དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་དགོས།
2021.12.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རང་ཞིང་དུ་ཚུར་སྣང་དྲག་པོ་བྱུང་།

ཟླ12པའི་ཚེས3ཉིན་ནས་ཚེས4ཉིན་བར། རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་པེ་ཅིན་དུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། རང་ཞིང་གི་ཏང་སྲིད་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ཤེས་རྟོགས་བྱས་ཤིང་། མྱུར་བ་མྱུར་དུ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར། ཚང་མས་གཅིག་མཐུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཆོས་ལུགས་ལས་དོན་གྲུབ་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་སྤྱི་བསྡོམས་དང་། མིག་སྔའི་ཆོས་ལུགས་ལས་དོན་ལ་འཕྲད་པའི་གནས་བབ་དང་འགན་འཁྲིར་དབྱེ་ཞིབ་གཏིང་ཟབ། དུས་རབས་གསར་པའི་ཆོས་ལུགས་ལས་དོན་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་གསལ་འགྲེལ་གཏིང་ཟབ་བཅས་བྱས་ཡོད་པས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ལྟ་བུ་ཡིན་པར་འདོད། ཚང་མས་གཅིག་མཐུན་དུ་བསྟན་དོན། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞུང་ལུགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། དད་ལྡན་མང་ཚོགས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ལྷན་དུ་སྔར་ལས་ལེགས་པར་རྩ་འཛུགས་དང་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་མཚོ་སྔོན་གྱི་ལེའུ་གསར་བཞེངས་བྱེད་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་རྗེས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཆོས་ལུགས་ལས་དོན་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་འགྲོ་མགོན་དབང་ཕྱུག་ལ་སེམས་འགུལ་ཚད་མེད་ཐེབས་ཏེ། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བར་བྱང་ཆ་ལྡན་ཞིང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཆེ་བ། དད་ལྡན་མང་ཚོགས་ཀྱི་བྱ་བ་སྒྲུབ་མཁས་པའི་ཏང་སྲིད་ལས་བྱེད་དཔུང་ཁག་ཅིག་སྐྱེད་སྲིང་བྱེད་དགོས་པ་ནན་གྱིས་བསྟན་ཡོད། ངས་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས། ཆོས་ལུགས་ཤེས་བྱ་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རྒྱུན་ཆད་མེད་པར་སྣེ་ཁྲིད་ཀྱི་ནུས་པ་མཐོར་འདེགས་བཏང་ནས། ནུས་ཤུགས་ཡོད་རྒུས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བར་བྱང་ཆ་ལྡན་ཞིང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཆེ་བ། དད་ལྡན་མང་ཚོགས་ཀྱི་བྱ་བ་སྒྲུབ་མཁས་པའི་ཆོས་ལུགས་བྱ་བའི་ལས་བྱེད་པ་ཞིག་ཏུ་འགྱུར་བར་བརྩོན་བཞིན་ཡོད”ཅེས་འགྲོ་མགོན་དབང་ཕྱུག་གིས་དེ་ལྟར་བརྗོད།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཆོས་ལུགས་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་ཧན་རུའེ་ཧྭ་ཡིས་བཤད་རྒྱུར། “ཉེ་བའི་ལོ་འགའི་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཁ་ཕྱོགས་ནན་ཏན་གྱིས་དོན་འཁྱོལ་བྱས་ཤིང་། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་པར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ལེགས་བཅོས་བྱས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་པས། རང་ཞིང་གི་ཆོས་ལུགས་མངའ་ཁོངས་འཆམ་མཐུན་བརྟན་བརླིང་ཡོང་བ་དེ་སྔར་ལས་ལྷག་པར་སྲ་བརྟན་དུ་གྱུར། ང་ཚོས་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྱི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་དོན་འཁྱོལ་བྱས་ཏེ། ཆོས་ལུགས་མངའ་ཁོངས་སུ་འཕྲད་པའི་གཙོ་གནད་དང་དཀའ་གནད་དག་སྔར་ལས་ལྷག་པར་ནུས་ལྡན་སྒོས་བཅོས་སྐྱོང་བྱས་ནས། ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔར་ལས་ལྷག་པར་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཧུར་ཐག་གིས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལག་ལེན་ལ་སྐུལ་འདེད་བྱས་ཏེ། རང་ཞིང་གི་ཆོས་ལུགས་ལས་དོན་ལ་རྣམ་པ་གསར་པ་ཞིག་ཧུར་ཐག་གིས་བཏོད”ཟེར།

