ལོ་ལོན་རྒན་པ་རྣམས་ལ་དྲོད་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་བསྩལ།
2021.11.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

སྟོན་དུས་བརྒལ་རྗེས། ནམ་ཟླ་རིམ་བཞིན་ཇེ་འཁྱག་ཏུ་གྱུར་བ་དང་། ནད་སྐྱོང་མ་སྐར་འཚོ་ཡིས་ཉལ་ཐུལ་པང་ནས་ཨ་བྷེ་དང་སྐྱིད་སྒྲོན་རྒན་རྒོན་གཉིས་ཀྱི་ཁང་བའི་ནང་དུ་སོང་ནས་སེམས་ཞིབ་མོས་ཉལ་ཐུལ་ཉལ་གདན་བཏིངས། རྒན་འཁོགས་ཏུ་གྱུར་བའི་རྒན་རྒོན་གཉིས་དྲོད་ཐབ་ཀྱི་འགྲམ་དུ་བསྡད་དེ་དལ་ཅག་གེར་སྐར་འཚོ་ལ་ལྟོས་འདུག ཡོད་ཚད་བཀོད་སྒྲིག་བྱས་ཚར་རྗེས། སྐར་འཚོ་ཁོ་གཉིས་ཀྱི་འདུག་ས་དང་ཁ་འབྲལ་བར་རྩོམ་སྐབས། ཁ་གྲག་རྒྱུར་མི་དགའ་བའི་རྒན་ཡེ་རྒན་མོ་སྐྱིད་སྒྲོན་གྱིས་ལག་གཡས་པའི་མཐེ་བོང་བསྒྲེངས་བཞིན་སྐར་འཚོ་ལ་འཛུམ་མདངས་སེམས་དྲོ་བ་ཞིག་བསྟན་བྱུང་།

སྐར་འཚོ་ཡིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྐྱིད་གནས་ཐང་རྒན་བཀུར་ཁང་དུ་བྱ་བ་སྒྲུབ་ནས་ལོ་ངོ་གསུམ་འགོར་ཡོད་པ་དང་། ཨ་བྷེ་དང་སྐྱིད་སྒྲོན་གཉིས་ནི་ཁོ་མོས་ཆེད་དུ་འགན་འཁུར་ཡོད་པའི་རང་ཉིད་ལ་བདག་སྐྱོང་དེ་འདྲ་བྱེད་མི་ཐུབ་པའི་རྒན་རྒོན་གཉིས་རེད། ད་ལོའི་ཟླ་བདུན་པར། རྒན་རྒོན་གཉིས་ནི་སྨུག་གཞུང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཟླ་བ་ཚེ་རིང་དང་། ཡུལ་གཙོ་གཞོན་པ་སུམ་པ་བསམ་གཏན། རྫོང་དམངས་སྲིད་ཅུའུ་ཡི་ལས་སྒྲུབ་མི་སྣ་རྣམས་ཀྱིས་སྤྱི་ལེ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པའི་བར་གཞུང་སྡེ་བ་ནས་འདིར་ཁྲིད་ཡོང་བ་དང་། དུས་ཡུན་ངེས་ཅན་ཞིག་གི་ནང་དུ་རྒན་བཀུར་ཁང་གི་ཁོར་ཡུག་དང་འཚོ་བར་གོམས་དཀའ་བའི་རྐྱེན་གྱིས་རྒན་རྒོན་གཉིས་ལ་ཁེར་རྐྱང་གི་སྣང་བ་ཡོད་པ་ལྟ་བུ་ཞིག་ཏུ་ཡོད་པ་རེད། དུས་ཡུན་ཟླ་གཉིས་ལྷག་འགོར་བ་དང་། རྒན་མོ་སྐྱིད་སྒྲོན་གྱི་འཛུམ་མདངས་དེ་ཡིས་སྐར་འཚོ་ལ་དབྱར་ཁའི་དྲོད་འཇམ་གྱི་ཉི་ཟེར་ལྟ་བུའི་དྲོད་ཁོལ་ཅིག་སྦྱིན།

