ཐ་ཀྱ་ཡུལ་ཚོ་ལ་ཁ་སྡེ་བར་འགྲོ་མྱོང་མཁན་ཞིག་ཡིན་ན་ཀྱག་ཀྱོག་གི་རི་ལམ་དེ་ཡིད་ནས་བརྗེད་མི་སྲིད།
ཉེ་ལམ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་ལྔ་བའི་ཀྲུའུ་རིན་མ་ལེ་ཧྭ་དང་བཅས་པའི་མི་བཞི་ཡིས་རི་ལམ་ཀྱ་ཀྱུ་ཞིག་དེད་ནས་ཐ་ཀྱ་ཡུལ་ཚོ་ལ་ཁ་སྡེ་བར་ཐོན། སྡེ་འདབས་སུ་ཐོན་མ་ཐག་གདོང་མདོག་ཅུང་ནག་པོའི་གསར་བུ་ཞིག་གིས་དགའ་སྤྲོ་དང་བཅས་ཏེ་ཁོ་ཚོར་སྣེ་ལེན་བྱས་བྱུང་། རྡོ་རྗེ། ཉེ་ལམ་བདེ་མོ་ཡིན་ནམ། བདེ་མོ་ཡིན། ད་སྐབས་ངས་གྲོང་རྡལ་དུ་ཁང་པ་ཞིག་གླས་ནས་བསྡད་ཡོད། དེ་ལྟར་བྱས་ན་ཕྱོགས་གཅིག་ནས་རང་གིས་གྲོང་རྡལ་དུ་ཞོར་ལས་གཉེར་ཐུབ་པ་དང་ཕྱོགས་གཅིག་ནས་བྱིས་པ་སློབ་གྲྭར་བསྐྱལ་ཐུབ་ཀྱི་འདུག ཁོ་ཚོ་ངོ་ཐུག་མ་ཐག་མ་ལེ་ཧྭ་དང་རྡོ་རྗེ་ཚེ་བརྟན་གཉིས་ཀྱིས་གཞི་ནས་གླེང་མོལ་བྱེད་པའི་མགོ་བརྩམས་བྱུང་ལ་སྐབས་དེར་རྡོ་རྗེ་ཚེ་བརྟན་གྱི་གདོང་ཡོངས་སུ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་འདུག
མ་ལེ་ཧྭ་ཡི་སེམས་སུ་རྡོ་རྗེ་ཚེ་བརྟན་ནི་འབད་འབུངས་ཧུར་བརྩོན་བྱེད་མཁན་གྱི་ན་གཞོན་ཞིག་ཡིན་པ་དང་། ཁོ་རང་ལོ་ན་ཆུང་བའི་སྐབས་སུ་ཨ་ཕ་ཚེ་ལས་འདས་པས་ཁོ་དང་ཁོའི་ཨ་མ་གཉིས་ཀྱིས་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་རོལ་ནས་ཡོང་བ་རེད། ཁོ་རང་སློབ་གྲྭར་ཉིན་གཅིག་ལའང་འགྲོ་མྱོང་མེད། ཁོ་ནི་གཤིས་རྒྱུད་བཟང་ལ་དགེ་བའི་སེམས་དང་ལྡན་པར་མ་ཟད་རང་གི་འཚོ་བར་ཕུགས་བསམ་ལྡན་པ་ཞིག་རེད།
ཉིན་འགའི་སྔོན་དུ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཚོམས་ཆེན་དུ་མི་བཅུ་ཁ་ཞིག་ཐོན་བྱུང་བ་དང་ཁོ་ཚོ་ཁོང་ཁྲོ་ཅུང་ཙམ་ལངས་འདུག་པས་སྐད་གདངས་ཀྱང་ཅུང་མཐོན་པོ་འདུག
