ཡུལ་སྐད་ཀྱིས་བཤད་ན་མང་ཚོགས་ཀྱི་གོ་བ་ལོན་ངེས།
2021.12.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 59

ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་བསྐྱོད་པ་ན། རྩྭ་ཐང་གི་ཕང་བ་དང་རྨ་ཆུའི་འགྲམ་ངོགས་གང་ཡིན་ཡང་། ཞིན་ཧེ་རྫོང་གི“མང་ཚོགས་སྒྲོག་འགྲེལ་ཚོགས་པའི”ཚོགས་མི་རྣམས་ཀྱི་གསོན་ཉམས་དོད་པོའི་གཟུགས་བརྙན་ག་ས་གང་དུ་མཐོང་ཐུབ། ཟུར་ཁྲིད་ཐེངས་རེ་རེ་དང་སྒྲོག་འགྲེལ་ཐེངས་རེ་རེ་ཡིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དཔྱིད་ཀྱི་སྦྲང་ཆར་ཇི་བཞིན་ས་གནས་རོང་འབྲོག་མང་ཚོགས་ཀྱི་སེམས་སུ་ཞིང་ལ་ཆུ་འདྲེན་པ་ལྟར་བརླན་པར་བྱས་ཡོད།

ཟླ11པའི་ཚེས26ཉིན་གྱི་ཞོགས་པར། རྩི་གོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་སྡེ་གསར་ཐང་ཆེན་དུ། ཆུ་ཁོལ་ཡུལ་ཚོ་ཏང་ཨུས་རྩ་འཛུགས་བྱས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་འདུག ནམ་ཟླ་གྲང་ངར་ཆེ་ཡང་། ཚང་མས་སྤྲོ་སེམས་འཁོལ་བའི་ངང་དགུན་ལྭ་དྲོན་པོ་གྱོན་ནས་སྐྱིལ་ཀྲུང་ངང“མང་ཚོགས་སྒྲོག་འགྲེལ་ཚོགས་པའི”ཚོགས་གཙོ་གཞོན་པ་གཡང་ཕྱུག་ཚེ་རིང་གི་གམ་དུ་བསྡད་ཡོད།

“ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང1921ལོར་དབུ་བརྙེས་པའི་ཚུན་ལ། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་པ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། ལོ་ངོ་བརྒྱ་ཡི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་མྱོང་།”

སྒྲོག་འགྲེལ་གྱི་ཡུལ་དངོས་སུ། གཡང་ཕྱུག་ཚེ་རིང་གིས་ལག་ལ་ཟིན་བྲིས་དེབ་མཐུག་པོ་ཞིག་བཟུང་སྟེ་སྐད་གདངས་མཐོན་པོ་དང་བརྩེ་བ་ཟབ་མོ་གཞི་གཅིག་ལ་བསྲེས་ནས་ཡུལ་དངོས་ཀྱི་རོང་འབྲོག་མང་ཚོགས་ལ་ནན་ཏན་སྒོས་སྒྲོལ་འགྲེལ་བྱེད་ཀྱིན་འདུག ཟིན་བྲིས་ཀྱི་སྟེང་ལ་དཔྱད་མཆན་མང་པོ་བཀོད་ནས་ཟིན་བྲིས་ལེགས་པོར་བཏབ་ཡོད་ལ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སྒྲོག་འགྲེལ་ལེགས་པོར་བྱེད་ཆེད་ཁོས་དངོས་གནས་བརྩོན་པ་ཆེན་པོ་བཏོན་འདུག

“ང་ཚོས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཁྲོད། སྔོན་ཆད་ཀྱི་བཞུགས་མོལ་ཚོགས་འདུ་དང་སྙན་ཞུ་ཚོགས་འདུ་སོགས་ཀྱི་སྒྲོག་འགྲེལ་རྣམ་པ་སྣ་རྐྱང་ཡིན་ལ། སྒྲོག་འགྲེལ་བྱེད་མཁན་ཁ་ཤས་ཀྱི་གཞུང་ལུགས་ཆུ་ཚད་མཐོ་ཡང་མང་ཚོགས་ཀྱིས་གོ་སླ་མོ་མིན་པས། སྒྲོག་འགྲེལ་བྱ་བར་ཕན་འབྲས་ཆེན་པོ་ཐོན་མེད་པ་ཤེས་རྟོགས་བྱུང”ཞེས་གཡང་ཕྱུག་ཚེ་རིང་གིས་དེ་ལྟར་དྲང་པོར་བཤད། 2015ལོར། “མང་ཚོགས་སྒྲོག་འགྲེལ་ཚོགས་པ”ཞིག་སྐབས་བབ་དང་བསྟུན་ནས་བཙུགས། སྒྲོག་འགྲེལ་ཚོགས་པ་འདི་ནི་ཏང་གི་སློབ་གྲྭའི་དགེ་རྒན་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ། ཏང་ཡོན་རྒན་པ། སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་གྱི་ལས་བྱེད་པ་དང་མང་ཚོགས་ཕལ་བ་བཅས་ཀྱིས་གྲུབ་པ་རེད།

