--ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུའི་སྐོར་གླེང་བ།
མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་རྒྱལ་འཛུགས་དང་། ཏང་དར་རྒྱལ་དར་གྱི་རྩ་བའི་མཛུབ་སྟོན་བསམ་བློ་ཡིན་ལ། རང་རེའི་ཏང་གི་བླ་སྲོག་དང་དར་ཆ་ཡང་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པར་གཏིང་ཟབ་ཏུ་ཞིབ་འཇུག་བྱས་ཏེ། རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་ངོ་བརྒྱ་ཡི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་སྤེལ་བཏང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལས་མར་ཁེ་སི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་མངོན་ཡོད་པ་གསལ་པོར་བསྟན་ཞིང་། གཞུང་ལུགས་གསར་སྐྲུན་རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་དོན་ཚན་བཅུའི་ཡ་གྱལ་ཞིག་ཏུ་སྙིང་བསྡུས་བྱས་ཡོད་པས། ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཏང་གི་གསར་སྐྲུན་གཞུང་ལུགས་ལ་གོ་བ་ལེན་ཚད་དང་ཁོང་དུ་ཆུད་ཚད་གཏིང་ཟབ་ཏུ་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པར་མ་ཟད་ཡུན་རིང་གི་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད།
གཞུང་ལུགས་ཀྱི་གསོན་ཤུགས་ནི་གསར་སྐྲུན་ལ་རག་ལས། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད་ལ། ཀྲུང་གོས་ཀྱང་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འཚོལ་ཞིབ་ཐེངས་མང་དང་། བར་ཆད་ཐེངས་མང་། གསར་སྐྲུན་ཐེངས་མང་བཅས་ཀྱི་ཁྲོད་ནས་ཀྲུང་གོའི་ཆབ་སྲིད་ཀྱི་སྟོབས་ཤུགས་གཞན་དག་སྣ་ཚོགས་ཀྱིས་འགྲུབ་མི་ཐུབ་པའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་འགྲུབ་བྱེད་ཐུབ་པའི་རྒྱུ་མཚན་ནི། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་བཅས་རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས། ལག་ལེན་ནི་བདེན་དོན་ཡིན་མིན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན་པ་རྒྱུན་འཁྱོངས། ཡོད་ཚད་དོན་དངོས་ནས་གཞིར་འཛིན་པ་རྒྱུན་འཁྱོངས། དུས་རབས་ཀྱི་དྲི་བ་དང་མི་དམངས་ཀྱི་དྲི་བར་དུས་ཐོག་ཏུ་ལན་འདེབས་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་བ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཚན་རིག་དང་མཐུན་པའི་གཞུང་ལུགས་ཀྱིས་རླབས་ཆེན་ལག་ལེན་ལ་ཁྲིད་སྟོན་བཅས་བྱས་པས་རེད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་རང་རེའི་ཏང་གིས་མའོ་ཙེ་ཏུང་གི་དགོངས་པ་གསར་གཏོད་གནང་བ་དེ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐེངས་དང་པོ་ཡིན། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་དུས་སྐབས་གསར་པའི་ནང་། རང་རེའི་ཏང་གིས་ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་གསར་དུ་བཏོད་པ་དང་།“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་དང་ཚན་རིག་གི་འཕེལ་རྒྱས་ལྟ་བ་གྲུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གྲུབ་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་རང་རེའི་ཏང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསྐྲུན་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་ཡོད། རང་རེའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཤིག་དང་། གཞུང་ལུགས་གསར་སྐྲུན་ལ་སྐུལ་སྤེལ་དང་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཤིག་ཀྱང་ཡིན་པ་རེད། ལག་ལེན་ལས་མར་ཁེ་སི་རིང་ལུགས་ནི་འཇིག་རྟེན་ཤེས་རྟོགས་དང་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་ཚན་རིག་དང་མཐུན་པའི་བདེན་དོན་ཞིག་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ཀྲུང་གོར་ཞིབ་བཤེར་གང་ལེགས་བྱས་ཤིང་། མར་ཁེ་སི་རིང་ལུགས་ཀྱི