མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
2021.11.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

--དམངས་གཙོ་ཏང་ཁག་སོ་སོ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་གྲོགས་སྡུར་ལེགས་པོ་བྱས།

ཁ་སང་གི་དཀའ་སྡུག་དང་གཟི་བརྗིད་མི་བརྗེད་པ་དང་། དེ་རིང་གི་ལས་འགན་དང་འགན་འཁྲི་འཁུར་ཕོད་པ། སང་ཉིན་གྱི་རླབས་ཆེན་ཕུགས་འདུན་བཅས་ལ་ངོ་གནོང་མི་དགོས་པ་བྱེད་དགོས། བསྟུད་མར་ཉིན་ཤས་རིང་ལ།  དམངས་གཙོ་ཏང་ཁག་སོ་སོ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས།  ཚང་མས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་པ་དང་། ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་དང་ཕུགས་བསམ་དད་སེམས་ཇེ་བརྟན་དུ་བཏང་སྟེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་པ་དང་བློ་གྲོས་གཅིག་ཏུ་བསྡུས་ནས། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པར་སྔོན་བསུ་བྱེད་དགོས།

ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས། མུ་མཐུད་དུ་མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ལ་སློབ་སྦྱོང་བྱས་པ་བརྒྱུད། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ནམ་དྲུང་ཡིག་ཆེན་མོ་ཧི་ཕུའུ་པང་གིས་ངར་སེམས་ཆེན་པོས་བཤད་རྒྱུར། “གསར་འགྱུར་ལ་ལྟ་བ་དང་ཚགས་པར་བཀླགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པས་རང་ལ་མྱོང་ཚོར་ཟབ་མོ་ཐོབ།  《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ལ།  ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་དམིགས་བསལ་གྱི་ལོ་བརྒྱའི་ཕྱོགས་བསྡོམས་ཀྱང་ཡིན་པ་རེད།   ལྷག་པར་དུ《གྲོས་ཆོད》ནང་འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་གི་རྒྱུན་འཁྱོངས་བཅུ་ཡི་ལོ་རྒྱུས་ཀྱི་ཉམས་མྱོང་གྲས་ཤིག་ཏུ་བརྩིས་ཡོད་པས། དམངས་གཙོའི་ཏང་ཁག་ཚུད་པའི་རྒྱ་ཆེའི་ཁོངས་མིར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་ཞིང་།  འཐབ་ཕྱོགས་གཅིག་གྱུར་གྱིས་ལོ་བརྒྱའི་འབད་འཐབ་ཁྲོད་ནུས་པ་འདོན་སྤེལ་བྱེད་པའི་ཁས་ལེན་གང་ལེགས་ཤིག་ཡིན་ལ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ནང་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིར་སྐུལ་ལྕག་དང་བླང་བྱ་བཏོན་པ་ཞིག་ཀྱང་རེད”ཟེར།

ཧི་ཕུའུ་པང་གིས་བཤད་རྒྱུར།  གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་བྱས་ཏེ།  ཕྱོགས་ཡོངས་ནས་སློབ་སྦྱོང་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ། གོ་རིམ་ལྡན་ཞིང་བྱེད་སྟངས་སྣ་ཚོགས་སྤྱད་ནས་སློབ་སྦྱོང་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་བྱ་བར་མཛུབ་སྟོན་བྱེད་པ། གཏན་འཁེལ་གཉིས་བློ་ལ་བརྟན་པོར་ངེས་པ། དད་སེམས་དང་ཡིད་ཆེས་སྔར་བས་ཇེ་བརྟན་དུ་གཏོང་བ།  “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པར་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་རང་འཁྲིའི་བྱ་བར་གཞི་ཚུགས་པ་དང་། ཆབ་སྲིད་ཀྱི“ཤུགས་སྣོན་གསུམ”དང་འགན་སྒྲུབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

“ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་བ་ཁྱད་བསད་ཀྱིས་ལོ་བརྒྱའི་ལོ་རྒྱུས་ཀྱི་ལམ་བུ་བསྐྱོད་པ་དང་ཏང་དང་མི་དམངས་ཀྱིས་རྒྱལ་ཁའི་ངང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་མ་ཟད།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། ལམ་ཚད་རྡོ་རིང་གི་དོན་སྙིང་ཆེན་པོ་ལྡན་ཡོད།    དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིས་ཅུས་རིན་གྱིས་བཤད་རྒྱུར།  དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།  དམངས་གཙོ་མནའ་མཐུན་གྱི“རྒྱལ་ཁབ་ཀྱི་ཆེད་དུ་འབད་འཐབ་དང་དམངས་ཚིས་ལ་དོ་ཁུར་བྱེད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། “མནའ་མཐུན་བཙུགས་ནས་གཞུང་ལ་ཞབས་འདེགས་ཞུ་བ་དང་དམངས་ཆེད་དུ་སྲིད་དོན་སྐྱོང་བའི”རིན་ཐང་གི་འདུ་ཤེས་དེ“ཏང་གི་དཀའ་ངལ་སེལ་རོགས་དང་། རྒྱལ་ཁབ་ཀྱི་ཆེད་དུ་ནུས་ཤུགས་ཡོད་རྒུ་འདོན་པ། དམངས་ཆེད་དུ་འགན་འཁྲི་སྒྲུབ་པ”བཅས་ཀྱི་བྱ་སྤྱོད་དངོས་ལ་བསྒྱུར་བ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བརྩི་བ་རྒྱུ་རྒྱུན་འཁྱོངས་དང་། “གསར་པ་བཞི”དང“ཡག་པོ་གསུམ”།“ནུས་པ་ལྔའི”བླང་བྱ་གཞིར་བཟུང་སྟེ།  དཔའ་ངར་ཆེར་བསྐྱེད་དང་། ལྷག་བསམ་རྣམ་དག   དཀྱིལ་སྙིང་དམ་འཛིན།   སྲིད་ཞུགས་འགན་སྒྲུབ། ཐབས་འདོན་ཇུས་འབུལ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་པར་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་དགོས།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་རྗེས།  དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ནས།   སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་བསྡུ་ལེན་བྱས། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝང་ཅན་མེན་གྱིས་བཤད་རྒྱུར། དམངས་གཙོའི་ཏང་ཁག་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་མཐོང་ཆེན་དང་།  ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་གོང་བཀུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།  ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། གོམ་སྟབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས། ཡིད་ཆེས་བརྟན་གཏོང་དང་བློ་གྲོས་གཅིག་བསྡུས། དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་བཅས་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས།

དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ལམ་བུའི་སྟེང་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་དགོས།

ཉེན་ཁ་གང་ཞིག་ལའང་མི་སྐྲག་པ་དང་། བར་ཆད་གང་ཞིག་ལའང་མགོ་མི་སྒུར།  ནམ་ཡང་ཞུམ་པ་མེད་པར་འབད་འཐབ་ལྷོད་མེད་སྒོས་གཏན་ཁེལ་བྱས་བའི་དམིགས་འབེན་མངོན་འགྱུར་བྱས་ཏེ།  རིག་པ་གསལ་བོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་ལེགས་པོ་བྱེད་དགོས།

ཞིང་ཆེན་བཟོ་ཚོང་མནའ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་ཞེ་ལིན་ལིན་གྱིས་བཤད་རྒྱུར། “མིག་སྔའི་ལས་འགན་གཙོ་བོ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་གོ་བ་ཡག་པོ་བླངས་ནས། ཕུགས་བསམ་དང་དད་སེམས་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། ན་གཞོན་ལས་བྱེད་པའི་ངར་ཤུགས་དང་། སེམས་ཤུགས་ལ་བརྟེན་ནས་རྒྱུན་གཏན་གྱི་བྱ་བའི་ཁྲོད་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་སྟེ། རང་ཉིད་ཀྱི་བྱང་ཚད་མཐོར་འདེགས་དང་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་རྒྱུ་ཡིན། དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་མི་སྣར་ཞབས་ཞུ་སྒྲུབ་པའི་ན་གཞོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུན་ལྡན་གྱི་བྱ་བའི་ཁྲོད་ལག་བསྟར་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱས་ནས། དམངས་གཉེར་དཔལ་འབྱོར་གྱི་སྐྱོན་བྲལ་གཉིས་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཟེར།

ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ལས་བྱེད་པ་ཝང་ཧའེ་ཧྲི་ཡིས་བཤད་རྒྱུར། ཞིང་བཟོ་ཏང་ཡོན་དང་དམངས་གཙོའི་ཏང་ཁག་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས།  ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། དུས་དང་རྣམ་པ་ཀུན་ཏུ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་བ། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ། རང་འགུལ་ངང་འགན་འཁྲི་སྒྲུབ་པ། འགོ་འཛུགས་ས་གསར་པ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ང་ཚོས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

“ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་ནི་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན” ཞེས་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲུའུ་ཁྲུང་ཡུན་གྱིས་དེ་ལྟར་བཤད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་ལས་དོན་ཁག་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་གཞི་རིམ་རྩ་འཛུགས་དང་རྒྱ་ཆེའི་ཧྲེ་ཡོན་རྣམས་ཀྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།   མུ་མཐུད་དུ་མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ནས།  རྒྱུན་ཆད་མེད་པར“འདུ་ཤེས་བཞི་”ཇེ་དྲག་གཏོང་བ་དང་།“རང་རྟོན་བཞི་”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པར་བྱེད་པ།   འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ་དང་རང་སྟེང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་ཞུགས་སྲིད་གྲོས་ཀྱི་ཞིབ་འཇུག་བྱ་གཞི་ཕྱོགས་སྡོམ་དང་། གྲུབ་འབྲས་གཞན་སྒྱུར་གྱི་ལས་དོན་ཡག་པོ་བསྒྲུབས་པར་ཁྲིད་སྟོན་བྱས་ཏེ།  ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འབད་འཐབ་དམིགས་འབེན་གཉིས་པ་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་པ་དང་། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་གྲུབ་འབྲས་དེ་བས་ཆེ་བ་ལེན་པར་ཐབས་འདོན་ཇུས་འབུལ་བྱེད་རྒྱུ་ཡིན་ཟེར།

ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའམ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་སྔོན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་བདེ་ཐང་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་མ་ཧྥུའུ་ཁྲང་གིས་བཤད་རྒྱུར། “རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་འཕྲོད་བསྟེན་བདེ་ཐང་གི་བྱ་བ་སྒྲུབ་མཁན་ཞིག་གི་ངོས་ནས། ངས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བྱ་སྤྱོད་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། རང་འགན་གཙང་སྒྲུབ་ཀྱིས་མི་དམངས་མང་ཚོགས་ཀྱི་འདོད་བློ་དང་རེ་སྒུག་དེ་འཐུས་མིའི་གྲོས་གཞིར་འགྱུར་བར་བྱེད་པ། ཁོ་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་བ།  བྱ་བ་དངོས་ཀྱི་ཁྲོད་ནམ་ཡང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།