“མང་ཚོགས་སྒྲོག་འགྲེལ་ཚོགས་པ”དེ་ནི་མང་ཚོགས་ཀྱི་སྐད་ཆས་ཏང་གི་སྲིད་ཇུས་བརྗོད་དེ། སྒྲོག་འགྲེལ་གྱི་ནང་དོན་གོ་བདེ་ཞིང་ཤེས་སླ་བའི་ལམ་ནས་མང་ཚོགས་དང་སྔར་ལས་ཉེ་བར་བཏང་ཡོད་པ་མིང་ལ་བལྟས་ནའང་ཤེས་ཐུབ།

ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་ཧྲུའུ་ཅི་དང་པོ་མགོན་པོ་ཚེ་རིང་གི་གདོང་ལ་འཛུམ་གྱིས་ཕྱུག་ལ་མིག་ལས་འོད་མདངས་འཕྲོས་ནས་སྒྲོག་འགྲེལ་ལ་མགོ་ནས་མཇུག་བར་གསུམ་དུ་ཉན། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱིས་ཁོའི་སེམས་ལ་དྲོད་ཁོལ་ཅིག་སྩོལ་བཞིན་འདུག ཁོས་སྒྲོག་འགྲེལ་ལ་ཉན་དུ་ཡོང་བའི་སྡེ་དམངས་རྣམས་ལ“ཏང་ཡོངས་ཀྱིས་ངེས་པར་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་དུ་བསྟར་བ་དང་། རྒྱུན་ཆད་མེད་པར་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་བ་དང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རྒྱུན་ཆད་མེད་པར་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་འཐབ་བྱེད་དགོས། སྐད་ཆ་འདི་ཏག་ཏག་ང་ཚོ་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་དོན་དངོས་ཀྱི་གནས་ཚུལ་མ་ཡིན་ནམ”ཞེས་བཤད།

“སྔོན་ཆད། ང་ཚོ་ཚང་མ་རི་ཁུལ་དུ་བསྡད་ཡོད་ལ། སྡོད་ཁང་ནི་ས་དང་ཤིང་གིས་ལས་པ་ཡིན་ལ། རྫོང་མཁར་དང་ཐག་རིང་བས་སྤྱི་པའི་ཐོན་ཁུངས་བེད་སྤྱོད་བྱེད་དཀའ། ཆུ་ལེན་དུ་འགྲོ་ན་དུས་ཚོད་འགའ་དང་སྨན་ཁང་ལ་འགྲོ་ན་ཉིན་འགའ་དགོས་པས། བྱིས་པས་སློབ་གསོ་མྱོང་བ་དང་ཁྱིམ་ཚང་ཞིག་གི་མ་འོངས་པའི་ཡུན་རིང་གི་འཕེལ་རྒྱས་ནི་གླེང་ཐབས་མེད་པ་ཞིག་རེད”ཅེས་མགོན་པོ་ཚེ་རིང་གིས་འདས་དོན་ལ་ཕྱིར་དྲན་བྱེད་ཞོར་དེ་ལྟར་བཤད།

“2017ལོར། ཞིན་ཧེ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱེད་པ་དེ་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་དུ་བཟུང་བ་དང་། ཐོན་ཁུངས་ཧྲིལ་བསྡུས་དང་མ་དངུལ་འཚོལ་སྡུད་བྱས་པ་བརྒྱུད་ནས།‘ཞིན་ཧེ་རྫོང་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི’ཡུལ་གཞན་དབུལ་སྐྱོར་གནས་སྤོར་གཅིག་བསྡུས་བཀོད་སྒྲིག་བྱེད་ས་གསར་སྐྲུན་བྱས། ཁྱོད་ཚོས་ལྟོས་དང་། ཏང་དང་སྲིད་གཞུང་གིས་ང་ཚོའི་ཆེད་དུ་བསམ་བློ་བཏང་བ་ཅི་འདྲའི་ཞིབ་ཚགས་རེད། ཁང་པ་གསར་བ་ལས་པས་མི་ཚད། ཆུ་གློག་ལམ་དྲ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བཀོད་སྒྲིག་བྱས་འདུག ད་དུང་དམངས་ཡོངས་ལུས་སྦྱོང་ལྟེ་གནས་དང་རྐང་རྩེད་སྤོ་ལོའི་ར་བ། རིག་གནས་ཐང་ཆེན། སྤྱི་སྤྱོད་རླངས་འཁོར་ས་ཚིགས་སོགས་སྤྱི་པའི་ཞབས་ཞུའི་མ་ལག་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། ཚང་མར་འཚོ་བ་གསར་པ་དང་སྐྱིད་པོ་རོལ་ཏུ་བཅུག་ཡོད། ང་ཚོའི་དེ་རིང་གི་ཡོད་ཚད་ཏང་དང་སྲིད་གཞུང་གིས་བསྩལ་པ་ཡིན་པས། རྗེས་ཕྱོགས། ང་ཚོས་ངེས་པར་དུ‘ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲང་དགོས།’ ”ཞེས་མགོན་པོ་ཚེ་རིང་གིས་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད།