ང་ཚོས་ལོ་རེར་ལས་བྱེད་པ་རྩ་འཛུགས་བྱས་ནས་གཞི་རིམ་དུ་སོང་ཏེ་ཁྱིམ་ཚང་གི་གནས་ཚུལ་ལ་རྩད་གཅོད་བྱས་པ་དང་། ཐེངས་དང་པོར་ཁྱིམ་ཚང་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས། ཨ་བྷེ་དང་སྐྱིད་སྒྲོན་གཉིས་ལ་འཕྲད་བྱུང་། སྐབས་དེར་ཁོ་གཉིས་རྒན་བཀུར་ཁང་ནང་དུ་ཁྲིད་རྒྱུའི་འཆར་གཞི་ཡོད་ཅེས་རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དཀོན་སྒྲོན་གྱིས་གསར་འགོད་པར་གནས་ཚུལ་ཞིབ་མོར་བཤད་པ་དང་། སྔོན་ཆད་རྒན་རྒོན་གཉིས་བར་གཞུང་སྡེ་བའི་རུ་ཁག་གསུམ་པར་ཡོད་པ་དང་། དེ་ནི་སྨུག་གཞུང་ཡུལ་ཚོའི་ཐག་ཆེས་རིང་བའི་སྡེ་བའི་རུ་ཁག་ཅིག་ཡིན་ཞིང་། ད་དུང་བོད་ལྗོངས་ཀྱི་འབྲེལ་མཚམས་ས་ཁུལ་དུ་ཡོད་ལ། “མཐའ་མཚམས་ས་ཁུལ་གྱི་ཁྱིམ་ཚང་”ཞེས་པའི་མིང་ཡང་ཐོགས་ཡོད་པ་རེད།  དེ་ལས་གཞན། རྒན་རྒོན་གཉིས་ནི“ལྔ་སྐྱོང་ཁྱིམ་ཚང་”ཡིན་པ་དང་། བུ་བུ་མོ་མེད་པའི་ཁར་ད་དུང་ལས་ཀ་ལས་པའི་ནུས་པ་ཚད་མི་འདྲ་བའི་སྒོ་ནས་ཉམས་ཡོད་སྟབས། སྔོན་ཆད་ཤ་ཉེ་རྣམས་ཀྱིས་ལྟ་སྐྱོང་བྱེད་བཞིན་ཡོད་ཀྱང་། འབྲོག་ཁུལ་དུ་ས་ཐག་རིང་བས་འགྲིམ་འགྲུལ་སྟབས་མི་བདེ་ཞིང་། དེའི་ཁར་དབྱར་རྩ་དགུན་འབུ་བརྐོ་བ་དང་ཕྱུགས་འཚོ་དགོས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་དང་། རྒན་རྒོན་གཉིས་འབྲོག་ཁུལ་དུ་འདུག་རྒྱུར་གོམས་ཡོད་པས་གཞན་ལ་གནས་སྤོར་མི་འདོད་པ་དེས་རྒན་རྒོན་གཉིས་ཀྱི་འཚོ་བ་འོས་འཚམ་གྱིས་བཀོད་སྒྲིག་དང་གཉོར་སྐྱོང་བྱེད་དཀའ་བར་གྱུར།

