ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱ་དགོས།
2021.10.27 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 11

 རླབས་ཆེན་ལས་དོན་གྱིས་རླབས་ཆེན་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་རླབས་ཆེན་སྙིང་སྟོབས་ཀྱིས་རླབས་ཆེན་བྱ་གཞག་ལ་སྣེ་ཁྲིད་བྱེད་ཀྱི་ཡོད།  དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་འཐབ་རྩོད་ལས་གོང་འོག་སེམས་པ་གཅིག་མཐུན་དང་། དཔའ་ངར་ཆེན་པོས་དམག་འཐབ་རྒྱག་པ།  གནད་སྨིན་དངོས་སྒྲུབ། གསར་འབྱེད་གསར་སྐྲུན།  མཁྲེགས་གཏོར་དཀའ་སེལ། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་ཤིག་གྲུབ་ཡོད། ཞི་ཅིན་ཕིང་གིས་ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱེད་པ་དང་།  སེམས་ཤུགས་གཅིག་ཏུ་སྒྲིལ་བ། དཔའ་ངར་ཆེན་པོས་འབད་འཐབ་བྱེད་པ། མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ཚེགས་དང་ཉེན་ཁ་ཐམས་ཅད་ལས་རྣམ་པར་རྒྱལ་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་མུ་མཐུད་དུ་རྒྱལ་ཁ་གསར་པ་སྔར་ལས་ཆེན་པོ་ལེན་དགོས་པའི་ནན་བཤད་གནང་བ་རེད།

དབུལ་ཕོངས་ནི་མིའི་རིགས་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ཞིག་ཡིན་ཞིང་། དབུལ་ཕོངས་ལ་ངོ་རྒོལ་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་གནའ་དེང་གི་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་ཆེན་ཞིག་རེད། ཀྲུང་གོའི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་ཀྱིས་དབུལ་ཕོངས་དང་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཤིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པ་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ནས། ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མཛེས་སྡུག་འཚོ་བ་གསར་སྐྲུན་བྱེད་པར་ཡུན་རིང་དཀའ་སྤྱད་འབད་འཐབ་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་གོ་གནས་སུ་བཞག་པ་དང་དབུལ་ཐར་མཁྲེགས་གཏོར་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་མཐའ་ཚད་ལས་འགན་དུ་བརྩིས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་། ཤུགས་ཚད་ཆེ་ཤོས། ཕན་ཐོགས་བྱུང་བའི་མི་གྲངས་མང་ཤོས་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་བརྒྱབ་པ་དང་།  ཏང་དང་མི་དམངས་ཀྱིས་དཀའ་ངལ་ཁྱད་བསད་དང་གཟེར་མ་གདབ་པའི་སྙིང་སྟོབས་དར་སྤེལ་དང་དཀའ་སྤྱད་མཁྲེགས་གཏོར་བཅས་བྱས་ཏེ།   དབུལ་བོ་དབུལ་ནག་གི་དཀའ་གནད་རེ་རེ་བཞིན་སེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཐེངས་བདུན་ལ་ཀྲུང་དབྱང་གི་དབུལ་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། དབུལ་སྐྱོར་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་ཐེངས50ལྷག་གནང་བ། ཡུག་གཅིག་ཏུ་འབྲེལ་བའི་དབུལ་ཕོངས་ས་ཁུལ14ལ་ཕེབས་པ། དབུལ་ཕོངས་དངོས་ལ་གཟིགས་ཞིབ་གནང་རྒྱུ་རྒྱུན་འཁྱོངས། དོན་དངོས་དབུལ་སྐྱོར་དང་།  དབུལ་སྐྱོར་དོན་དངོས།    དོན་དངོས་དབུལ་ཐར་བཅས་ཀྱི་གནས་ཚུལ་དངོས་ཤེས་རྟོགས་བྱ་རྒྱུ་རྒྱུན་འཁྱོངས། དབུལ་ཕོངས་མང་ཚོགས་དང་མཉམ་དུ་གླེང་མོལ་མཛད་དེ་ཁོ་ཚོའི་འཚོ་བར་རྒྱུས་ལོན་ཞིབ་མོ་གནང་བར་མ་ཟད། དབུལ་ཐར་མཁྲེགས་གཏོར་ལས་བྱུང་བའི་འགྱུར་ལྡོག་ཆེན་པོ་དངོས་སུ་མྱོང་བ་བཅས་བྱས་ཡོད།  2021ལོའི་ཟླ2ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག  ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་བསུ་བའི་སྐབས་སུ། རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་བྱེ་བ་དགུ་ས་ཡ་བརྒྱད་འབུམ་དགུ་ཁྲི་དགུ་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། རྫོང་དབུལ་པོ832ཚང་མའི་དབུལ་ཞྭ་ཕུད་པ། དབུལ་ཕོངས་སྡེ་བ་འབུམ་གཅིག་ཁྲི་གཉིས་སྟོང་བརྒྱད་ཚང་མ་དབུལ་ཕོངས་ལས་ཐར་བ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་པ། དབུལ་པོ་དབུལ་ནག་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ཡོངས་འགྲུབ་བྱས་ནས།  ཡང་བསྐྱར་ལོ་རྒྱུས་ཀྱི་དེབ་ཐེར་ནང་མངོན་པར་བཀྲ་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།  འདི་ནི་ཀྲུང་གོ་མི་དམངས་ཀྱི་གཟི་བརྗིད་རླབས་པོ་ཆེ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་རླབས་པོ་ཆེ། ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་པོ་ཆེ་རེད་ཅེས་ཁྱབ་བསྒྲགས་གནང་བ་རེད།

