— བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་བའི་སྐོར་གྱི་དཔྱད་གླེང་།
ཀྲུང་གོའི་ལས་དོན་ཡག་པོར་སྒྲུབ་པའི་འགག་རྩ་དེ་ཏང་ལ་ཐུག་ཡོད་ལ། ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་ཡང་ཐུག་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དུས་རིམ་གང་ཞིག་ཏུ་སླེབས་ཀྱང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་དུས་རིམ་དེར་སླེབས་པར་བྱེད་དགོས་ལ། ནན་མོ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་བླང་བྱ་ནན་མོ་ཁྱབ་པར་བྱེད་པ་དང་ཆབས་ཅིག རང་ངོས་གསར་བརྗེའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས་ཏང་ནང་ཁུལ་དུ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བྱས་ཏེ། ཏང་གི་དོ་དམ་ཐད་བྱེད་ཐབས་ཡོད་པ་དང་། ཏང་བཅོས་སྐྱོང་བྱེད་པའི་ཐད་ནུས་པ་ལྡན་པ། ཏང་འཛུགས་སྐྲུན་ཐད་ཕན་འབྲས་ལྡན་པ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་བཅོས་སྐྱོང་བྱེད་དགོས་ལ། ཏང་བཅོས་སྐྱོང་བྱེད་པར་ཏང་ནན་མོས་སྐྱོང་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བར་མ་ཟད། ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས་པའི་ནན་བཤད་གནང་བ་དང་ཆབས་ཅིག འདུ་ཤེས་དང་། བསམ་ཕྱོགས། བྱེད་ཐབས་བཅས་གསར་པ་རབ་དང་རིམ་པ་བཏོན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་ཡོད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྔར་བས་ཇེ་བརྟན་དུ་ཕྱིན་པ་དང་། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ། གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་ཏང་འདི་ཉིད་དེ་བས་སྟོབས་ཆེར་ཕྱིན་པ། སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་འཕེལ་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ཁག་ཐེག་འདོན་སྤྲོད་བྱས་ཡོད།
འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་ལྟ་སྐབས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་ནི་དུས་རབས་གསར་པའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན་པ་དེར། ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་མ་ཟད། ཁྱོན་ཡོངས་དང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཡང་ཐོན་ཡོད།
2012ལོའི་ཟླ12ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་སྟེང་བྱ་བའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཡིག་འབྲུ་600ལྷག་ཙམ་ལས་མེད་ཀྱང་ནང་དོན་ཕུན་སུམ་ཚོགས་པ་དང་བརྟག་དཔྱད་ཞིབ་འཇུག་དང་། ཚོགས་འདུའི་བྱེད་སྒོ། ཡིག་ཆའི་ནང་དོན་གནད་བསྡུས། འཚམས་འདྲིའི་བྱེད་སྒོ། བདེ་སྲུང་ལས་དོན། གསར་འགྱུར་འཕྲིན་སྤེལ། རྩོམ་ཡིག་འགྲེམས་སྤེལ། གྲོན་ཆུང་བསྲི་ཚགས་སོགས་ཕྱོགས8ཀྱི་ཐད་ནས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་སྒྲིག་ལམ་བཟོས་ཡོད།
ཐེངས་དེའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུ་ཁྲིད་མཛད་དེ་ཁས་ལེན་དང་འབོད་སྐུལ་འདི་ལྟར་གནང་བ་སྟེ“ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པར་འགོ་ཁྲིད་ལས་བྱེད་པ་ནས་འགོ་འཛུགས་དགོས་ལ། དང་ཐོག་ཀྲུང་དབྱང་གི་འགོ་ཁྲིད་ནས་འགོ་འཛུགས་དགོས། རང་ཉིད་ཚུལ་ལྡན་མིན་ན། གཞན་ལ་སློབ་གསོ་ཇི་ལྟར་གཏོང་ཐུབ་ པ་དང་། ” “ང་ཚོས་རང་གཅུན་ནན་མོ་བྱེད་ཐུབ་ན། མང་ཚོགས་དེ་བས་སྐྱིད་སྣང་ དང་དེ་བས་བློ་ཡིད་ཚིམ་ཐུབ་པར་མ་ཟད། ང་ཚོ་ཡང་སེམས་ལྷོད་དུ་བབས་ཐུབ། དེ་ཡང་གཟུགས་བརྙན་གསར་པ་དང་རྣམ་པ་གསར་པ་ཞིག་ཀྱང་ཡིན”
རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་གི་ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཞིག་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན།
2013ལོའི་ཟླ་དང་པོར་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཆད་གཅོད་ཀྱི་བྱེད་ཐབས་ གཏན་ནས་ལྷོད་མི་རུང་། ‘ སྟག་སྦྲང’མཉམ་དུ་རྡུང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་ལ། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཡང་ཐག་གཅོད་ཏན་ཏིག་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ཀྱི་མདུན་དུ་དམིགས་བསལ་མེད་པ་དང་། སུ་ཞིག་དང་འབྲེལ་བ་ཡོད་ཀྱང་རྩད་གཅོད་མཐའ་གཅིག་ཏུ་བྱས་ནས་རྒྱ་ཡན་དུ་གཏོང་མི་ཆོག”ཅེས་ནན་བཤད་གནང་ཡོད།
གང་བཤད་གནད་འཁེལ་དང་། གང་བྱས་མཐའ་འཁྱོལ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོག་རྐྱེན་མཐའ་དག་སེལ་བའི་བློ་སྟོབས་དང་། ཐུགས་ཐག་ཆོད་པའི་བྱེད་ཐབས་དང་ཁྲིམས་ནན་ཟིང་བཅོས་ཀྱི་ཆོད་སེམས། རུས་འབྲད་དུག་སེལ་དང་དཔའ་བོས་ལག་ངར་གཅོད་ཕོད་པའི་བློ་སྟོབས་བཅས་ཀྱི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་འཐབ་ཇུས་བཏོན་ཡོད་ལ། ལས་དོན་སྤེལ་ཤུགས་སྔར་བྱུང་མྱོང་མེད་པ་དང་ཐོབ་པའི་གྲུབ་འབྲས་ཆེན་པོ་མིག་མཐོང་ལག་ཟིན་དུ་གྱུར་ཡོད།
“ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནི་རང་ངོས་གསར་བརྗེ་ཞིག་ཡིན་ལ། ཏང་གི་ཡུན་རིང་སྲིད་སྐྱོང་གི་ཆ་རྐྱེན་འོག་རང་ངོས་གསར་བརྗེ་མངོན་འགྱུར་བྱེད་པའི་ནུས་ལྡན་ལམ་བུ་ངེས་པར་དུ་འཚོལ་ཞིབ་བྱ་རྒྱུ་ནི། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྒྱལ་ཕམ་ཇི་ཡོང་དང་འབྲེལ་བ་ཡོད་ལ། ང་ཚོ་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་ཐུབ་མིན་ལའང་འབྲེལ་བ་ཡོད”། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོནའོག ཏང་ཡོངས་ཀྱི་གོང་འོག་ཚང་མས་རྒྱུན་བསྲིངས་ལག་བསྟར་དང་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དུས་དང་རྣམ་པ་ཀུན་ཏུ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱས་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་སྟོབས་དང་ལྡན་པའི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་བྱེད་དགོས།
“སྲིད་དོན་སྐྱོང་བའི་འགག་རྩ་ནི་འགྱུར་མེད་ཀྱི་བློ་སྟོབས་ལྡན་པ་དང་། རྒྱལ་སྐྱོང་ནི་རྒྱུན་གཏན་གྱི་གནས་ལུགས་བརྩི་སྲུང་བྱེད་པར་ཐུག་ཡོད”། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནམ་ཡང་ཚར་དུས་མེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ལོ་བརྒྱའི་དཀའ་སྡུག་དང་འོད་སྟོང་བརྒྱུད་པའི་རླབས་ཆེན་སྲིད་ཏང་གིས་དེ་བས་ཞུམ་མེད་སྟོབས་ལྡན་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ལྡན་པའི་སྒོ་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ། རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མ་འོངས་བའི་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།