སྐབས་དེར་མ་ལེ་ཧྭ་ཡིས་མི་དེ་དག་རང་གི་གཞུང་ལས་ཁང་དུ་ཁྲིད་ནས་སོང་། ཁོ་ཚོས་རང་རང་ས་ནས་སྐད་ཆ་མང་པོ་ཞིག་བཤད་བྱུང་ནའང་མ་ལེ་ཧྭ་ཡིས་ཁོ་ཚོའི་སྐད་ཆ་རེ་རེའི་ནང་དོན་དེ་འདྲ་ཞིག་གོ་མ་བྱུང་། སྐབས་དེར་མོས་མི་དེ་དག་གི་ཟུར་ཞིག་ན་ལངས་འདུག་པའི་རྡོ་རྗེ་ཚེ་བརྟན་མཐོང་བྱུང་བས་མ་ལེ་ཧྭ་ཡིས་ཁོ་ལ་གནས་ཚུལ་དེའི་སྐོར་ངོ་སྤྲོད་བྱེད་དུ་བཅུག
སྐབས་དེར་རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར། ཁོ་ཚོས་ཀུང་ཟི་ག་གེ་མོ་ཞིག་དང་ཞིང་ས་འགན་གཙང་ལེན་བྱེད་པའི་གན་རྒྱ་བཞག་པ་དང་། འགན་གཙང་ལེན་བྱེད་པའི་ཀུང་ཟིའི་ཉི་འོད་དྲོད་ཁང་དུ་སྔོ་ཚལ་འདེབས་རྒྱུ་བྱས་ཡོད་ལ་མི་རེ་རེས་གན་རྒྱའི་ནང་བྲིས་པའི་ཁ་ཆད་ལྟར་དུ་འགན་ལེན་དངུལ་ཡང་སྤྲད་ཟིན། ཡིན་ནའང་གན་རྒྱར་ནུས་པ་ཐོན་པའི་རྗེས་སུ་ཀུང་ཟི་དེས་ཉི་འོད་དྲོད་ཁང་མི་སྤྲོད་པར་མ་ཟད་འགན་སྲུང་སྐོར་གྱི་དངུལ་ཡང་ཕྱིར་མ་སློག
དེའི་རྗེས་སུ་ཁོ་ཚོས་ཀུང་ཟི་དེ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ་རེད། ཁྲིམས་ཁང་གིས་མཐུན་སྦྱོར་བྱས་པ་བརྒྱུད་ནས་ཀུང་ཟི་དེས་ཁོ་ཚོའི་འགན་སྲུང་དངུལ་ཕྱིར་སྤྲོད་པར་ཁས་ལེན་བྱས། གྲོས་མཐུན་བྱུང་རྗེས་ཀུང་ཟི་དེས་འགན་ནུས་ལག་བསྟར་མ་བྱས། དེ་བས་ཁོ་ཚོས་རང་ཉིད་ལ་དབང་བའི་འགན་སྲུང་དངུལ་ཕྱིར་ལེན་པའི་ཆེད་དུ་མཁར་ནུབ་ཁུལ་མི་དམངས་ཁྲིམས་ཁང་ལ་ཀུང་ཟི་དེར་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུའི་རེ་ཞུ་བྱས། མཁར་ནུབ་ཁུལ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་འདྲི་རྩད་བྱས་ནས་ཀུང་ཟི་དེས་གནས་སྐབས་སུ་འགན་ནུས་ལག་བསྟར་བྱེད་མ་ཐུབ་པའི་གནས་ཚུལ་སྐོར་ཞིབ་བཤེར་བྱས།
རྡོ་རྗེ་ཚེ་བརྟན་གྱིས་མ་ལེ་ཧྭ་ལ་བཤད་རྒྱུར། ཉི་འོད་དྲོད་ཁང་དེའི་ཆེད་དུ་སྒོར་མོ་འབུམ་གཅིག་བསྐྱིས་ཡོད་ཟེར། སྒོར་མོ་འབུམ་གཅིག་དེ་ངེད་ཚང་ལ་མཚོན་ན་གྲངས་འབོར་ཆེན་པོ་ཞིག་ཡིན་པར་མ་ཟད་དབུལ་ཕོངས་ཀྱི་འཚོ་བའི་ངོ་བོ་བསྒྱུར་བའི་རེ་བ་བྱེད་ས་ཡང་ཡིན་ཟེར། རྡོ་རྗེ་ཚེ་བརྟན་རང་ཉིད་ལ་མཚོན་ནས་བཤད