དབུལ་ཐར་མཁྲེགས་གཏོར་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་པ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་ཧྭ་མི་རིགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་བསམ་པའི་གཤིས་རྒྱུད།  ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དུ་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོ། གཅིག་རྗེས་གཉིས་མཐུད་ངང་འབད་འཐབ་བྱེད་པའི་སྙིང་སྟོབས་བརྟན་པོ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་བརྩོན་ཁྲོད་ང་ཚོས་རང་རྒྱལ་གྱི་གནས་བབ་ལ་གཞི་ཚུགས་པ་དང་དབུལ་པོ་ཉུང་གཏོང་གི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་པོ་ཉུང་གཏོང་གི་འགྲོ་ལམ་ཐོག་བསྐྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་ཕོངས་སེལ་པའི་རིགས་པའི་གཞུང་ལུགས་གྲུབ་ཡོད། དེ་ཡང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། དབུལ་ཐར་མཁྲེགས་གཏོར་ལ་སྟོབས་དང་ལྡན་པའི་ཆབ་སྲིད་དང་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་ འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་མཉམ་དུ་ཕྱུག་པོར་འགྱུར་བའི་འགྲོ་ལམ་དུ་སྐྱོད་པ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་སྒོས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་ཐུན་མོང་གི་བློ་སྟོབས་དང་ཐུན་མོང་གི་བྱ་སྤྱོད་གྲུབ་པ། གནད་འཁེལ་དབུལ་སྐྱོར་གྱི་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་བརྟེན་ནས་དབུལ་པོའི་འབྱུང་ཁུངས་ཡོངས་སུ་སེལ་བ། རྒྱ་ཆེའི་དབུལ་ཕོངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དབུལ་ཐར་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་པ།  དཀའ་བ་མཉམ་སེལ་དང་མཐུན་སྒྲིལ་རོགས་རེས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཡོངས་སུ་ཉེན་སེལ་དབུལ་སྐྱོབ་ཀྱི་སྣང་ཚུལ་ལེགས་པོ་ཆགས་པར་བྱས་ཤིང་།  བདེན་འཚོལ་དོན་གཉེར་དང་གཟབ་ནན་མཁྲེགས་གཏོར་རྒྱུན་འཁྱོངས་བྱས་ནས།  དོན་དངོས་དབུལ་སྐྱོར་དང་།  དབུལ་སྐྱོར་དོན་དངོས།    དོན་དངོས་དབུལ་ཐར་བཅས་བྱས་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་རྩོད་ཁྲོད།  ཏང་གི་གཙོ་འཛིན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་དབུལ་ཕོངས་མང་ཚོགས་དང་དབུལ་པོ་ཉུང་གཏོང་གི་བྱ་གཞག་ཆེན་པོ་སེམས་ལ་དམ་པོར་བཅངས་བ་དང་།  ས་ཁུལ་དང་སྡེ་ཁག་སོ་སོ་དང་ལས་རིགས་སོ་སོ།  འཐབ་ཕྱོགས་སོ་སོ་བཅས་ཡོངས་ཁྱབ་ཏུ་ཞུགས་ཏེ།  ཚང་མས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས།  རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་ཡོད་རྒུས་དམག་འཐབ་བྱེད་པའི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གང་ལེགས་སྒོས་མཚོན་པར་བྱས།  གནད་སྨིན་དབྱེ་འབྱེད་དང་ཡིག་ཚགས་དང་བྱང་བུ་བཟོས་པ་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་དཔུང་ཁག་སྟོབས་ཆེར་གཏོང་བའི་བར་དང་། རིགས་དབྱེ་དང་དམིགས་ས་ཡོད་པའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱེད་པ་ནས་ཚད་གཞི་ནན་མོ་དང་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་པའི་བར།  དེ་ནས་རྗེས་སྙེག་ལྟ་ཞིབ་ཚད་ལེན་བྱེད་པ་ནས་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པ་བཅས་ཀྱི་བར། སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། རོགས་སྐྱོར་ཇི་ལྟར་བྱེད་པ། ཕྱིར་འཐེན་ཇི་ལྟར་བྱེད་པ། ཇི་ལྟར་སྲ་བརྟན་དུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས།   སྲིད་ཇུས་བྱེད་ཐབས་ཆ་ཚང་བཏོན་པ་དང་། གནད་སྨིན་དངོས་སྒྲུབ་དང་གསར་གཏོད་གསར་སྐྲུན་གྱི་བཅོས་སྐྱོང་བློ་གྲོས་གཅིག་སྡུད་སྒོས་མངོན་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་ནུས་ཡོད་རྒུ་བཏོན་ནས་འགན་འཁྲི་སྒྲུབ་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་དམ་བཅའ་ལག་བསྟར་བྱས་ཤིང་།  སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་མི་ཚོས་ངལ་བ་དང་འཁང་ར་མེད་པར་ལས་ཡུལ་དང་པོར་གཞི་ཚུགས་པ་དང་།  གཞི་རིམ་ཏང་ཡོན་ལས་བྱེད་པས་སེམས་ཤུགས་ཡོད་རྒུ་འདོན་པ་དང་དཀའ་སྤྱད་དངོས་སྒྲུབ་བྱས་པ། རྒྱ་ཆེའི་དང་བླངས་པས་ལྷག་བསམ་ཟོལ་མེད་དང་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་ཕུལ་བ། ཏང་ཡོན་དང་ལས་བྱེད་པ1800ལྷག་གིས་དབུལ་པོ་ཉུང་གཏོང་གི་བྱ་གཞག་ཆེད་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ནས།  མཁྲེགས་གཏོར་དཀའ་སེལ་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་རིན་ཐང་གི་འཚོལ་སྙེག་གསལ་བཤད་གང་ལེགས་བྱས་ཡོད།    དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ། ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་དང་གཤིས་རྒྱུད། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་བཅས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དང་། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་དགོངས་པའི་གཅིག་སྡུད་མཚོན་ཚུལ་ཞིག ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་གང་ལེགས་སྒོས་མངོན་པ་ཞིག་བཅས་ཡིན་པས། མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་དང་དུས་རབས་ཀྱི་རླབས་ཆེན་སྙིང་སྟོབས་རྒྱུན་མཐུད་དང་རྒྱུན་འཛིན་བྱས་པ་དང་།  ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

