ཏང་དང་མི་དམངས་བར་གྱི་ཤི་གསོན་མཉམ་གནས་དང་བདེ་སྡུག་མཉམ་མྱོང་གི་ཤ་ཁྲག་ལྟ་བུའི་འབྲེལ་བར་ངོས་འཛིན་གཏིང་ཟབ་བྱ་དགོས།
2021.12.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

 ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པ། 

ཏང་གི་རྩ་བ་ཚུགས་ས་མི་དམངས་དང་། ཁྲག་རྒྱུན་འཁོར་ས་མི་དམངས། སྟོབས་ཤུགས་འབྱུང་ས་མི་དམངས་བཅས་ཡིན་པས། མི་དམངས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་བློ་གདེང་ཆེ་ཤོས་དེ་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱེད་པའི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་ལམ་བུར་ཞིབ་འཇུག་གཏིང་ཟབ་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་རྩ་བ་ནས་བསྒྱུར་བཅོས་བྱས་པ་གཏིང་ཟབ་ཏུ་བསྟན་པ་དང་ཆབས་ཅིག  “མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱ་རྒྱུ་”དེ་ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དོན་ཚན་བཅུའི་ཡ་གྱལ་ཞིག་ཏུ་སྙིང་བསྡུས་བྱས་ཏེ།   ཏང་ཡོངས་ཀྱིས་ངེས་པར་དུ་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར།  རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོབ་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དགའ་སྐྱིད་འཚོ་བའི་ཆེད་དུ་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས་པ་ནན་བཤད་གནང་ཡོད།

མི་དམངས་ཀྱི་ཆེད་དུ་གསོན་པ་དང་། མི་དམངས་ཀྱི་རྐྱེན་པས་དར་རྒྱས་བྱུང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་གནས་པ་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་འབད་འཐབ་བྱེད་པ་ནི་རང་རེའི་ཏང་གིས་ཏང་འཛུགས་པ་དང་། ཏང་དར་རྒྱས། ཏང་སྟོབས་ལྡན་དུ་གཏོང་བ་བཅས་ཀྱི་རྩ་བའི་འགོ་རྩོམ་ས་དང་རྐང་འཛུགས་ས་ཡིན་པ་རེད། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཚེ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན།  བཅོས་སྒྱུར་བཅས་བྱེད་པའི་རྩ་བའི་དམིགས་ཡུལ་ནི།  མི་དམངས་ལ་འཚོ་བ་ཡག་པོ་ཞིག་རོལ་དུ་འཇུག་ཆེད་ཡིན་པས། འགྲན་སློང་དང་གནོན་ཤུགས་ཇི་འདྲར་འཕྲད་པ་དང་བློས་གཏོང་དང་རིན་དོད་ཇི་ཙམ་གཏོང་དགོས་རུང་། དམིགས་ཡུལ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཚེ། རང་རེའི་ཏང་ལ་བར་ཆད་གང་མང་ཐེབས་ཀྱང་རྒྱུན་ཆད་མེད་པར་འཕེལ་རྒྱས་འབྱུང་དོན་ནི། ཐོག་མཐའ་བར་གསུམ་དུ་མི་དམངས“འབྱུང་རྩ”དང“རྩ་བར”བརྩིས་ནས་མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་ཚུགས་པས་རེད། ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཚེ། ཏང་དབུ་བརྙེས་ནས་གནམ་ས་གསར་གཏོད་ནས་ཀྲུང་གོ་གསར་པ་དབུ་བརྙེས་ན་གནམ་ས་གསར་བརྗེའི་བར་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་བར་དང་། དེ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་བར་གྱི་རླབས་ཆེན་གྱི་གྲུབ་འབྲས་དེ་དག་ནི།  ཡོད་ཚད་དམངས་ཆེད་དང་དམངས་ལ་བརྟེན་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་ལས་བྱུང་བ་རེད། ལོ་ངོ་བརྒྱའི་རིང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཟིལ་རླབས་དགུང་འཕྱུར་གྱི་རླབས་ཆེན་འཐབ་རྩོད་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་བརྙས་བཅོས་མྱོང་བ་དང་། གཉའ་གནོན་མྱོང་བ། བྲན་གཡོག་བྱེད་པ་བཅས་ཀྱི་ལས་དབང་ལས་རྦད་དེ་ཐར་ནས། རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་བཅས་ཀྱི་ལས་དབང་གི་བདག་པོར་གྱུར་པ་དང་། མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ།   མི་གྲངས་དུང་ཕྱུར14ལྷག་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་བ་བཅས་དགའ་སྐྱིད་འཚོ་བར་བཅངས་པའི་ཀྲུང་གོ་མི་དམངས་ཀྱི་ཕུགས་འདུན་རྒྱུན་ཆད་མེད་པར་མངོན་འགྱུར་འབྱུང་བཞིན་ཡོད།

ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་ལོ་རྒྱུས་ཤིག་དང་། ཏང་དང་མི་དམངས་གཅིག་སེམས་གཅིག་འབྲེལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་ཀྱི་ལོ་རྒྱུས་ཤིག་ཡིན། ཏང་དང་མི་དམངས་གཅིག་ལ་གཅིག་བརྟེན་དང་། བདེ་སྡུག་མཉམ་མྱོང་། ཐོག་མཐའ་བར་གསུམ་དུ་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བཅས་བྱ་རྒྱུ་ནི་ཏང་གིས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པའི་རྩ་བའི་འགན་ལེན་ཡིན།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར། ཏང་དང་མི་དམངས་བར་གྱི་ཤི་གསོན་མཉམ་གནས་དང་བདེ་སྡུག་མཉམ་མྱོང་གི་ཤ་ཁྲག་ལྟ་བུའི་འབྲེལ་བར་གོ་བ་གཏིང་ཟབ་བླངས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་བྱེད་དགོས། རང་རེའི་ཏང་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཡིན་ཞིང་། རྩ་བའི་ཐོག་ནས་བཤད་ན། ཏང་གི་རིགས་པའི་གཞུང་ལུགས་ནི་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པའི་རིགས་པའི་གཞུང་ལུགས་དང་།  ཏང་གི་ལམ་ཕྱོགས་ནི་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པའི་ལམ་ཕྱོགས། ཏང་གི་བྱ་གཞག་ནི་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པའི་བྱ་གཞག་བཅས་ཡིན་པ་ངེས་པར་དུ་གསལ་བོར་ཤེས་དགོས།  ཏང་གི་ཆབ་སྲིད་ཀྱི་དགེ་མཚན་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་རྒྱུ་དེ་ཡིན་པ་དང་། ཏང་གིས་སྲིད་བསྐྱངས་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་བྲལ་བ་དེ་ཡིན། ཏང་གིས་ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་བྱེད་པ་ཡིན་པས། རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད་པ་དང་། ཁེ་ཕན་ཚོགས་པ་གང་རུང་ཞིག་དང་། དབང་ཤུགས་ཚོགས་པ་གང་རུང་ཞིག དམིགས་བསལ་དབང་ཆའི་རིམ་གྲས་གང་རུང་ཞིག་བཅས་ཀྱི་ཁེ་ཕན་ནམ་ཡང་མཚོན་གྱི་མེད། དེ་ནི་ཏང་མི་ཕམ་པའི་རྩ་བ་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་།  ང་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་དང་ཡོད་ཚད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས། མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་མི་དམངས་ལ་བརྟེན་ནས་སྲིད་སྐྱོང་བ་རྒྱུན་འཁྱོངས། འཕེལ་རྒྱས་མི་དམངས་ཀྱི་ཆེད་དུ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས། བློ་བརྟན་འགྱུར་མེད་ངང་མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ་བཅས་བྱས་ཚེ།  མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་སྔར་ལས་ཆེ་བ་ལེན་ཐུབ་ངེས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཁ་བྲལ་གཏོང་བ་དང་ཁ་གཏད་དུ་ལངས་སུ་འཇུག་པའི་རེ་ངན་གང་རུང་དུས་ནམ་ཡང་འགྲུབ་མི་ཐུབ་ཅེས་ནན་བཤད་བྱས་པ་ལྟར་རེད།

ད་ལྟ།  ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་ནས་བློ་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་སྐྲུན་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་བཞིན་ཡོད། རྒྱང་སྐྱོད་ཀྱི་རླབས་ཆེན་ལམ་བུ་གསར་བའི་སྟེང་།  ང་ཚོས་ངེས་པར་དུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་མི་དམངས་ཀྱི་ལོ་རྒྱུས་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱེད་པའི་གཅིག་མཐུན་རང་བཞིན་དང་། བླ་ན་མེད་པའི་ཕུགས་བསམ་ཆེད་དུ་འབད་འཐབ་བྱེད་པ་དང་ཆེས་རྒྱ་ཆེའི་མི་དམངས་ཀྱི་ཆེད་དུ་ཁེ་ཕན་དོན་གཉེར་བྱེད་པའི་གཅིག་མཐུན་རང་བཞིན། ཏང་གི་ལས་དོན་སྣ་ཚོགས་ལེགས་སྒྲུབ་དང་མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་བྱེད་པའི་གཅིག་མཐུན་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ཏེ། ནམ་ཡང་མང་ཚོགས་དང་ཁ་མི་འབྲལ་བ་དང་། མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་། དཀའ་ངལ་མཉམ་ཁུར་བཅས་བྱེད་དགོས། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་གསར་གཏོད་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ། མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་དང་། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་པ། མཛེས་སྡུག་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འབད་འཐབ་དམིགས་འབེན་དུ་འཛིན་པ།  བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དྲང་བཞག་ངང་མི་དམངས་ཚང་མས་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་ཙམ་གྱི་སྟོབས་ཤུགས་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།

ད་ལྟ་ཀྲུང་གོའི་མི་དམངས་ཀྱིས་སྔར་ལས་ཡིད་ཆེས་དང་། རང་ཚུགས།  རང་འབད་བཅས་ལ་བརྟེན་ནས་དཔའ་ངར་དང་ལ་རྒྱ། གཏིང་ཤུགས་བཅས་ཇེ་དྲག་ཏུ་བཏང་ཡོད་ལ། ལོ་རྒྱུས་འཕེལ་རིམ་ཁྲོད་བསགས་པའི་སྟོབས་ཤུགས་ཆེན་པོ་གང་ལེགས་སྒོས་མངོན་ནས། སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ལོ་རྒྱུས་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱས་ཏེ། ཡིད་ཆེས་ལྡབ་འགྱུར་གྱིས་དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་ཀྱི་རླབས་ཆེན་ལོ་རྒྱུས་རྩོམ་བཞིན་ཡོད།  རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་གི་རང་བཞིན་ནམ་ཡང་སྲུང་འཛིན་དང་། ནམ་ཡང་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ། ནམ་ཡང་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་གཏད་དང་། མི་དམངས་དང་དཀའ་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ཚེ། ང་ཚོས་དཀའ་ཁག་དང་ཉེན་ཁ་ཡོད་ཚད་ལས་རྣམ་པར་རྒྱལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་ཐུབ་ངེས་ཡིན།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།