--རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚ་ཚ་འུར་འུར་གྱིས་གྲོས་སྡུར་བྱས།
ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་། བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ། ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལ་གོ་བ་ལེན་པ་དང་དངོས་འབེབ་བྱས་ཏེ་རང་ངོས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་གཏིང་ཟབ་སྒོས་སྐུལ་འདེད་གཏོང་རྒྱུ་ཡིན་པར་བསྟན།
ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡན་ཅའོ་ཡིས་བསྟན་དོན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་ཟམ་པའི་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་དང་སྲིད་གཞུང་གིས་དུས་རབས་གསར་བའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཁྱོན་ཡོངས་ནས་དངོས་འབེབ་བྱེད་པར་གཞོགས་འདེགས་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དངོས་འབེབ་བྱེད་པ། ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབ་བྱེད་པ། དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། ཀྲུང་གོའི་ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་བཏང་ནས་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་པོ་ཡོང་བའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།
“རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་ནི་ཆོས་ལུགས་ལས་དོན་ཁྱབ་ཁོངས་ཀྱི་དོན་ཆེན་ཞིག་ཡིན་པ་དང་། དེ་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པས། ཏའོ་ཅའོ་ཆོས་ལུགས་ལ་དད་པའི་མི་སྣ་དང་ཆོས་དད་མང་ཚོགས་ལ་སྐུལ་མ་ཆེན་པོ་ཐེབས་བཞིན་ཡོད” ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལིས་ཀོང་ཧྥུའུ་ཡིས་བཤད་རྒྱུར། ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས་རང་འགུལ་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་བ་དང་། གསུང་བཤད་གལ་ཆེན་གྱི་དོན་སྙིང་གལ་ཆེན་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པ་བྱས་ཏེ། དེ་ཉིད་ཏའོ་ཅའོ་ཆོས་ལུགས་ཀྱི་བྱ་བར་མཛུབ་སྟོན་དང་ཏའོ་ཅའོ་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཀྲུང་གོ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཡཱང་ཧྥ་མེན་གྱིས་བཤད་རྒྱུར། དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་བའི་དད་སེམས་བརྟན་པོར་མུ་མཐུད་དུ་ཤུགས་བསྣན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བཀུར་བའི་ཆོད་སེམས་བརྟན་པོ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་ལ་མུ་མཐུད་དུ་ངོས་འཛིན་ཟབ་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལམ་བུའི་ཐོག་བསྐྱོད་པ་དང་། གསུང་རབ་ལ་འགྲེལ་བཤད་ཟབ་མོ་བྱས་ནས་དེང་རབས་ཀྱི་ཀྲུང་ཧྭའི་རིག་གནས་དང་མཉམ་འདྲེས་ཐུབ་པར་བྱེད་པ་དང་། སྲོལ་རྒྱུན་ཆོས་ལུགས་ཀྱི་གྲུབ་འབྲས་དེ་གསར་གཏོད་རང་བཞིན་གྱི་ཕྱོགས་སུ་བསྒྱུར་བ་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཟེར།
ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྥང་ཞིན་ཡའོ་ཡིས་བཤད་རྒྱུར། གནམ་བདག་ཆོས་ལུགས་ལས་རིགས་ཀྱིས་མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་བརྟེན་ནས་རྒྱ་ཆེའི་ཆོས་དཔོན་དང་ཆོས་གྲོགས་རྣམས་ལ་སློབ་གསོ་དང་སྣེ་ཁྲིད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། གཞི་རྩའི་དད་མོས་དང་བསླབ་བྱ་གཙོ་བོ་སྲུང་འཛིན་བྱེད་པའི་དུས་མཚུངས་སུ། ཆོས་ཁྲིམས་བསྟན་དོན་ཁྲོད་སྤྱི་ཚོགས་འཆམ་མཐུན་དང་། དུས་རབས་གོང་འཕེལ། བདེ་ཐང་དཔལ་ཡོན་བཅས་ལ་ཕན་པའི་ནང་དོན་གཏིང་ཟབ་སྒོས་སྔོག་འདོན་བྱས་ནས་ཆོས་ཁྲིམས་ཀྱི་བསྟན་དོན་དེ་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་རེ་བར་འཚམ་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པར་འགྲེལ་བཤད་བྱས་ནས་ཆོས་ལུགས་ཀྱིས་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསྟུན་ཐུབ་པ་བྱེད་རྒྱུ་ཟེར།
ཀྲུང་གོའི་ཡེ་ཤེས་ཆོས་ལུགས་སན་ཙི་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞུའུ་ཞའོ་ཧུང་གིས་བཤད་རྒྱུར། ཡེ་ཤེས་ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དངོས་འབེབ་ཟབ་མོ་བྱས་ཏེ། ཡེ་ཤེས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱས་ནས་ཆོས་ལུགས་བསྟན་དོན་གྱི་བསམ་བློ་དང་། ཆོས་ཁྲིམས་ལམ་ལུགས། གུས་ལུགས་ཀྱི་གོམས་སྲོལ། བྱ་སྤྱོད་ཀྱི་བྱེད་སྒོ་སོགས་ཐད་ལ་མ་ལག་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཤིང་། ཡེ་ཤེས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་རྩ་དོན་དང་བླང་བྱ་ལྟར་ཞིབ་ཐོ་བཀོད་དེ། རང་རྒྱལ་གྱི་ཡེ་ཤེས་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ཏེ། ཡེ་ཤེས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལག་ལེན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་དུ་འཇུག་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།