ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ལག་བསྟར་བྱ་དགོས།
2021.12.06 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 25

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

                མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ། 

ཆོས་ལུགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བར་ངེས་པར་དུ་ཐག་གཅོད་ཡག་པོ་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཆོས་ལུགས་ལས་དོན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་སྟངས་འཛིན་བྱེད་པའི་མཐོ་ཚད་ནས། ཆོས་ལུགས་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་། ཆོས་ལུགས་ལས་དོན་གྱི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། འཐབ་ཇུས་གསར་པ་བཅས་རྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་ཤིང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ཡག་པོར་སྒྲུབ་པའི་མཛུབ་སྟོན་དགོངས་པ་དང་། འཐབ་ཇུས་དམིགས་འབེན། ལས་འགན་གཙོ་བོ། སྲིད་ཇུས་བྱེད་ཐབས་བཅས་གསལ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན།  གཞུང་ལུགས་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ཀྱི་ལྟ་བ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་གྲུབ་འབྲས་གསར་ཤོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་གསར་ཤོས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་བཅས་ཡིན་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། 2016ལོར་འཚོགས་པའི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབས་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་དང་ཆབས་ཅིག  གནས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་ཁྱོན་ཡོངས་ནས་བཀོད་སྒྲིག་ཀྱང་གནང་ཡོད།  ལོ་འདི་དག་གི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཀྲུང་དབྱང་གི་ཞིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་སོགས་ཚོགས་འདུ་གལ་ཆེན་དང་ས་གནས་ཁག་ཏུ་གཟིགས་ཞིབ་ཐེངས་མང་གནང་སྐབས། ཆོས་ལུགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་རབས་དང་རིམ་པ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ཀྱིས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་གོམ་སྟབས་གསར་པ་སྤོས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་ཆོས་ལུགས་ལས་དོན་གསར་སྐྲུན་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དོན་འཁྱོལ་བྱས་པ་སྔར་ལས་ཆ་ཚང་དུ་གྱུར་བ་དང་། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་དང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གྱུར་བ། ཆོས་ལུགས་ལས་དོན་གྱི་བཅའ་ཁྲིམས་མ་ལག་དང་སྲིད་ཇུས་ཀྱི་སྒྲོམ་གཞི་ཉིན་བཞིན་འཐུས་ཚང་དུ་གྱུར་བ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་རིམ་བཞིན་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་ཐོབ་ཡོད། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་བཏང་སྟེ། ཁྱོན་ཡོངས་ལ་མཐོང་ཆེན་དང་། ཁྲིམས་སྐྱོང་ལ་མཐོང་ཆེན། ཚན་རིག་ལ་མཐོང་ཆེན། གཅེས་སེམས་ལ་མཐོང་ཆེན་བཅས་བྱས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་དད་མོས་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

རིགས་པའི་གཞུང་ལུགས་ནི་ལག་ལེན་གྱི་སྔོན་འགྲོ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་སྐོར་གྱི་འདུ་ཤེས་གསར་པ་དང་བྱེད་ཐབས་གསར་པ་རབས་དང་རིམ་པ་བཏོན་ཡོད་ལ། ཐེངས་འདིའི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཁྲོད་ཀྱི་ཆོས་ལུགས་ལས་དོན་ཡག་པོར་བསྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ངེས་པར་དུ་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ། ངེས་པར་དུ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་དགེ་མཚན་ལྡན་ལ་སྐྱོན་དང་བྲལ་བའི་ཆོས་ལུགས་ཀྱི་འབྲེལ་བ་འཛུགས་དགོས་པ། ངེས་པར་དུ་ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ། ངེས་པར་དུ་ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་གསལ་བོར་བཏོན་ཡོད། “ངེས་པར་དགུ”ཡིས་དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་འདྲ་བྱེད་དགོས་པ་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་འདྲ་བྱེད་དགོས་པ། ཏང་གི་ཆོས་ལུགས་ལས་དོན་ཇི་ལྟར་བྱས་ནས་ཡག་པོར་སྒྲུབ་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་བཏབ་ཡོད། དེ་ནི་རང་རེའི་ཏང་གིས་ཆོས་ལུགས་ལས་དོན་ཡག་པོར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས།  དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ཡག་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལ་ཁྱོན་ཡོངས་ནས་གོ་བ་ལེན་པ་དང་ལག་བསྟར་བྱེད་པ་དང་། ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས།

འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་ང་ཚོས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཁྱོན་ཡོངས་ནས་ལག་བསྟར་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར། ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན།  ཆོས་ལུགས་ལས་རིགས་ཀྱི་རང་ངོས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་པ་བཅས་བྱས་ཏེ། དད་ལྡན་མང་ཚོགས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པར་སྔར་ལས་བཟང་བའི་སྒོ་ནས་རྩ་འཛུགས་དང་ཁྲིད་སྟོན་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་བསྐྲུན་བྱས་ཚེ། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཐུབ་ངེས་ཡིན།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།