ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་མངོན་གསལ་གྱི་ཁྱད་ཆོས་དང་ཆབ་སྲིད་ཀྱི་དགེ་མཚན་འདི་ལ་གོ་བ་གཏིང་ཟབ་ལེན་དགོས།
2021.11.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

 --ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པ།

དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་དང་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་ལ་ཁག་ཐེག་བྱ་རྒྱུ་ནི་ཏང་གི་སྲོག་རྩ་ཡིན་ལ། རང་རེའི་ཏང་འདི་ཉིད་ལོ་བརྒྱའི་ཏང་ཆེན་པོར་འགྱུར་བ་དང་དུས་རབས་ཀྱི་རླབས་ཆེན་བྱ་གཞག་བསྐྲུན་པའི་འགག་རྩའང་ཡིན།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་ལ་སྔར་ལས་ཤུགས་སྣོན་བྱ་རྒྱུར་དམིགས་ཏེ། ཏང་ཡོངས་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་པར་འགན་ལེན་དང་། ཏང་གིས་ཏང་གི་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲུང་སྐྱོབ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོབ་བྱེད་པའི་ལོ་བརྒྱའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས།   ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་ཞུན་བརྡར་བྱས་པ་བསྟན་ཡོད་ལ། འཛམ་གླིང་ཐོག་གི་སྲིད་ཏང་ཆེ་ཤོས་དང་མི་གྲངས་མང་ཤོས་ཀྱི་རང་རེའི་རྒྱལ་ཁབ་བཅོས་སྐྱོང་ཡག་པོ་བྱེད་པར། ངེས་པར་དུ་ཏང་གིས་ཁྱོན་ཡོངས་ཀྱི་འགོ་ཁྲིད་དང་། ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱས་ནས། ཏང་གིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པར་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཏང་གི་ཆབ་སྲིད་འཛུགས་སྐྲུན་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཡིན་པས། ཏང་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་དང་ཕན་འབྲས་ཐག་གཅོད་བྱེད་ཀྱིན་ཡོད།  ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་ནི། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་བཀའ་བཀོད་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོབ་བྱེད་པར་ཁག་ཐེག་བྱ་རྒྱུ་དེ་ཡིན། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོབ་བྱ་རྒྱུ་ནི། གནད་ལ་སྨིན་པའི་མར་ཁེ་སི་རིང་ལུགས་སྲིད་འཛིན་ཏང་ཞིག་གི་ཏང་འཛུགས་སྐྲུན་བྱེད་པའི་རྩ་དོན་ཆེན་པོ་ཞིག་ཡིན། ཏང་གི་ལོ་རྒྱུས་ཉམས་མྱོང་ལས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་ཡག་པོ་བྱས་ཚེ། ཏང་གི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་ཐུབ་པ་དང་། དེ་ལས་ལྡོག་ན་ཏང་གི་བྱ་གཞག་ལ་བར་ཆད་ཐེབས་ངེས་པ་ར་སྤྲོད་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་ཨང་དང་པོར་བཞག་ནས།  ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་ལེན་ནུས་ལྡན་ཐོབ་པ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། ཏང་གི་འགོ་ཁྲིད་བྱེད་སྟངས་སྔར་ལས་ཚན་རིག་དང་མཐུན་པ། ཏང་ཡོངས་ཀྱི་བསམ་བློའི་ཐོག་སྔར་ལས་གཅིག་གྱུར་དང་། ཆབ་སྲིད་ཐོག་སྔར་ལས་མཐུན་སྒྲིལ། བྱ་སྤྱོད་ཐོག་སྔར་ལས་གཅིག་མཐུན་བྱུང་བ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་བར་ཐུག་ཡོད།

ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོབ་བྱེད་པར་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཡོད་པར་བྱ་རྒྱུ་ནི། གལ་ཆེའི་ནང་གི་འགངས་ཆེན་དང་གཙོ་གནད་ནང་གི་གཙོ་གནད་ཡིན།    ལོ་རྒྱུས་དང་དོན་དངོས་ལས། ཏང་ཡོངས་ལ་སྲོག་ཤིང་ཡོད་ཚེ། ཏང་ཀྲུང་དབྱང་ལ་གཞི་ནས་དབང་གྲགས་ལྡན་པ་དང་ཏང་ལ་གཞི་ནས་སྟོབས་ཤུགས་ལྡན་པ་གང་ལེགས་སྒོས་མཚོན་ཡོད།   དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་འབད་འབུངས་ཡར་བརྩོན་བྱེད་པའི་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པའི་བློ་སྟོབས་ཆེ་བའི་གཟི་ཉམས་དང་།   གཟིགས་རྒྱང་རིང་བའི་བློ་གྲོས།  བློ་ཁོག་ཡངས་པའི་ཐབས་མཁས་བཅས་དང་།  རྦ་རླབས་འཇིགས་སུ་རུང་བའི་ཁྲོད་སྲ་ཞིང་བརྟན་པ་དང་ཉེན་ཁ་དང་འགྲན་སློང་ཁྲོད་ཐབས་ཇུས་འདིང་བ་བཅས་ཀྱི་ཐོག་ནས་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་ཆབ་སྲིད་ཀྱི་བློ་གྲོས་དང་། འཐབ་ཇུས་ཀྱི་ངེས་ཤུགས། འགན་འཁྲི་འཁུར་སེམས། དམངས་ལ་བཅངས་པའི་བརྩེ་དུང་། འགོ་ཁྲིད་ཀྱི་སྒྱུ་རྩལ་བཅས་གང་ལེགས་སྒོས་མཚོན་པར་བྱས་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྙིང་དབུས་ནས་གུས་བཀུར་དང་ཡིད་ཆེས་ཆེན་པོ་ཐོབ་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་འཁེལ་བྱུང་བར་བརྟེན། ཏང་གི་རྣམ་པ་དང་། རྒྱལ་ཁབ་ཀྱི་རྣམ་པ། མི་དམངས་ཀྱི་རྣམ་པ། དམག་དཔུང་གི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་གོ་གནས་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་འཁེལ་བྱུང་བ་དེ་ནི། དུས་རབས་ཀྱི་འབོད་སྐུལ་དང་། ལོ་རྒྱུས་ཀྱི་གདམ་ག དམངས་སེམས་ཀྱི་གཏད་ཕྱོགས་བཅས་ཡིན། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཚེ། ཏང་ཡོངས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་། རྒྱལ་ཡོངས་མི་དམངས་ལ་སེམས་ཀྱི་རྟེན་ས།  ཀྲུང་ཧྭའི་བསྐྱར་དར་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོར་དེད་དཔོན་བཅས་ཡོད་པ་རེད།  ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་།  “ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་པ་ལས།  ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད་ལ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད” ཅེས་གཏིང་ཟབ་ཏུ་བསྟན་པ་ལྟར་རེད།

བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་པའི་སྣེ་ཁྲིད་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་ཞུམ་མེད་འབད་འཐབ་བཅས་ཡོད་པར་བརྟེན། ང་ཚོས་མདུན་སྐྱོད་ལམ་བུའི་ཐོག་ཐོན་པའི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔར་ལས་ནུས་ལྡན་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད།

དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་ཅིང་།  རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ཀྱང་བྱེད་བཞིན་ཡོད། དམིགས་འབེན་དང་ཐག་ཇི་ཙམ་ཉེ་བ་དང་། དུས་བབ་རྙོག་འཛིང་ཇི་ཙམ་ཆེ་བ། ལས་འགན་ཇི་ཙམ་གྱིས་དཀའ་ཚེགས་ཆེ་བ་བཅས་ཀྱི་སྐབས་སུ།  ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནུས་པ་དེ་བས་འདོན་སྤེལ་བྱེད་དགོས།   ཏང་ཡོངས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་སྐུལ་སྤེལ་དང་།“སྲུང་སྐྱོབ་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་དང་། གཅིག་གྱུར་གྱི་འདོད་བློ་དང་། གཅིག་གྱུར་གྱི་བྱ་སྤྱོད། གོམ་སྟབས་གཅིག་གྱུར་བཅས་ཀྱི་སྒོ་ནས་མདུན་དུ་སྐྱོད་པར་འགན་ལེན་ཏན་ཏིག་བྱས་ན། རང་རེའི་ཏང་གིས་གཞི་ནས་རྣམ་པ་གསར་པ་དེ་གཅིག་འདོམས་སུ་བྱས་ནས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གྲྭ། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་སྐུལ་འདེད་གཏོང་ཐུབ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་དགེ་མཚན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་།  བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་བལྟོས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས།  ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “འདུ་ཤེས་བཞི” ཇེ་དྲག་ཏུ་གཏོང་བ།“ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས” སྒྲུབ་ཐུབ་པར་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ་བཅས་བྱས་ནས།   ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།    ཆབ་སྲིད་ལ་མཐོང་ཆེན་བྱེད་པ་ནི་དོན་དངོས་ཤིག་ཡིན་པས“སྲུང་སྐྱོབ་གཉིས”དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ཐོག་ནས་མཚོན་པ་དང་། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོར་སྒྲུབ་པའི་ཕན་འབྲས་དངོས་ཀྱི་ཐོག་མཚོན་པ། ཏང་ཡོན་དང་ལས་བྱེད་པའི་རྒྱུན་ལྡན་གྱི་གཏམ་སྤྱོད་ཐོག་མཚོན་པ་བཅས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་བླང་བྱ་དེ་རང་རྟོགས་དང་རང་འགུལ་དུ་འགྱུར་བར་བྱས་ནས། རྒྱུན་དུ་ཏང་ཀྲུང་དབྱང་གི་དགོངས་དོན་དང་བསྡུར་ནས།  ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་བ་རྣམས་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་རྣམས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་འགོག་བྱས་པ་རྣམས་གཏན་ནས་མི་སྒྲུབ་པ་བཅས་བྱས་ནས། ཏང་ཡོངས་ཀྱི་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ། ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ་བཅས་བྱེད་དགོས།

འདས་ཟིན་པའི་ལོ་ངོ་བརྒྱ་ཡི་རིང་།  ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་གཞི་ཞིག་སྤྲད་ཡོད། ད་ལྟ་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སླར་ཡང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ལམ་བུ་གསར་བའི་སྟེང་སྐྱོད་བཞིན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ།  སེམས་ཤུགས་གཅིག་སྒྲིལ་དང་མཁྲེགས་གཏོར་དཀའ་སེལ། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་བརྩོན་པའི་རྒྱུན་མ་ལྷོད་པར་གཏན་འཁེལ་གྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་།   འབད་འབུངས་ལྷོད་མེད་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།