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་ཀྲུང་གོར་ལག་བསྟར་གང་ལེགས་བྱས་པ། མར་ཁེ་སི་རིང་ལུགས་ཀྱི་སྒོ་འབྱེད་རང་བཞིན་དང་དུས་རབས་རང་བཞིན་ཀྲུང་གོར་གསལ་པོར་མངོན་ཡོད་པ་བཅས་ར་སྤྲོད་བྱུང་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་གི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཅིག་གྱུར་གྱིས་འཆར་འགོད་དང་ཁོང་དུ་ཆུད་པར་བྱས་ཤིང་། རླབས་ཆེན་གྱི་ལོ་རྒྱུས་རང་འགུལ་སྙིང་སྟོབས་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་འགོད། རླབས་ཆེན་གྱི་ལས་དོན། རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་བསྐྲུན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་བསམ་གཞིགས་ཟབ་མོ་དང་ཚན་རིག་དང་མཐུན་པར་བརྡར་ཤ་བཅད་ཡོད། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཇི་ལྟར་འཛུགས་སྐྲུན་བྱེད་པ། དུས་ཡུན་རིང་པོའི་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ། ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པ་སོགས་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཐད་གསར་གཏོད་རང་བཞིན་གྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དེ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱེད་མཁན་གཙོ་བོ་ཞིག་རེད། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི“གཏན་འཁེལ་བརྒྱད”ཀྱི་རྨང་གཞིའི་སྟེང་། “ གཏན་འཁེལ་བཅུའི”ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དོན་སྙིང་གལ་ཆེན་སྔར་ལས་སྙིང་བསྡུས་བྱས་ཡོད། 《གྲོས་ཆོད》ནང་ད་དུང་ཕྱོགས13ཐད་ནས་ཁྱབ་ཁོངས་དབྱེ་སྟེ་དུས་རབས་གསར་པའི་ཏང་གིས་མི་དམངས་ལ་འགོ་ཁྲིད་མཛད་ནས་བླངས་བའི་གྲུབ་འབྲས་ཆེན་པོར་ཕྱོགས་སྡོམ་བྱས་པར་མ་ཟད། དེའི་ཁྲོད་ཀྱི་ཐོག་མའི་གསར་སྐྲུན་རང་བཞིན་གྱི་འདུ་ཤེས་དང་བསམ་བློའང་གཙོ་གནད་དུ་བཟུང་ནས་སྙིང་བསྡུས་བྱས་ཡོད། འཐབ་ཇུས་ཀྱི་བསམ་བློ་དང་གསར་སྐྲུན་གྱི་འདུ་ཤེས་དེ་དག་ནི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་དང་རིགས་པའི་གཞུང་ལུགས་གསར་སྐྲུན་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ལག་ལེན་གྱི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཡིན་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་བ་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་པ་དེས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།
ལག་ལེན་ལ་རྫོགས་མཐའ་མེད་ཅིང་། གཞུང་ལུགས་གསར་གཏོད་ལའང་རྫོགས་མཐའ་མེད། ང་ཚོས་ལག་ལེན་གསར་པ་དང་ཟུང་འབྲེལ་བྱས་ནས་གཞུང་ལུགས་གསར་སྐྲུན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་ཕོད་པ་དང་། གཞུང་ལུགས་གསར་པས་ལག་ལེན་གསར་པར་མཛུབ་སྟོན་བྱེད་མཁས་པོ་བྱས་ན། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་སྔར་ལས་སྟོབས་དང་ལྡན་ཞིང་སྔར་ལས་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་ཅིས་ཀྱང་མངོན་ཐུབ་ངེས་རེད། མདུན་སྐྱོད་ཀྱི་ལམ་བུའི་སྟེང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་བྱས་ཏེ། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་གྲུབ་འབྲས་གསར་བར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་ཁྲིད་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་ལ་བརྟེན་ནས་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུར་འོད་ཟེར་འཕྲོ་བར་བྱེད་པ་དང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ཉེན་མཐའ་དག་ལས་རྣམ་པར་རྒྱལ་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་འགྲོ་ལམ་གསར་པའི་སྟེང་བྱས་རྗེས་གསར་པ་སྔར་ལས་ཆེ་བ་བསྐྲུན་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།