རླབས་ཆེན་གྱི་གྲུབ་འབྲས་མཐའ་དག་ནི་རྒྱུན་མཐུད་འབད་འཐབ་བྱས་པའི་འབྲས་བུ་ཡིན་ཞིང་། རླབས་ཆེན་གྱི་བྱ་གཞག་མཐའ་དག་སྔ་འཛིན་ཕྱི་གཏོད་ཁྲོད་སྐུལ་འདེད་གཏོང་དགོས། ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཟིན་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ཤིང་། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མུ་མཐུད་དུ་འབད་འཐབ་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་པ་དང་། སྔར་ལས་བདེ་སྐྱིད་ལྡན་པར་བྱ་དགོས།

ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མདུན་དུ་ལྷགས་པའི་ལས་འགན་སྔར་ལས་གཟི་བརྗིད་ལྡན་པ་དང་།  སྔར་ལས་དཀའ་ཚེགས་ཆེ་བ། འགྲན་སློང་སྔར་ལས་ཛ་དྲག་ལྡན་པ། བྱ་གཞག་སྔར་ལས་རླབས་ཆེ་བས། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ། མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པའི་ལས་འགན་སྔར་བཞིན་ལྕི་ལ་རྒྱང་ཐག་རིང་བ་རེད།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་སྟེང་། ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་སྣ་ཚོགས་ཏན་ཏིག་ངང་ལེགས་པར་བསྒྲུབས་ཏེ། དབུལ་ཐར་གྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་ཕན་འབྲས་སྔར་ལས་རྒྱུན་མཐུད་ཡོང་བར་བྱ་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་བྱུང་བའི་གནས་བབ་གསར་པར་སྐུལ་འདེད་གཏོང་བ།  བླང་བྱ་གསར་པ་འདོན་པ་བཅས་ལ་དམིགས་ཏེ།  ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་སྟེ། ཏན་ཏན་ཏིག་ཏིག་དང་རྒྱུན་འཁྱོངས་ལྷོད་མེད་སྒོས་དམིགས་འབེན་འདིའི་ཕྱོགས་སུ་སྔར་བས་འབད་བརྩོན་ བྱས་ཏེ། མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་འཐུས་ཚང་དང་འགན་སྲུང་།  རྒྱུན་མཐུད་ཐུབ་པ་བཅས་བྱ་དགོས།

སྤྱི་ཚོགས་རིང་ལུགས་ནི་ལས་བརྩོན་བྱས་ནས་བྱུང་བ་དང་དུས་རབས་གསར་པ་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད།  སྔར་སོང་ལ་ཕྱིར་མིག་ལྟ་སྐབས།  ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་གི་ངོ་མཚར་ཡང་བཏོད་ཡོད། འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་རླབས་ཆེན་ཕུགས་འདུན་ཆེད་དུ་འབད་འཐབ་བྱེད་བཞིན་ཡོད། རྒྱང་སྐྱོད་ཀྱི་བགྲོད་ལམ་སྟེང་འབད་འཐབ་ལྷོད་མེད་བྱེད་དགོས་པ་སྨོས་མ་དགོས་པ་རེད།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ།  གདེང་ཚོད་དང་ཆོད་སེམས་བརྟན་པོ་དང་། ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་སྙིང་སྟོབས། དངོས་སྒྲུབ་དངོས་གཉེར་དང་དཀའ་སྤྱད་སྡུག་རུས་བཅས་བྱས་ནས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།