རྫོང་དམངས་སྲིད་ཅུའུ་ཡི་ལས་སྒྲུབ་མི་སྣ་སྔ་གཞུག་ཏུ་ཐེངས་གཉིས་ལ་ཁོ་ཚང་ལ་སོང་ནས་ཁ་ཏ་སློབ་གསོ་བཏང་པ་བརྒྱུད། ད་ལོའི་ཟླ་བདུན་པར།  རྒན་རྒོན་གཉིས་ད་གཟོད་རྒན་བཀུར་ཁང་དུ་ཡོང་རྒྱུར་འཐད་པ་བྱུང་། སྨུག་གཞུང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཟླ་བ་ཚེ་རིང་གིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། ཆེས་ཐོག་མར་རྒན་པ་གཉིས་ཀྱི་ཁྱིམ་དུ་སླེབས་སྐབས། མིག་མདུན་གྱི་རྣམ་པ་དེ་སེམས་སྐྱོ་བ་ཞིག་ཏུ་འདུག་སྟེ། མུས་གྲུ་བཞི་མ་བརྒྱ་ཡས་མས་ཀྱི་སྦྲ་གུར་ནང་དུ། གྱོན་ཆས་རྙིང་ཧྲུལ་ཅན་དང་ཉལ་ཐུལ་བཞག་ཡོད་པའི་མལ་ཁྲི་ཞིག་ཡོད་པ་དང་། ས་སྟེང་དུ་དེ་དང་རིགས་འདྲ་བའི་ཉལ་ས་ཞིག་བཅོས་འདུག  ད་དུང་མེ་ཐབ་ཆུང་ཆུང་ཞིག་དང་ཨོང་བ་སྐམ་པོ་ཁུག་མ་འགའ་དང་། དེའི་སྟེང་ལ་དཀར་ཡོལ་དང་། སྒམ་ཆུང་ཞིག  ཟ་རྒྱུ་སོགས་བཞག་ཡོད་པ་དེ་ནི་རྒན་རྒོན་གཉིས་ཀྱི་ཁྱིམ་ནོར་ཚང་མ་རེད།

ད་ལྟ་རྒན་རྒོན་གཉིས་སྐྱིད་གནས་ཐང་རྒན་བཀུར་ཁང་དུ་བསྡད་དེ། ཁོ་གཉིས་ལ་འཚམ་པའི་ཉལ་ས་ཡོད་པ་དང་། དམངས་སྲིད་སྡེ་ཁག་དང་སྨུག་གཞུང་ཡུལ་ཚོའི་འགོ་ཁྲིད་པས་མཉམ་དུ་བསྡུ་རུབ་བྱས་པའི་སྒོར་མོས་ཁོ་གཉིས་ལ་གྱོན་ཆས་གསར་བ་དང་། སྒམ་ཆུང་དང་འཚོ་བའི་མཁོ་ཆས་གཞན་པའང་ཉོས་ཡོད་ལ། “སེམས་གཏད་ཆོག་པའི་བུ་མོ”སྐར་འཚོ་ཡིས་དུས་ཚོད་ཉེར་བཞིའི་རིང་ལ་ལྟ་སྐྱོང་བྱེད་བཞིན་ཡོད་པར་མ་ཟད། རྒན་པ་གཞན་རྣམས་དང་ཁ་བརྡ་བྱེད་ས་ཡོད་པས་འཚོ་བ་སྤྲོ་སྣང་ལྡན་པ་ཞིག་ཏུ་གྱུར་ཡོད་ཅིང་། རྒན་རྒོན་གཉིས་ཕ་ཡུལ་དུ་ཡོད་པའི་སྐབས་དང་བསྡུར་ན་གཉིད་སྐྱིད་པོ་ཡོང་བཞིན་ཡོད་པ་རེད། སྔོན་ཆད་ཀྱི་འཚོ་བའི་སྐོར་གླེང་སྐབས། ཨ་བྷེ་ཡི་གདོང་ལ་ད་དུང་སྐྲག་སྣང་ཞིག་སྐྱེས་བཞིན་བཤད་རྒྱུར། ཕལ་ཆེར་ཉིན་རེ་རེའི་མཚན་མོར་དྲེད་མོང་སྦྲ་གུར་གྱི་ཕྱི་རོལ་དུ་ཡར་འགྲོ་མར་འགྲོ་བྱེད་སྲིད། ང་ཚོས་སྔ་མོ་ནས་མེ་ཐབ་དང་གློག་གཟིམ་ནས་ཉལ་བཞིན་ཡོད་པ་དང་། གྲང་ཡང་མ་མཐར་ཡང་བདེ་འཇགས་ཡིན་པ་རེད་ཟེར།

