛུགས་སྐབས་ཁོ་མོས་དར་མཚོན་རེ་བཏགས་ནས་ལས་ཀའི་བརྒྱུད་རིམ་དེ་ཟིན་ཐོར་བཀོད་མྱོང་། ད་ལོར་གློག་གི་དྲོད་རླངས་དེ་ཁྱིམ་དུ་འཐེན་ཐུབ་པ་བྱུང་ཟེར།

རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་ཟིའི་དག་གཙང་ནུས་ཁུངས་ཀྱིས་གློག་དྲ་བཅོས་སྒྱུར་གྱིས་ཚབ་བྱེད་པའི་རིམ་སྤར་བཟོ་སྐྲུན་ལག་བསྟར་བྱས་པ་དང་། དེའི་ཐད་ལ་སྤྱི་སྡོམ་པས་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་ལྔ་ལྷག་བཏང་། བཅོས་སྒྱུར་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་ཆེད། ཀུང་ཟིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ནས་དམ་འཛིན་བྱས་པ་དང་། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱས་ནས་ཡུས་ཧྲུའུ་ཡི་དག་གཙང་ནུས་ཁུངས་ཀྱིས་དྲོད་ལེན་པའི་བཟོ་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

ཉེ་བའི་ལོ་འགའི་རིང་ལ། དག་གཙང་ནུས་ཁུངས་ཀྱི་ཁྱད་སྟོབས་ལ་གཞི་བཅོལ་ནས། ཡུས་ཧྲུའུ་གློག་འདོན་ཀུང་ཟིས་ས་གནས་རང་གི་གནས་ཚུལ་དང་བསྟུན་ནས་གློག་ནུས་ཀྱིས་ལས་གཞི་བཞི་བཅུའི་ཚབ་བྱེད་པར་སྐུལ་འདེད་བཏང་བ་དང་། རྒྱ་སྐྱེད་དུ་བཏང་བའི་གློག་གི་དྲོད་རླངས་ཀྱི་རྒྱ་ཁྱོན་སྟོང་རྨིད་གྲུ་བཞི་མ་ཁྲི་བཞི་ཙམ་ཡོད་པ་རེད། གློག་ཤུགས་ཅན་དང་། དེང་རབས་ཅན་གྱི་དྲོད་ལེན་རྣམ་པ་དེ་ཡིས་མཚོ་འཕང་མཐོ་བའི་ས་ཁུལ་དུ་ནུས་ཁུངས་བཀོལ་ཐུབ་པའི་འགྱུར་ལྡོག་ལ་སྣེ་ཁྲིད་བྱེད་བཞིན་ཡོད། སྡོད་དམངས་འདུག་ས་དང་། མགྲོན་ཁང་། འབྲོག་པའི་སྤྲོ་ཁྱིམ་ཁང་སོགས་ཡུལ་སྐོར་སྣེ་ལེན་བྱེད་ས་རུ་ཡང་“དག་གཙང་ནུས་ཁུངས”ཕལ་ཆེར་ཡོངས་འགྲུབ་བྱས་ཡོད།

ཡུས་ཧྲུའུ་གློག་འདོན་ཀུང་ཟིའི་སྤྱིའི་ལས་འཛིན་པ་གཞོན་པ་ཕན་ཙིས་ཡུང་གིས་ང་ཚོར་རྩིས་ཤིག་བརྒྱབ་རྗེས་བཤད་རྒྱུར། “དག་གཙང་ནུས་ཁུངས’ལས་གཞི་ལག་བསྟར”བྱས་རྗེས། དྲོད་རླངས་ཀྱི་མ་རྩ་ཆེས་ཆེར་མར་བབ་པ་དང་། རྡོ་སོལ་དང་ལྕི་བ་སྦར་བའི་ཚད་མངོན་གསལ་གྱིས་ཇེ་དམའ་རུ་སོང་། ད་ལོའི་དགུན་ཁར་ཡུས་ཧྲུའུ་ས་ཁུལ་གྱིས་རྡོ་སོལ་འབུམ་གཅིག་ལྷག་འབུད་པ་ཇེ་ཉུང་གཏང་ཐུབ་པ་དང་། སྡོམ་རྩིས་བྱས་ན་དབྱང་གཉིས་ཐཱན་འགྱུར་ཏུན་འབུམ་གཉིས་དང་ཁྲི་དྲུག་ལྷག་ཉུང་གཏོང་བྱེད་ཐུབ་པས། རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་ཕན་འབྲས་ལྡན་པའི་སྒོ་ནས་སྲུང་སྐྱོབ་ཐོབ་ཐུབ་རྒྱུ་རེད་ཟེར།

“ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་ཟིས“དག་གཙང་ནུས་ཁུངས”ལས་གཞི་ནས་དམ་འཛིན་བྱས་ཏེ། “ལས་བཟོ་པར་དྲོད་ཁོལ་བསྐྱལ”བ་དང་། “གཞི་རིམ་དུ་དོན་དངོས་སྒྲུབ་པ”“དང་བླངས་ཞབས་ཞུའི་བྱ་འགུལ”སོགས་སྤེལ་ཏེ། བློ་གཅིག་སེམས་གཅིག་གིས་རྒྱ་ཆེའི་ལས་བཟོ་བ་དང་། མང་ཚོགས་ལ་དོན་བཟང་སྒྲུབ་པ་དང་། དོན་དངོས་སྒྲུབ་པ། དཀའ་གནད་སེལ་རོགས་བཅས་བྱས། སྡོད་ཁུལ་དང་། ཞིང་སྡེ། སློབ་ར་སོགས་སུ་བསྐྱོད་དེ། དགོས་མཁོ་དང་བསྟུན་ནས་ཞབས་ཞུའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ། གློག་ཤུགས་ཀྱི་སྔོན་བསྐྱོད་པ་དང་། ཏང་དང་མང་ཚོགས་ཀྱི་སེམས་པ་སྦྲེལ་བའི་ཟམ་པ་ལྟ་བུ་བྱས་ཡོད་པ་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།