ཆུ་ཁོལ་སྡེ་བའི་སྡེ་དམངས་ཡང་ཙུང་ཐའེ་ཡིས་རྣམ་རིག་བསྒྲིམས་ནས་ཉན་པའི་སྐབས་སུ། མགོན་པོ་ཚེ་རིང་གིས“ཁྱོད་ཀྱིས་ཀྱང་ཚང་མར་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་འཚོ་བ་ཇི་ལྟར་ཇེ་རྒྱས་ཇེ་ལེགས་སུ་གྱུར་པའི་གནས་ཚུལ་ཞིག་ཤོད་དང”ཞེས་བཤད་པ་ན།

ཡང་ཙུང་ཐའེ་ཡི་ངོ་གདོང་དམར་པོར་གྱུར་ནས་དོགས་མི་བདེ་བའི་ངང་བཤད་རྒྱུར“གནས་སྤོར་བྱས་རྗེས། ང་རང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་བྱས་པ་ཡིན། ཟླ་རེར་ཟླ་ཕོགས་ལ་སྒོར་སྟོང་གཅིག་བརྒྱད་བརྒྱ་ཡོད། གཞན་སྡེ་བའི་ནང་ནས་ལོ་རེར་སྐྱེ་ཁམས་སྣ་མང་ཁ་གསབ་ཀྱི་རོགས་དངུལ་སྒོར་སྟོང་བདུན་སྟེར་བཞིན་ཡོད། ད་ལྟ། རྫོང་མཁར་དང་ཐག་ཉེ་ལ། ངས་རང་གི་བུ་ལ་ས་རྐོ་འཕྲུལ་འཁོར་སྦྱོང་དུ་བཅུག་པ་དང་། རང་གིས་ཀྱང་ཟ་མ་གཡོས་སྦྱོར་བྱེད་སྟངས་སྦྱངས་པ་ཡིན་པས། ལག་རྩལ་ཞིག་སྦྱངས་ནས་མཚར་སྡུག་གི་མི་ཚེ་ཞིག་རོལ་ཐུབ་པར་རེ་བ་བཅངས་ཡོད། ཏང་དང་སྲིད་གཞུང་གིས་ང་ཚོར་འདི་འདྲའི་སྲིད་ཇུས་ལེགས་པོ་བསྩལ་ཡོད་པས། ང་ཚོས་ཀྱང་རང་ནུས་གང་ཡོད་ཀྱིས་འབད་པ་བྱེད་དགོས་པ་མ་ཡིན་ནམ”ཞེས་བཤད།

“རྗེས་ཕྱོགས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་མུ་མཐུད་དུ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་བྱེད་དགོས། ང་ཚོས‘དུས་ཐུང་གི་ངལ་རྩོལ་ཐོན་ལས་འཛིན་པ་དང་དུས་རིང་གི་ཕྱུག་འགྱུར་ཐོན་ལས་བཟུང་ནས། ཡོང་སྒོ་འཕར་བ་དང་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ’དམིགས་འབེན་དུ་འཛིན་པ་དང་། ཞིན་ཧེ་རྫོང་གི་མཁར་གྲོང་དུ་ཡོང་བའི་ཞོར་ལས་མི་སྣ་དང་ལས་སྒོ་གསར་སྐྲུན་འཇོན་མི་ཞབས་ཞུའི་ལྟེ་གནས་བེད་སྤྱོད་བྱས་ཏེ། ཁོར་སྲུང་པ་དང་གཙང་སྦྲ་བྱེད་མཁན། རླངས་འཁོར་ཞིག་གསོ། ཁ་ལོ་པ། རྡོ་བརྐོས། འཚེམ་བཟོ། བདེ་སྲུང་པ། མགྲོན་ཁང་ཞབས་ཞུ་པ་སོགས་རིགས་མང་པོའི་ལས་ཞུགས་ལས་རྐང་བཀོད་སྒྲིག་བྱས་ཏེ། ངལ་རྩོལ་ནུས་ཤུགས་ཡོད་པའི་གནས་སྤོར་ཁྱིམ་ཚང་གི་ཡོང་སྒོའི་ཐབས་ལམ་རྒྱ་བསྐྱེད་པ་དང་། བཀོད་སྒྲིག་ས་ཁུལ་གྱི་མང་ཚོགས‘གནས་སྤོར་ཐུབ་པ་དང་བརྟན་འཇགས་ཡོང་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ’བྱེད་དགོས”ཞེས་མགོན་པོ་ཚེ་རིང་གིས་མ་འོངས་པར་རེ་བས་ཁེངས་འདུག

ཡིག་སྒྱུར་བ། ཤ་བོ་རིན་མཚོ།