་ན་ལོ་ན་ཆུང་ངུའི་དུས་སུ་ཁོའི་ཨ་ཕ་ཚེ་ལས་འདས་པས་ཁོ་དང་ཁོའི་ཨ་མ་གཉིས་ཀྱིས་དཀའ་སྡུག་གི་འཚོ་བ་རོལ་ནས་ཡོང་བས་ཉིན་གཅིག་ལའང་སློབ་གྲྭར་འགྲོ་མྱོང་མེད། དེ་བས་ཁོའི་རང་གི་བྱིས་པ་ནི་རང་ཉིད་དང་འདྲ་བར་དཀའ་སྡུག་གི་འཚོ་བ་རོལ་མཁན་ཞིག་ཏུ་མི་འགྱུར་བའི་ཆེད་དུ་དུས་དང་རྣམ་པ་ཀུན་དུ་ཁྱིམ་ཚང་གི་འཚོ་བའི་དཀའ་ངལ་སེལ་བའི་ཐད་ལ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།
རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར།ངའི་གྲོགས་པོས་ང་ལ་དངུལ་ཁང་ནས་དངུལ་བུན་བླངས་ནས་ཉི་འོད་དྲོད་ཁང་གླས་ཚེ་ཕན་འབྲས་ལྡན་པའི་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པའི་སྐོར་ནས་ཁ་བརྡ་བྱས། དེར་བརྟེན་ངས་ཀྱང་ཁོས་བཤད་པ་ནང་བཞིན་དངུལ་བུན་བླངས་རྗེས་སུ་ཉི་འོད་དྲོད་ཁང་གླས་པའི་སྒོར་མོ་སྤྲད་ཟིན་ནའང་ཉི་འོད་དྲོད་ཁང་གི་འགན་ཁུར་པ་དེས་ཉི་འོད་དྲོད་ཁང་བཀོལ་སྤྱོད་བྱས་ཆོག་པའི་དབང་ཆ་མི་སྤྲོད་པར་མ་ཟད་ང་ཚོས་སྒོར་མོ་ཡང་ཕྱིར་སྟེར་གྱི་མི་འདུག སྐད་ཆ་བཤད་ནས་མཚམས་འདིར་ཐོན་དུས་རྡོ་རྗེ་ཚེ་བརྟན་གྱི་མིག་ཆུ་རང་དབང་མེད་པར་བཞུར་སོང་བས་མ་ལེ་ཧྭ་ཡི་སེམས་ནས་ཁོ་ལ་སྙིང་རྗེ་ཞིག་སྐྱེས་བྱུང་།
གྱོད་དོན་ཞིབ་གཅོད་བྱས་རྗེས་སུ་ཉི་འོད་དྲོད་ཁང་གི་འགན་ཁུར་བ་དེར་རྒྱུ་ནོར་སོགས་ཅི་ཡང་མེད་པས་རྡོ་རྗེ་ཚེ་བརྟན་སོགས་ལ་ཕྱིར་སློག་རྒྱུའི་སྒོར་མོ་མེད་པར་གྱུར། དེས་ན་འཚོ་བར་དཀའ་ངལ་ཡོད་པའི་རྡོ་རྗེ་ཚེ་བརྟན་གྱི་འཚོ་བའི་རྒྱུན་དེ་ཇི་ལྟར་བྱས་ནས་བསྐྱང་དགོས་པ་ཡིན་ནམ། མ་ལེ་ཧྭ་ཡིས་རྡོ་རྗེ་ཚེ་བརྟན་གྱི་འཚོ་བའི་དཀའ་ངལ་ལ་དེ་ལྟར་བསམ་བློ་བཏང་མཐར། རྡོ་རྗེ་ཚེ་བརྟན་ལ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་མ་དངུལ་རེ་ཞུ་བྱས་ནས་རོགས་རམ་བྱེད་རྒྱུ་ཡིད་ལ་དྲན།