སྐྱིད་གནས་རྒན་བཀུར་ཁང་དུ་ཨ་བྷེ་དང་སྐྱིད་སྒྲོན་འདྲ་བའི་རྒན་པ་སུམ་ཅུ་ལྷག་ཡོད་པ་དང་།  ཁོ་ཚོ་ཚང་མ་ནི་སྨུག་གཞུང་ཡུལ་ཚོ་དང་རྒྱང་ཐག་རིང་བའི་ཡུལ་ཚོ་དང་སྡེ་བ་ནས་གནས་སྤར་ཡོང་བ་ཞིག་རེད། རྫོང་དམངས་སྲིད་ཅུའུ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་སྲིད་གཞུང་སྡེ་ཁག་དང་རྒན་བཀུར་ཁང་གསུམ་གྱི“ཕྱོགས་གསུམ་གྱི”ལྟ་སྐྱོང་འོག བདག་སྐྱོང་བྱེད་མཁན་མེད་པའི་ལོ་ལོན་རྒན་པ་དང་ངལ་རྩོལ་ནུས་པ་ཉམས་པའི་རྒན་པ་རྣམས་གནས་དེ་རུ་ཟ་རྒྱུ་གོན་རྒྱུ་ལ་འདང་རྒྱག་མེད་པ་དང་། ཟས་འགྲངས་ཚད་ཟ་བ་དང་གྱོན་པ་དྲོན་མོ་གོན་པ། ཚང་མས་སེམས་ཁུར་བྱེད་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བཞིན་ཡོད།

ང་ཚོས་ཚེ་མཇུག་སྐྱིད་པོ་ཞིག་རོལ་ཐུབ་སོང་ཞེས་བཅར་འདྲི་བྱེད་སྐབས་གསར་འགོད་པས་ལོ་ལོན་རྒན་པ་ཚང་མས་སྐད་ཆ་དེ་བཤད་པ་ཐོས་སོང་ལ། ཁོ་ཚོའི་གདོང་ལ་བདེ་སྐྱིད་ཀྱིས་ཁེངས་ཡོད་པའང་མཐོང་བྱུང་།

ད་ལོ་ནས་བཟུང་། རྫ་སྟོད་རྫོང་དམངས་སྲིད་ཅུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཁྱིམ་ཚང་རེ་རེར་བསྐྱོད་པ་དང་། “དུས་ཆེན་གཉིས་ཀྱི་སྐབས་སུ”འཚམས་འདྲི་བྱས་པ་དང་། སྨན་བཅོས་རོགས་སྐྱོར་དང་། ནད་བརྟག་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས“ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་ཞབས་ཞུ་སྒྲུབ་པའི་བྱ་བའི་ཞིབ་ཚགས་ཁྲོད་དངོས་འབེབ་དང་འཐུས་ཚང་དུ་བཏང་སྟེ། རྫོང་ཡོངས་ཀྱི་དཀའ་ངལ་ཆེ་བའི་མང་ཚོགས་ལ་དྲོད་ཁོལ་བསྐྱལ། རྫ་སྟོད་རྫོང་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དཀོན་སྒྲོན་གྱིས་བཤད་རྒྱུར། གོ་རིམ་རྗེས་མར་རྫོང་དམངས་སྲིད་ཅུའུ་ཡིས་མ་དངུལ་མང་པོ་བཏང་སྟེ། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་རྒན་བཀུར་ཁང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལེགས་བཅོས་དང་། རྒན་པ་རྣམས་ཀྱི་རོལ་རྩེད་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་མ་ཟད། ཁོ་ཚོར་མཛེས་ཤིང་སྐྱིད་པའི་ཁོར་ཡུག་ཅིག་བསྩལ་ནས་རྒས་ན་བདེ་འཇགས་ཡིན་པ་དང་། རྒས་ན་རྒ་བའི་སྐྱིད་ཅིག་ཡོད་པའི་ཚོར་བ་སྐྱེས་རུ་འཇུག་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།