“ཆོས་ལུགས་ལས་དོན་སྒྲུབ་མཁན་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བརྗོད་བྱའི་སྙིང་པོར་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ཤིང་། སློབ་པ་དང་བསམ་པ། བཀོལ་བ་བཅས་གཞི་གཅིག་ཏུ་མཐུད་པ་དང་། ཤེས་པ་དང་ཡིད་ཆེས། སྤྱོད་པ་བཅས་གཅིག་གྱུར་ཡོང་བར་བྱས་ཏེ། ཆོས་ལུགས་ལས་དོན་གྱི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་དང་ཇེ་ལེགས་སུ་གཏོང་དགོས་ལ། མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་གནས་ཚུལ་ལ་རྐང་བཙུགས་ཏེ། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཆ་ཚང་དང་ཡང་དག ཁྱོན་ཡོངས་བཅས་ཀྱིས་ཤེས་རྟོགས་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཏང་གིས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་བཅས་དུས་རབས་ཀྱི་དྲི་བར་ནན་ཏན་གྱིས་ལན་འདེབས་དགོས”ཞེས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཆོས་ལུགས་ལས་དོན་ཁྲུའུ་དང་པོའི་ཁྲུའུ་ཀྲང་མ་ཞའོ་ཕེང་གིས་དེ་ལྟར་བཤད།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མི་རིགས་ཕྱི་སྡོད་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རིན་ཁྲེན་མིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྱི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཞིང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ལ། རང་རྟོགས་ཀྱིས་བསམ་བློ་དང་འགུལ་སྐྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་དུ་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ་དོན་འཁྱོལ་ལེགས་པོར་འཛིན་བཞིན། མུ་མཐུད་དུ་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དུ་མཐོར་འདེགས་ཡོང་ཆེད་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཡཱང་ཞའོ་ཝུན་གྱིས་བཤད་རྒྱུར། “སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ལས་དོན་སྒྲུབ་པའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། གལ་ཆེན་རང་བཞིན་དང་ཡུན་རིང་རང་བཞིན་གྱི་འགན་འཁྲི་ཞིག་ཡིན་པའི་ཆ་ནས། བསམ་བློ་དང་འགུལ་སྐྱོད་གཉིས་གསུང་བཤད་ཀྱི་དགོངས་དོན་སྟེང་དངོས་གནས་གཅིག་གྱུར་ཡོང་དགོས། རང་གནས་འགན་འཁྲིར་རྐང་ཚུགས་པ་དང་། མི་དམངས་སྲིད་གྲོས་ཀྱི་འབྲེལ་བ་རྒྱ་ཆེ་བའི་དགེ་མཚན་འདོན་སྤེལ་བྱས་ཏེ། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་ལ་དངོས་གནས་སྣེ་ཁྲིད་བྱེད་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་ཧུར་ཐག་གིས་སྣེ་ཁྲིད་དེ། རང་ཞིང་གི་ཆོས་ལུགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།”

“ལོ་ངོ་ལྔའི་རྗེས་སུ། ཀྲུང་དབྱང་གིས་ཡང་བསྐྱར་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་གྲོས་ཚོགས་བསྡུས་པ་དང་། འདི་ཡིས་ང་ཚོའི་ཏང་གིས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་པ་མཚོན་ཡོད།” ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ར་ཁོ་བློ་བཟང་བསྟན་པའི་དབང་ཕྱུག་གིས་བཤད་རྒྱུར། “ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པ་དང་། ཁྱད་པར་དུ་ཆོས་ལུགས་ཚོགས་པའི་འགན་འཁུར་པ་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་བྱེད་དགོས་ལ། བརྗོད་བྱའི་སྙིང་པོ་དང་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་གོ་དོན་དང་ལག་ལེན་གྱི་བླང་བྱར་རྒྱུས་ལོན་གཏིང་ཟབ་བྱས་ནས། ཆོས་ལུགས་ལས་རིགས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་དགོས་ཤིང་། དངོས་གནས་རང་ཉིད་ཀྱི་སློབ་གསོ་དང་རང་ཉིད་ཀྱི་དོ་དམ། རང་ཉིད་ཀྱི་གཅུན་འདོམས་བཅས་ལ་ཤུགས་བརྒྱབ་སྟེ། ‘ཚད་ཐིག་བཞི’དང་མཐུན་པའི་ཆོས་ལུགས་ལས་རིགས་ཀྱི་འཇོན་མི་ཧུར་བརྩོན་གྱིས་སྐྱེད་སྲིང་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་རྒྱུན་འཁྱོངས་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་ཧུར་ཐག་གིས་སྣེ་ཁྲིད་དེ། དད་ལྡན་མང་ཚོགས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་གྱིས་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་དགོས”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།