དེའི་རྗེས་སུ་མ་ལེ་ཧྭ་ཡིས་རྩད་གཅོད་བྱས་པ་བརྒྱུད་རྡོ་རྗེ་ཚེ་བརྟན་ཚང་གི་ཁྱིམ་གྱི་གནས་ཚུལ་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་མ་དངུལ་རེ་ཞུ་བྱེད་པའི་ཆ་རྐྱེན་དང་མཐུན་པ་ཤེས། དེ་ནས་རྡོ་རྗེ་ཚེ་བརྟན་ཕྱིར་ཡུལ་ལ་ལོག་སྟེ་རོགས་སྐྱོར་མ་དངུལ་རེ་ཞུ་བྱེད་པར་ཉེ་བར་མཁོ་བའི་རྒྱུ་ཆའི་སྐོར་གྲ་སྒྲིག་བྱས་རྗེས་སུ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་མི་དམངས་ཁྲིམས་ཁང་ལ་སྤྲད། མཇུག་མཐར་སྡེ་ཁག་མང་པོས་འབད་བརྩོན་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་མ་དངུལ་སྒོར་མོ་ཁྲི་ལྔ་རྡོ་རྗེ་ཚེ་བརྟན་གྱི་ལག་ཏུ་འབྱོར།
མ་ལེ་ཧྭ་ཡིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་མ་དངུལ་དེ་ཕྱོགས་གང་ལ་བཀོལ་སྤྱོད་བྱས་པར་རྒྱུས་ལོན་ཞིག་བྱེད་དུ་ཡོང་ཚུལ་སྐོར་བཤད་དུས། རྡོ་རྗེ་ཚེ་བརྟན་གྱིས་ཞིབ་ཅིང་ཕྲ་བའི་སྒོ་ནས་མཁར་ནུབ་ཁུལ་མི་དམངས་ཁྲིམས་ཁང་གི་ལས་བྱེད་མི་སྣ་རྣམས་ལ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་མ་དངུལ་དེ་ཕྱོགས་གང་དུ་བཀོལ་སྤྱོད་བྱས་ཚུལ་སྐོར་ནས་ཡར་ཞུ་བྱས།
རྡོ་རྗེ་ཚེ་བརྟན་གྱི་ལག་ཏུ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་མ་དངུལ་འབྱོར་རྗེས་ཐོག་མར་གྲོང་རྡལ་དུ་ཁང་པ་ཞིག་གླས་པ་དང་། དེ་ནས་བྱིས་པ་སློབ་གྲྭར་སྐྱེལ་བའི་ཞོར་དུ་ཁོས་ཞོར་ལས་བྱེད་ས་ཞིག་བཙལ་ནས་ལས་ཀ་ལས་བཞིན་འདུག རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་མ་དངུལ་འཕྲོ་མ་རྣམས་དངུལ་ཁང་གི་དངུལ་བུན་འཇལ་བའི་ཐད་ལ་བཀོལ་བཞིན་འདུག
རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར།ད་ལྟ་ངས་དངུལ་ཁང་ལས་བླངས་པའི་དངུལ་བུན་དེ་རིམ་གྱིས་ཡོངས་སུ་འཇལ་རྒྱུར་བསམ་བློ་གཏོང་བཞིན་ཡོད་ལ་རྗེས་ཕྱོགས་ཀྱི་འཚོ་བར་རེ་བ་གསར་བས་ཁེངས་ཡོད་ཟེར།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།